དགའ་སྤོབས་ཆེ་བའི་མཚན་མཐུན་བཟའ་ཟླ་གཉིས།

ཨ་རིའི་མཚན་མཐུན་སྐྱེས་པ་བཟའ་ཟླ་གཉིས་ཀྱིས་བཟའ་ཚང་གི་འཚོ་བ་མཉམ་དུ་རོལ་ཏེ་ལོ་ངོ་ ༢༥ འཁོར་བར་དགའ་སྤོབས་ཆེན་པོས་འདྲ་པར་གསར་རྙིང་གཉིས་སྤྱི་ཚོགས་དྲ་ལམ་དུ་བཀོད་པར་མི་ཁྲི་ཕྲག་འགས་བསྟོད་བསྔགས་ཡི་རང་ཞུས་ཡོད་པ་རེད།

འདིའི་ཕྱི་ཚེས་ ༡༡ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་རྒྱལ་ཡོངས་སྤྱི་གླིང་དུ་མཚན་མཐུན་མ་ནིང་མོ་ལོག་གི་(LGBT March)འདྲ་མཉམ་ཁེ་དབང་ལ་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་སྐབས། ནེ་ཁོལ་ལི་སི་ཁར་ཌིལ་ལོ་(Nicholas Cardello)ཟེར་བའི་སྐྱེས་པ་ཞིག་གིས། ཁོང་རང་གི་མཚན་མཐུན་བཟའ་ཟླ་ཁར་ཨིན་གྷི་ལི་ཞི་(Kurt English)ལགས་ཀྱི་འགྲམ་པར་འོ་སྐྱེལ་བཞིན་མཛའ་བརྩེ་ཡི་རྣམ་པས་ཁེངས་བའི་འདྲ་པར་ཞིག་དང་། ལོ་ངོ་ ༢༤ ཡར་སྔོན་དུ་ཁོང་གཉིས་སྤྱི་གླིང་དེའི་འདུ་འཛོམས་ལས་འགུལ་ནང་ཞུགས་ཏེ། བཟའ་ཟླའི་འགྲམ་པར་འོ་སྐྱེལ་བཞིན་པའི་འདྲ་པར་རྙིང་པ་ཞིག་(Reddit)སྤྱི་ཚོགས་གསར་འགྱུར་དྲ་བའི་ཐོག་བཀོད་དེ། སྤྱིར་འཛམ་གླིང་ནང་མཚན་མཐུན་དགའ་རོགས་དང་བཟའ་ཚང་མང་པོ་ཡོད་ཀྱང་། ཁོ་རང་གཉིས་ལྟ་བུའི་མི་ལོ་ཧྲིལ་པོ་ ༢༥ ཙམ་རིང་མཉམ་དུ་བསྡད་པའི་ལོ་རྒྱུས་ད་ལྟའི་བར་གོ་ཐོས་མེད་པར་བརྟེན། ཁོང་རང་གཉིས་ཀྱི་མཛའ་བརྩེ་ཡུན་གནས་ལ་དགའ་སྤོབས་ཆེན་པོ་སྐྱེ་ཡི་ཡོད་པའི་ཡོངས་ཁྱབ་རྟེན་འབྲེལ་བྱས་ཡོད་པ་རེད།

ནེ་ཁོལ་ལི་སི་ལགས་ཀྱིས་ཁོ་རང་གི་གྲོགས་པོ་བརྒྱ་སྐོར་ཞིག་ལ་དམིགས་ཏེ་འདྲ་པར་དེ་གཉིས་དྲ་ཐོག་ཏུ་བཀོད་ཡོད་ཀྱང་། དེ་མ་ཐག་ངོ་དེབ་དང་ཊི་ཊུར་སོགས་འཛམ་གླིང་གི་སྤྱི་ཚོགས་དྲ་ལམ་ཆེ་ཁག་ཏུ་བརྒྱུད་འགོད་ཀྱིས་ཚོར་བ་རྣོ་བའི་ལབ་གླེང་མང་པོ་བྱུང་བ་མ་ཟད། འདྲ་པར་དེ་གཉིས་ལ་བསྟོད་བསྔགས་ཀྱི་མཐེ་བོང་སྟོན་མཁན་ཁྲི་ ༤༠ དང་། བརྒྱུད་འགོད་བྱེད་མཁན་ཁྲི་ ༡༠ ལྷག་བྱུང་། དཔྱད་མཆན་པ་མང་ཆེ་བ་ཞིག་གིས་ཁོང་གཉིས་ཀྱི་མཛའ་བརྩེ་ཡུན་གནས་ལ་བསྔགས་བརྗོད་དང་སྦྲགས། གཞོན་སྐྱེས་མཚན་མཐུན་དགའ་རོགས་ཚོས་མིག་དཔེར་ལྟ་འོས་པ་ཞིག་ཏུ་བརྗོད་ཀྱི་ཡོད་པ་རེད། ཡིན་ནའང་། མང་པོ་ཞིག་གིས་འདྲ་པར་ནང་གི་འཁྲབ་སྟོན་ཙམ་ལས་དོན་དངོས་ཐོག་ཁོང་གཉིས་ཀྱི་འཚོ་བ་དེ་འདྲའི་མཛེས་སྡུག་ལྡན་པ་དང་ཡིད་དབང་འཕྲོག་པ་ཞིག་མིན་སྐོར་སོགས་ཀྱི་སྐྱོན་བརྗོད་ཡང་བྱེད་ཀྱིན་ཡོད་པ་རེད།

