དེ་རིང་གི་རྒྱ་གར་གློག་བརྙན་ཁྲོམ་རྭའི་ནང་གི་བྷ་ཧུ་བྷ་ལེ།

༢༠༡༧ ལོའི་རྒྱ་གར་གློག་བརྙན་ཁྲོམ་རྭའི་ནང་གི་འཕར་ཚད་ཆེས་མཐོ་བའི་རྟོག་སྒྲུང་གློག་བརྙན་གྲགས་ཆེན་བྷ་ཧུ་བྷ་ལེ་(Baahubali)ཞེས་པའི་གནས་ཚུལ་ཕྱོགས་བསྡུས།

བྷ་ཧུ་བྷ་ལེ་གློག་བརྙན་དེ་ཉེ་ལམ་ཕྱི་ཟླ་ ༤ པའི་ཚེས་ ༢༨ ཉིན་ནས་རྒྱ་གར་གྱི་གློག་བརྙན་ཁང་ཁག་ཏུ་དངོས་སུ་སྟོན་མགོ་བརྩམས་ཏེ། ཉིན་དང་པོ་ནས་རྒྱ་གར་གྱི་གློག་བརྙན་འཕར་ཚད་ཆེས་མཐོ་ཤོས་ཆགས་ཏེ་ཉིན་བཅུའི་ནང་ཡོང་འབབ་ཧུན་སྒོར་ཐེར་འབུམ་ ༡༠ (1,000 crore)ཨ་སྒོར་དུང་ཕྱུར་ ༡།༦ (US$160 million)ལྷག་ལ་བསླེབས་ཏེ། ༢༠༡༤ ལོའི་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་སྐར་ཆེན་ཨཱ་མེར་ཁཱང་(Aamir Khan)གི་གློག་བརྙན་གྲགས་ཆེན་ཕེ་ཀེ་(pk)དང་། ༢༠༡༦ ལོའི་ཁོང་གི་གློག་བརྙན་གྲགས་ཆེན་དྷེན་གྷལ་(dangal)གཉིས་ཀྱི་འཕར་ཚད་ལས་ཀྱང་ཆེས་ཆེར་བརྒལ་ཡོད།

གློག་བརྙན་དེ་རྒྱ་གར་གྱི་གློག་བརྙན་ཁང་(༩༠༠༠)ལྷག་གི་ནང་བསྟན་ཡོད་པ་མ་ཟད། སྟོན་ཡུན་ཟླ་བ་གཉིས་མ་ཟིན་ཙམ་རིང་མུ་མཐུད་དེ་བསྟན་པ་དེས་རྒྱ་གར་གློག་བརྙན་ཁང་ཁག་གི་གློག་བརྙན་སྟོན་ཡུན་ཆེས་རིང་ཤོས་ཀྱི་ཟིན་ཐོ་བསྐྲུན་ཡོད་འདུག

བྷ་ཧུ་བྷ་ལེ་གློག་བརྙན་དེའི་འཁྲབ་གཞུང་རྩོམ་པ་པོ་ནི་རྒྱ་གར་གྱི་གློག་བརྙན་འཁྲབ་གཞུང་རྩོམ་པ་པོ་དང་བརྙན་ཡོལ་སྒྲིག་སྦྱོར་བ་གྲགས་ཆེན་(K V Vijayendra Prasad) ཡིན་པ་དང་། ཁོང་གི་བུ་སྐུ་ཞབས་རཱ་ཇ་མོ་ལེ་(SS Rajamouli)ལགས་ནི་བྷ་ཧུ་བྷ་ལེ་གློག་བརྙན་གྱི་འཁྲབ་ཁྲིད་དང་བརྙན་རིས་སྒྲིག་སྦྱོར་བ་ཡིན་འདུག ཁོང་ཕ་བུ་གཉིས་ཀྱིས་འཁྲབ་གཞུང་རྩོམ་སྒྲིག་དང་འཁྲབ་ཁྲིད་བྱས་པའི་གློག་བརྙན་མང་ཆེ་བ་རྒྱ་གར་ལྷོ་ཕྱོགས་ཀྱི་གློག་བརྙན་འཁྲབ་སྟོན་མཐུན་ཚོགས་ཊོ་ལེ་ཝོ་དིའི(tollywood)ཡི་གློག་བརྙན་རྐྱང་ཡིན་འདུག བྷ་ཧུ་བྷ་ལེ་གློག་བརྙན་གྱི་འཁྲབ་སྟོན་པ་མང་ཆེ་བ་ཊོ་ལེ་ཝོ་དིའི་(tollywood)གློག་བརྙན་འཁྲབ་སྟོན་མཐུན་ཚོགས་ཀྱི་འཁྲབ་སྟོན་པ་དག་ཡིན།

