བྱང་ཀོ་རི་ཡའི་ཐད་ཨ་རི་ལ་རྒྱ་ནག་གི་རྒྱབ་སྐྱོར་དགོས་ཟེར།

ཨ་རྒྱ་གཉིས་ཀྱི་ཕྱི་འབྲེལ་དཔོན་རིགས་དང་བདེ་འཇགས་དཔོན་རིགས་ཁག་ཅིག་རྒྱལ་ས་ཝ་ཞིན་ཊིན་དུ་ཐུག་འཕྲད་ཀྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་དང་མེ་ཤུགས་འཕུར་མདའ་བཀག་སྡོམ་སྐོར་ལ་གྲོས་མོལ་བྱས་ཡོད་འདུག

རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་ནང་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཡཱང་ཅི་ཀྲི་ (Yang Jiechi) དང་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔོན་ཧྥང་ཧྥིན་ཧྭེ་ (Fang Fenghui)། ཨ་རིའི་ཕྱི་འབྲེལ་དྲང་ཆེ་ཊེ་ལིར་སོན་ (Rex Tillerson) དང་བདེ་འཇགས་བློན་ཆེན་མཱ་ཊེ་ (Jim Mattis) སོགས་ཐུག་འཕྲད་ཀྱིས་རྒྱལ་དོན་བདེ་འཇགས་ཐོག་གྲོས་མོལ་བྱས་ཡོད་པ་དང་། སྐབས་དེར་ཕྱོགས་གཉིས་ཐུན་མོང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ཐོག རྒྱ་ནག་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་དང་མེ་ཤུགས་འཕུར་མདའ་བཀག་སྡོམ་ཐད་སྔར་ལས་ལྷག་པའི་གནོན་ཤུགས་སྤྲོད་དགོས་སྐོར་བཤད་ཡོད་པ་དང་། ཐེངས་འདིའི་ཐུག་འཕྲད་དེ་ནི་ཕྱི་ཟླ་ ༤ ནང་ཨ་རིའི་སྲིད་འཛིན་ཊི་རུམ་ཕི་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་ཨ་རིའི་མངའ་སྡེ་ཧྥི་ལོ་རེ་ཌ་ (Florida) ནང་ཐུག་ཕྲད་སྐབས་དུས་བཅད་བཟོས་པ་ཞིག་ཡིན་འདུག

ཨ་རིའི་ཕྱི་སྲིད་ལྷན་ཁང་གིས། ཕྱི་འབྲེལ་དང་རྒྱལ་སྲུང་ལས་དོན་ཐད་ནས་ཨ་རྒྱ་གཉིས་བར་འགལ་འདུའི་དཀའ་རྙོག་འབྱུང་བཞིན་པའི་སྐབས་འདིར། ཐེངས་འདིའི་ཐུག་འཕྲད་ཀྱི་དམིགས་འབེན་གཙོ་བོ་ཕྱོགས་གཉིས་བར་མཉམ་འབྲེལ་དང་མཉམ་ལས་རྒྱ་བསྐྱེད་ཐབས་ཤིག་ཡིན་སྐོར་བཤད་འདུག སྤྱིར་ཨ་རིའི་གཞུང་གིས་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་རྩོད་གླེང་དང་དཔལ་འབྱོར་འཚོལ་སྒྲུབ་ཀྱི་དཀའ་རྙོག་བཅས་ལ་སེམས་ཁྲལ་བྱེད་ཀྱིན་ཡོད་ནའང་། འདི་ལོའི་ཕྱི་ཟླ་ ༤ ནང་ཕྱོགས་གཉིས་ཀྱི་སྲིད་འཛིན་ཐུག་འཕྲད་བྱུང་རྗེས། ཨ་རྒྱ་གཉིས་བར་གྱི་འབྲེལ་ལ་བཟང་ཕྱོགས་ཀྱི་འཕོ་འགྱུར་འབྱུང་བཞིན་ཡོད་འདུག

ཨ་རིའི་ཕྱི་འབྲེལ་དྲུང་ཆེ་ཊེ་ལིར་སོན་གྱིས། བྱང་ཀོ་རི་ཡ་ནི་ཨ་རྒྱ་གཉིས་བར་གྱི་གྲོས་གཞི་གཙོ་བོ་ཡིན་པ་དང་། བྱང་ཀོ་རི་ཡའི་རྡུལ་མཚོན་བཀག་སྡོམ་ཆེད། ད་ལྟ་ཨ་རིར་རྒྱ་ནག་གི་རྒྱབ་སྐྱོར་དགོས་ཀྱི་ཡོད་སྟབས། རྒྱ་ནག་གིས་བྱང་ཀོ་རི་ཡར་སྔར་ལས་ལྷག་པའི་གནོན་ཤུགས་སྤྲོད་དགོས་ཚུལ་བཤད་འདུག བྱང་ཀོ་རི་ཡས་ཨ་རིར་སྙོབ་ཐུབ་པའི་མེ་ཤུགས་འཕུར་མདའ་གསར་བཟོ་ལེགས་འགྲུབ་བྱུང་ཡོད་སྐོར་བཤད་ལ། ཨ་རིའི་བདེ་འཇགས་བློན་ཆེན་མཱ་ཊེ་ཡིས་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདའ་དེ་ཨ་རིའི་བདེ་འཇགས་ལ་ཉེན་ཁ་ཆེ་ཤོས་ཡིན་སྐོར་བཤད་ཡོད།