ཁོང་གཉིས་ཕྱི་ལོ་ ༡༩༩༢ ལོའི་ཝ་ཤིང་ཊོན་གྱི་མཚན་མཐུན་མ་ནིང་མོ་ལོག་གི་ཁེ་དབང་སྲུང་སྐྱོབ་ཀྱི་ལས་འགུལ་སྐབས་ཐོག་མར་ངོ་ཐུག་ཡོད་པ་དང་། ཁོང་གཉིས་ཀྱི་ཕ་མ་དང་ཁྱིམ་མི། གྲོགས་པོ་གྲོགས་མོ་རྣམས་ཀྱི་རྒྱབ་སྐྱོར་འོག ཕྱི་ལོ་༢༠༠༨ ལོར་བྷོ་སི་ཊོན་དུ་ཁྲིམས་མཐུན་མིན་པའི་གཉེན་སྒྲིག་བྱས། ཕྱི་ལོ་ ༢༠༡༥ ལོར་ཨ་རིའི་མངའ་སྡེ་ཧྥོལ་རི་ཌ་ནང་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་བཟོས་རྗེས། ཁོང་གཉིས་ཕྱིར་རང་ཡུལ་དུ་ལོག་སྟེ་གཉེན་སྒྲིག་ཐེངས་གཉིས་པ་བྱས་པ་མ་ཟད། ཁྱོ་ཤུག་གཉིས་ཀྱི་ངོ་བོའི་ཐོག་ནས་ཁོང་གཉིས་ལ་འཕྲོད་བསྟེན་ལྟ་སྐྱོང་སོགས་ཐོབ་ཐང་ཚང་མ་རག་ཡོད་པ་དང་། ད་ལྟ་ཁྱོ་ག་ནེ་ཁོལ་ལ་སི་ལགས་ལོ་ ༥༤ དང་། བཟའ་ཟླ་ཁར་ཨིན་གྷི་ལི་ཞི་ལགས་ལོ་ ༥༢ ཡིན་འདུག་ལ། མ་འོངས་ལོ་ ༢༥ ལ་ཁོང་གཉིས་མུ་མཐུད་དགའ་དགའ་སྤྲོ་སྤྲོའི་ངང་མཉམ་དུ་འཚོ་བ་སྐྱེལ་རྒྱུ་ཡིན་ལུགས་བརྗོད་ཡོད་པ་རེད།

ཁྱོ་ག་ནེ་ཁོལ་ལ་སི་ལགས་ཀྱིས་གསར་འགོད་པར། མཚན་མཐུན་དགའ་རོགས་གཉིས་ཀྱིས་མཉམ་དུ་མི་ཚེ་སྐྱེལ་རྒྱུ་ཁག་པོ་ཡོད་ཀྱང་། ཁོང་རང་གཉིས་ཀྱི་བརྩེ་དུང་གི་ཐད་ནས་བཤད་ན། ཁྱིམ་མི་ཚོས་སོ་སོའི་བུ་ལས་ཀྱང་བུའི་བཟའ་ཟླ་དེ་ལ་བརྩེ་བ་ཆེན་པོ་གནང་གི་ཡོད་སྟབས། ཁོང་བཟའ་ཟླ་གཉིས་ཀྱི་བརྩེ་དུང་ལ་ལེགས་འགྲུབ་ཆེན་པོ་བྱུང་ཡོད་ཀྱང་། ད་དུང་ཡང་འཐབ་རྩོད་བྱས་ཏེ་འཐོབ་དགོས་པ་མང་པོ་ཡོད་ལ། ལྷག་པར་དུ་ཁོང་གཉིས་དང་འདྲ་བའི་དགའ་རོགས་དང་བཟའ་ཚང་གཞན་རྣམས་ལ་བློ་སྟོབས་སྤར་ཏེ། ཁོང་ཚོས་སོ་སོའི་བརྩེ་དུང་ལ་ཡིད་ཆེས་དང་སྲུང་སྐྱོབ། རྒྱུན་གནས་ཡོང་བར་འབད་བརྩོན་བྱེད་དགོས་སྐོར་བརྗོད་ཡོད་པ་རེད།

དྲ་ལམ་གྱི་ཡིག་ཚགས་ལྟར་ན། ཕྱི་ལོ་ ༢༠༡༡ ལོར་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཐོག་དང་པོར་མཚན་མཐུན་དང་མ་ནིང་། མོ་ལོག་གི་ཁེ་དབང་ལ་སྲུང་སྐྱོབ་དགོས་པའི་གྲོས་ཆོད་བཞག་ཡོད་པ་མ་ཟད། ཁོང་ཚོའི་ཁེ་དབང་སྲུང་སྐྱོབ་ཐོབ་མེད་པའི་རྒྱལ་ཁབ་ཚང་མས་བཅའ་ཁྲིམས་གཏན་འབེབས་བྱས་ཏེ། ཁོང་ཚོའི་གཞི་རྩའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད། ཡིན་ནའང་། ཕྱི་ལོ་ ༢༠༠༦ ལོར་འཛམ་གླིང་གི་རྒྱལ་ཁབ་ཁག་ ༩༢ ཡིས་དེ་རིགས་ཁྲིམས་འགལ་དུ་རྩིས་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ཟླ་ ༨ ནང་ད་དུང་རྒྱལ་ཁབ་ ༧༢ ཀྱིས་མཚན་མཐུན་དགའ་རོགས་ཁྲིམས་འགལ་དུ་རྩི་བཞིན་ཡོད་ལ། རྒྱལ་ཁབ་དེ་ཚོ་མང་ཆེ་བ་ཨེ་ཤ་ཡ་དང་ཨ་ཧྥེ་རུ་ཁ་ནང་ཡོད་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༦/༢༢

Leave a Reply

One thought on “དགའ་སྤོབས་ཆེ་བའི་མཚན་མཐུན་བཟའ་ཟླ་གཉིས།