བྷ་ཧུ་བྷ་ལེ་གློག་བརྙན་དེ་ཐོག་མར་རྒྱ་གར་ལྷོ་ཕྱོགས་ཀྱི་( Telugu)ཊེ་ལོ་གྷོའི་སྐད་དང་( Tamil)ཊ་མུལ་སྐད་གཉིས་ཀྱི་ནང་བཟོས་ཡོད་པ་དང་། ད་ལྟ་ཧུན་རྡུ་( Hindi)དང་། ཀེ་རཱ་ལཱའི་མཱ་ལཱེ་ཡཱ་ལཱམ་(Malayalam)སོགས་ཀྱི་ནང་སྐད་སྒྱུར་བྱས་ཡོད་པ་མ་ཟད། འཇན་མན་སྐད་དང་(German)   ཧྥ་རན་སི(French) ཉི་ཧོང་(Japanese) དབྱིན་སྐད་(English)། སོགས་རྒྱལ་ཁབ་གཞན་གྱི་སྐད་རིགས་ ༨ ནང་བསྒྱུར་ཡོད་འདུག

བྷ་ཧུ་བྷ་ལེ་གློག་བརྙན་གྱི་གསང་གནད་འགའ།

གློག་བརྙན་དེ་ཕྱི་ལ་ཐོན་རྗེས་བྷ་ཧུ་བྷ་ལེའི་གཙོ་འཁྲབ་པ་ཕུར་བྷ་སི་(Prabhas )དང་། ར་ན་དྷ་གྷུ་བྷ་ཊེ(Rana Daggubati)གཉིས་རྒྱ་གར་གློག་བརྙན་འཁྲབ་སྟོན་པའི་ཁྲོད་ན་སྙན་གྲགས་ཆེས་ཆེར་རྒྱས་བཞིན་ཡོད་ཀྱང་། ལྟད་མོ་བ་ཚོས་ཆེས་དགའ་མོས་བྱེད་ཡུལ་འཁྲབ་སྟོན་པ་ནི་གློག་བརྙན་དེའི་ནང་གི་རྒྱལ་མོ་སི་ཝ་གྷ་མེ་(Sivagami)འཁྲབ་མཁན་རཱམ་ཡཱ་ཀེར་ཤི་ནཱ་( Ramya Krishnan)ཡིན་འདུག ཐོག་མ་གློག་བརྙན་འདི་འཁྲབ་ཁྲིད་པས་རྒྱལ་མོ་འཁྲབ་སྟོན་པ་རྒྱ་གར་བྷོ་ལེ་ཝོ་ཊེའི་(hollywood)གློག་བརྙན་འཁྲབ་སྟོན་མཐུན་ཚོགས་ཀྱི་འཁྲབ་སྟོན་མ་སི་རེ་དྷཱ་ཝེ་(Sridevi)ལ་རེ་སྐུལ་ཞུས་ཡོད་ཀྱང་ཁོང་མོས་དང་ལེན་མི་འདུག

བྷ་ཧུ་བྷ་ལེ་གློག་བརྙན་བཟོ་བར་ལོ་ངོ་ཧྲིལ་བོ་ ༣ འགོར་ཡོད་པ་དང་། ལོ་ངོ་གསུམ་དེའི་རིང་གཙོ་འཁྲབ་པ་ཕུར་བྷ་སི་(Prabhas )ཡིས་གློག་བརྙན་གཞན་གང་ཡང་མ་འཁྲབ་པར། གཟུགས་པོར་བཟོ་ལྟ་དོད་པ་དང་སྦྱོང་བརྡར་བྱེད་པ་སོགས་ལ་དུས་ཚོད་བཏང་སྟེ་ཧུར་བརྩོན་ཆེན་པོ་བྱས་ཡོད་འདུག

གློག་བརྙན་འདི་ཕབ་སྐྲུན་མཐད་ཧིན་སྒོར་དུང་ཕྱུར་ ༢།༥ (250 crore)ཡི་འགྲོ་སོང་བཏང་ཡོད་པ་དང་། དེ་ནི་རྒྱ་གར་གློག་བརྙན་ཁྲོམ་རྭའི་ནང་གི་མ་དངུལ་འགྲོ་སོང་ཆེ་ཤོས་ཀྱི་གློག་བརྙན་དེ་ཆགས་ཡོད་འདུག