ད་ལྟ་རྒྱ་ནག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡར་དཔལ་འབྱོར་ཉེས་ཆད་བཀལ་བའི་གྲས་སུ་ཞུགས་ཏེ། བྱང་ཀོ་རི་ཡས་རྡུལ་མཚོན་ལས་གཞི་མཚམས་དགོས་ལུགས་བཤད་ཀྱི་ཡོད་ཀྱང་ཕྱོགས་གཉིས་བར་གྱི་འབྲེལ་ལམ་རང་སོར་གནས་ཡོད་འདུག གཟའ་མིག་དམར་ཉིན། ཨ་རིའི་ཕྱི་འབྲེལ་དྲུང་ཆེ་ཊེ་ལིར་སོན་གྱིས། བྱང་ཀོ་རི་ཡའི་ཚོང་འབྲེལ་རྒྱལ་ཁབ་ཁག་ལ་དཔལ་འབྱོར་ཉེས་ཆད་ཐེངས་གཉིས་པ་འགེལ་རྒྱུ་ཡིན་སྐོར་བརྗོད་པ་མ་ཟད། ཕྱོགས་གཉིས་ཀྱིས་རྒྱ་ནག་ནང་གི་བྱང་ཀོ་རི་ཡའི་ཚོང་ལས་བཀག་སྡོམ་བྱེད་ཕྱོགས་ཐད་ལའང་གྲོས་བསྡུར་བྱས་ཡོད་འདུག

བདུན་ཕྲག་འདིའི་ནང་། རང་མིང་བརྗོད་འདོད་མེད་པའི་ཨ་རིའི་ཆེད་མཁས་པ་ཞིག་གིས། ཨ་རིས་བྱང་ཀོ་རི་ཡར་བཀལ་བའི་དཔལ་འབྱོར་ཉེས་ཆད་དེ་རྙོག་འཛིང་ཅན་ཞིག་ཆགས་ཡོད་མོད། འོན་ཀྱང་ཨ་རིས་བྱང་ཀོ་རི་ཡ་དང་འབྲེལ་བའི་རྒྱ་ནག་གི་ཚོང་གཉེར་ཁང་གཙོ་བོ་ཁག་དམིགས་འབེན་དུ་བཟུང་བ་ཡིན་ན་བྱང་ཀོ་རི་ཡ་ཕམ་ཉེས་གཏོང་ཐུབ་ཚུལ་བཤད་འདུག

ཟླ་འདིའི་ནང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གིས་བྱང་ཀོ་རི་ཡའི་དཔལ་འབྱོར་ཉེས་ཆད་དམིགས་འབེན་དུ་བཟུང་བ་དེར་ཨ་རྒྱ་གཉིས་ཀྱིས་མོས་མཐུན་བྱས་ཡོད། དེ་ནི་ཊི་རུམ་ཕིས་ཨ་རིའི་སྲིད་དབང་བཟུང་བའི་རྗེས་སུ་ཨ་རིས་བྱང་ཀོ་རི་ཡའི་དཀའ་རྙོག་སེལ་ཐབས་སུ་རྒྱལ་ཚོགས་ཀྱི་བཀའ་རྒྱར་ངོས་ལེན་བྱས་པ་ཐེངས་དང་པོ་དེ་ཆགས་ཡོད།

ད་ཆར་ཨ་རིའི་གཞུང་གིས་བྱང་ཀོ་རི་ཡར་ཁ་གཏད་གཅོག་ཐབས་སུ། བྱང་ཀོ་རི་ཡའི་མཁའ་ལམ་དང་། བྱང་ཀོ་རི་ཡའི་ལས་བཟོ་བ། བྱང་ཀོ་རི་ཡའི་ཚོང་ཟོག་དང་རྡོ་སྣུམ་སྐྱེལ་འདྲེན་གྲུ་གཟིངས་སོགས་བཀག་སྡོམ་བྱས་ཡོད་པ་རེད།

རོའུ་ཊར་གསར་ཁང་གིས་སྤེལ་བའི་གནས་ཚུལ་གཞན་ཞིག་གི་ནང་། ཁ་སང་ཨ་རིའི་སྲིད་འཛིན་ཊི་རུམ་ཕིས་ཨོ་ཝ་མངའ་སྡེའི་མཐོ་རིམ་གཉེར་ཁང་ཞིག་ཏུ་གཏམ་བཤད་སྤེལ་སྐབས། ཨ་རྒྱ་གཉིས་བར་གྱི་འབྲེལ་ལམ་ལ་བཟང་ཕྱོགས་ཀྱི་འཕོ་འགྱུར་བྱུང་ཡོད་ལུགས་བཤད་འདུག ཊི་རུམ་ཕིས་བཤད་རྒྱུར། “ཨ་རྒྱ་གཉིས་བར་འབྲེལ་ལམ་ཧ་ཅང་ཡག་པོ་ཡོད། ང་སྲིད་འཛིན་ཞི་ཅིན་ཕིན་ལ་དགའ་བོ་ཡོད” ཅེས་བཤད་ཀྱང་། གཏན་བཤད་དེའི་སྔོན་དུ་ཁོས་རྒྱ་ནག་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་བྱེད་པར་འབད་བརྩོན་བྱས་པར་ཕམ་ཁ་བྱུང་ཡོད་ལུགས་ཀྱང་བཤད་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༦/༢༢

Leave a Reply