རང་ལུས་མེར་སྲེག་གནང་མཁན་ཤེས་རབ་ཚེ་རྡོར་ལཊ་འདས་གྲོངས་སུ་ཕྱིན།

དེ་རིང་ཉིན་རྒྱབ་ཆུ་ཚོད་དང་པོ་ཙམ་ལ་བོད་དོན་འཐབ་རྩོད་པ་ཤེས་རབ་ཚེ་རྡོར་རམ་མིག་དམར་ལགས་སྙིང་རྩ་འགག་སྟེ་བཞུགས་སྒར་དྷ་རམ་ས་ལ་ནས་གློ་བུར་འདས་གྲོངས་སུ་ཕྱིན་ཡོད་འདུག

བོད་དོན་འཐབ་རྩོད་པ་ཤེས་རབ་ཚེ་རྡོར་ལགས་སྐུ་གཟུགས་བདེ་མིན་གྱིས་ཀང་ར་རྫོང་ཊན་ཌ་སྨན་ཁང་(Tanda Hospital)དུ་བརྟག་དཔྱད་གནང་བར་ཕྱིན་ཡོད་ཀྱང་སྨན་པས་ན་ཚ་གང་ཡང་མེད་སྐོར་བརྗོད་ཡོད་པ་དང་། དེ་ནས་ཕྱིར་ལོག་སྟེ་སྨན་རྩིས་ཁང་གི་ནད་གསོ་ཁང་དུ་ངལ་གསོ་རྒྱག་པར་ཕྱིན་ཡོད་ཀྱང་། དེ་རིང་ཉིན་རྒྱབ་ཆུ་ཚོད་དང་པོ་ཙམ་ལ་གློ་བུར་དུ་སྙིང་རྩ་འགག་སྟེ་འདས་གྲོངས་སུ་ཕྱིན་ཡོད་པ་རེད། ད་ལྟ་བདེ་ལེགས་སྨན་ཁང་གི་ཕུང་འཇོག་ཁང་དུ་སྐུ་ཕུང་བཞག་སྟེ་བསྔོ་སྨོན་མཆོད་འབུལ་གནང་བཞིན་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༥ པའི་ཐོག་བཞུགས་སྒར་དྷ་རམ་ས་ལ་ནས་སྐུ་ཕུང་ཞུགས་འབུལ་གནང་རྒྱུ་ཡིན་འདུག

བོད་དོན་འཐབ་རྩོད་པ་ཁོང་དགུང་ལོ་ ༣༠ ཡིན་ཞིང་།  དེ་སྔོན་ཁོང་གིས་ལྡི་ལི་བོད་ཀྱི་ས་གནས་གཞོན་ནུ་ལྷན་ཚོགས་ནང་ཞབས་ཞུའི་ཕྱག་ལས་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡༡ ཚེས་ ༤ ཉིན་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། དེ་མ་ཐག་རྒྱ་གར་ཉེན་རྟོག་པས་མེ་བསད་དེ་སྨན་ཁང་དུ་བསྐྱལ་ཡོད་ཀྱང་། ཁོང་གི་རྐང་པ་གཡོན་པར་མེ་སྐྱོན་ཚབས་ཆེན་ཕོག་སྟེ་ཡུན་རིང་དྲག་སྐྱེད་བྱུང་ཐུབ་མེད་པ་རེད། དེ་ནས་ཕྱི་ལོ་ ༢༠༡༢ ལོའི་གསུམ་བཅུའི་དུས་དྲན་ཉིན། ཤེས་རབ་ཚེ་རྡོར་ལགས་ཀྱིས་བཞུགས་སྒར་དྷ་རམ་ས་ལ་ནས་མགོ་བཙུགས་ཏེ།གངས་ལྗོངས་ཀྱི་ཕོ་ཉ་ཞེས་པའི་མིང་ཐོག་ནས་རྒྱ་གར་རྒྱལ་ཡོངས་ཀྱི་ས་གནས་ཁག་ ༡༠༠ ལྷག་ནང་སྐོར་སྐྱོད་ཀྱིས། ༼ མིག་སྒྲིབ་རྒྱལ་དཀྲོ༽ཟེར་བའི་བོད་དོན་ཁྱབ་བསྒྲགས་དང་མཚན་རྟགས་ཁྲི་ ༥ ལྷག་བསྡུ་རུབ་གནང་ཡོད་པ་རེད། གཞན་ཡང་། ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༤ ཉིན། ཁོང་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཇན་ཏར་མན་ཏར་ས་གནས་སུ་ཉིན་གྲངས་ ༢༢ རིང་དུས་ཚད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་བ་སོགས་བོད་དོན་ཆེད་འཐབ་རྩོད་ཀྱི་ལས་འགུལ་རབ་དང་རིམ་པ་མང་པོ་སྒེར་ངོས་ནས་མ་སྐུལ་དྭང་བླངས་ཀྱིས་སྤེལ་གནང་ཡོད་འདུག