བྷ་ཧུ་བྷ་ལེ་གློག་བརྙན་ཕབ་སྐྲུན་བྱས་ཚར་བའི་རྗེས་ལ་བརྙན་རིས་སྒྲིག་སྦྱོར་གཅིག་པུར་ལོ་གཅིག་ལྷག་ཕྱིན་ཡོད་པ་དང་། གློག་བརྙན་འདིའི་བརྙན་རིས་སྒྲིག་སྦྱོར་ལག་རྩལ་ཧ་ཅང་མཐོ་བོ་ཡིན་པ་དང་། ད་སྔ་རྒྱ་གར་གྱི་གློག་བརྙན་གཞན་གང་གིས་ཀྱང་འདི་ལྟ་བུ་ཞིག་བཟོ་ཐུབ་མེད། རྔམ་བརྗིད་ཆེ་བའི་རི་བྲག་དང་གཡང་གཟར། མཁའ་ནས་འབབ་པའི་རྦབ་ཆུ་སོགས་དེ་སྔའི་རྒྱ་གར་གློག་བརྙན་བཟོ་སྐྲུན་པ་ཚོའི་ལག་རྩལ་ལས་ལྡབ་གཉིས་ཀྱི་མཐོ་བ་ཆགས་ཡོདའདུག

བྷ་ཧུ་བྷ་ལེ་གློག་བརྙན་ཁྲོད་ཀྱི་གནས་ཚུལ་གསར་ཤོས་ཤིག་ནི། ནུབ་ཟིན་པའི་ཀེ་ལག་ཀེ་ཡཱ་(Kalakeya Tribe)ཞེས་པའི་རྒྱ་གར་གྱི་གདོད་མའི་ཚོ་ཁག་ཅིག་གི་(Kiliki)ཞེས་པའི་སྐད་དེ་གསར་རྙེད་བྱུང་སྟེ། ཐེངས་འདིའི་གློག་བརྙན་ནང་མཱ་ཧེ་ཤི་མཱ་ཊེའི་རྒྱལ་ས་ལ་དམག་རྒྱག་མཁན་གྱི་ཚོ་ཁག་ཅིག་གིས་སྐད་དེ་བཤད་ཡོད་འདུག

བྷ་ཧུ་བྷ་ལེ་གློག་བརྙན་སྦྱན་ཤོག་རིང་ཚད་(50,000 sq feet)ལྷག་ཡོད་སྟབས། འཛམ་གླིང་གློག་བརྙན་ལོ་རྒྱུས་ཁྲོད་ཀྱི་སྦྱན་ཤོག་རིང་ཤོས་དེ་ཆགས་ཏེ་འཛམ་གླིང་ལྗེའུ་ནེ་སི་(Guinness Book)ལོ་རྒྱུས་ཟིན་ཐོར་བཀོད་ཡོད་འདུག བྷ་ཧུ་བྷ་ལེ་གློག་བརྙན་གྱི་སྔོན་འགྲོའི་བརྙན་ཐུང་གསལ་བསྒྲགས་སྤེལ་ཏེ། ཆུ་ཚོད་ ༢༤ ནང་ལྟ་བཤེར་བྱེད་མཁན་ས་ཡ་ ༤.༥༠ ལྷག་བྱུང་སྟེ་གློག་བརྙན་ཞིག་ལ་དུས་ཡུན་ཐུང་ངུའི་ནང་ལྟ་བཤེར་བྱེད་མཁན་མང་ཤོས་དེ་ཆགས་ཡོད།

བྷ་ཧུ་བྷ་ལེ་གློག་བརྙན་འགྲེམ་སྤེལ་བྱས་རྗེས་འཛམ་གླིང་ཡོངས་ནས་དྲ་ཇག་སྟོང་ཕྲག་ ༤ ལྷག་གིས་བརྙན་རིས་རྐུ་འཁྱེར་བྱེད་པར་འཐབ་རྒོལ་བྱས་ཡོད་པ་དང་། གློག་བརྙན་འདི་འགྲེམ་སྤེལ་བྱས་རྗེས་རྒྱ་གར་གྱི་རྗེན་ཆོས་ལུགས་ཀྱི་ཆོས་དཔོན་ཞིག་གིས་གློག་བརྙན་གྱི་ཁ་བྱང་གིས་ཁོང་ཚོའི་ཆོས་ལུགས་ནང་གི་ལྷ་ཞིག་ལ་ཟུར་ཟ་བྱས་ཡོད་སྐོར་བརྗོད་དེ་ཁྲིམས་ཐོག་ནས་ཁ་མཆུ་རྩོད་དགོས་བྱུང་ཡོད།