ཕྱི་ལོ་ ༢༠༡༢ ལོར་ཁོང་གི་མིག་སྒྲིལ་རྒྱལ་དཀྲོགས་ལས་འགུལ་མཇུག་བསྡུ་སྐབས་གསར་འགོད་པར་ཁོང་གིས། “ཐེངས་འདིའི་ལས་འགུལ་མཇུག་སྡོམ་བརྒྱབ་ཡོད་ཀྱང་ལས་ཀ་ད་དུང་ཚར་མེད་པ་དང་། ལྷག་པར་དུ་བོད་ནང་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་མ་སེལ་པར་དུ་ལས་འགུལ་གང་སྤེལ་ཡང་དེར་འདོད་བློ་ཁེངས་འགྲོ་བ་ཞིག་ཡོང་གི་མ་རེད། ངའི་ལས་འགུལ་མཇུག་སྒྲིལ་བའི་ཕྱི་ཉིན་བོད་ནང་བསྐྱར་དུ་རང་ལུས་མེར་བསྲེགས་གནང་པ་དེས། ང་ཚོས་ལས་འགུལ་གཅིག་གཉིས་རེ་སྤེལ་པ་ཙམ་གྱིས་འགྲིག་གི་མེད་པ་གསལ་བོར་བསྟན་ཡོད” ཅེས་བརྗོད་ཡོད་པ་རེད

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༦/༢༢

Leave a Reply

2 thoughts on “རང་ལུས་མེར་སྲེག་གནང་མཁན་ཤེས་རབ་ཚེ་རྡོར་ལཊ་འདས་གྲོངས་སུ་ཕྱིན།

  1. བློ་བཟང་བསྟན་འཛིན།

    འཐབ་གྲོགས་ཡ། ཁྱེད་གོ་ལ་འདི་ལས་ཕེབས་ཟིན་པ་ནི་བདག་དང་བདག་ལྟ་བུའི་བོད་གཞན་རྣམས་ཀྱི་ཡན་ལག་ཅིག་ཡལ་ཟིན་པ་དང་ཅི་མ་མཚུངས། ཁྱེད་ནི་ཆེ་འདོད་དང་ཡག་ཞན། ཞིམ་ཉེས་གང་ལའང་མ་ལྟོས་པར་མཉམ་ཟ་མཉམ་འཐུང་གིས་མི་རིགས་ཀྱི་འཐབ་རྩོད་ལ་དུས་ཀུན་ཏུ་དགའ་བཞིན་སྤྲོ་བཞིན་འདུན་བསྐྱོད་བྱེད་མཁན་གྱི་ཕོ་རབ་ཞིག་ཡིན་ལ། མཐའ་ན་འཐབ་གྲོགས་མེད་ཀྱང་རང་ཉིད་ཅིག་པོས་ཁེར་ལངས་ཀྱིས་འདུན་བསྐྱོད་ཀྱི་འཕྲང་ལམ་དུ་ཁེར་འགྲོད་བྱེད་ནུས་པའི་བློ་སྟོབས་ཅན་ཞིག་ཀྱང་ཡིན།
    གྲོགས་པོ་ལགས། ཁྱེད་འདི་ནས་ཞལ་གྱེས་ཟིན་ཡང་། ཁྱེད་ཀྱི་ཞབས་རྗེས་མི་རིགས་ཀྱི་ལོ་རྒྱུས་སུ་བཀོད་ཟིན་པས། བདག་དང་བདག་འདྲའི་བོད་རིགས་ན་གཞོན་ཚོས་ཁྱེད་གང་མགྱོགས་སླར་ཡང་མི་རིགས་འདིའི་ཕ་མ་བཟང་པོའི་བུ་ཕྲུག་ཏུ་ཕེབས་ཏེ་ང་དང་ཁྱེད་ཀྱི་ལས་འགན་མུ་མཐུད་སླད། དཀོན་མཆོག་ལ་བསྔོ་བ་སྨོན་ལམ་འདེབས། ཨོཾ་མ་ཎི་པདྨའི་ཧཾྰུ། ཨོཾ་མ་ཎི་པདྨའི་ཧཾྰུ། ཨོཾ་མ་ཎི་པདྨའི་ཧཾྰུ། ཨོཾ་མ་ཎི་པདྨའི་ཧཾྰུ། ཨོཾ་མ་ཎི་པདྨའི་ཧཾྰུ། ཨོཾ་མ་ཎི་པདྨའི་ཧཾྰུ། ཨོཾ་མ་ཎི་པདྨའི་ཧཾྰུ། ཨོཾ་མ་ཎི་པདྨའི་ཧཾྰུ།