བྷ་ཧུ་བྷ་ལེ་གློག་བརྙན་དང་པོའི་ནང་། དམག་དཔོན་ཀཱ་ཊཱ་པཱ་ཡིས་རྒྱལ་མོའི་བཀའ་ལྟར་བྷུ་ཧུ་བྷ་ལེ་བསད་ཡོད་པ་བསྟན་ཏེ། ཅིའི་ཕྱིར་བསད་པ་གསལ་བཤད་མ་བྱས་པར་དྲི་བ་དང་དོགས་པའི་ངོ་བོར་བཞག་ཡོད་སྟབས། ད་ལྟ་བྷ་ཧུ་བྷ་ལེ་གློག་བརྙན་གཉིས་པ་སྐད་གྲགས་ཆགས་དགོས་དོན་གཙོ་བོ་ཞིག དྲི་བ་དེའི་ལན་འཚོལ་འདོད་པ་དང་། ཡང་ན། གཏམ་རྒྱུད་དེའི་མཇུག་འབྲས་ལ་བལྟ་འདོད་པས་ཡིན།

བྷ་ཧུ་བྷ་ལེ་གློག་བརྙན་གྱི་ནང་དོན་གནད་བསྡུས།

གློག་བརྙན་འདིའི་མིང་ལ་བྷ་ཧུ་བྷ་ལེ་ཞེས་པའི་དོན་ནི་(དཔུང་ཞེང་ཆེ་བའམ། དཔུང་སྟོབས་ཆེ་བ)ཞེས་པ་ཡིན་འདུག

གློག་བརྙན་འདི་ནི་རྒྱ་གར་གྱི་གནའ་བོའི་གཏམ་རྒྱུད་འགའ་བརྗོད་གཞིར་བཟུང་བའི་རྟོག་སྒྲུང་གློག་བརྙན་ཞིག་ཡིན་ལ་ནང་དོན་གཙོ་བོ་ནི། གནའ་སྔ་མོ་རྒྱ་གར་ལྷོ་ཕྱོགས་སུ་མཱ་ཧེ་ཤི་མཱ་ཊེ་(Mahishmati)ཞེས་པའི་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་ལྡན་པ་ཞིག་ཡོད་པ་དེར་རྒྱལ་བོ་ཝེག་ར་མ་དྷེ་ཝ་(Vikrama Deva)ཟེར་བ་ཞིག་ཡོད། རྒྱལ་བོ་དེ་རྐྱེན་དབང་གིས་སྐུ་གྲོངས་ཁར་ཁོ་རང་གི་གཅུང་པོ་བྷེ་ཇ་ལ་དྷེ་ཝ་(Bijjaladeva)ཟེར་བའི་ཡན་ལག་སྐྱོན་ཅན་ཞིག་ཡོད་པ་དེར་རྒྱལ་སྲིད་མ་སྤྲད་པར།(སྐབས་དེར་ཡན་ལག་དང་དབང་བོ་སྐྱོན་ཅན་རིགས་ཀྱིས་རྒྱལ་སྲིད་འཛིན་མི་ཆོག) གཅུང་པོའི་བཙུན་མོ་སཱི་ཝ་གྷ་མེ་(Sivagami)ཟེར་བའི་དཔའ་མཛངས་མཁྱེན་ཡོན་ལྡན་པའི་མཛངས་མ་ཞིག་ཡོད་པ་དེ་རྒྱལ་མོར་བཞུགས་དགོས་པ་དང་། བློན་ཆེན་བཀའ་གདམས་པ་(Kattappa)ཡི་རྒྱབ་རོགས་འོག་འབངས་མི་སེར་བྱམས་ཀྱིས་སྐྱོང་དགོས་པའི་ཞལ་གདམས་གནང་ཡོད་འདུག

དམག་དཔོན་བཀའ་གདམས་པ་ནི་མཱ་ཧེ་ཤི་མཱ་ཊེ་རྒྱལ་ཁབ་ཀྱི་མི་རབས་གཉིས་ཀྱི་བཀའ་ཡི་བློན་པོ་ཡིན་པ་མ་ཟད། རྒྱལ་པོར་བློ་དཀར་ཞིང་གཞུང་དྲང་བ། དྲག་རྩལ་འགྲན་ཟླ་བྲལ་ཞིང་དམག་འཐབ་ལ་མཁས་པ་ཞིག་ཡིན་འདུག ཁོའི་མིང་ལ་ཀཱ་ཊ་པཱ་(Kattappa)ཞེས་འབོད་པའི་དོན་ནི་བཀའ་མི་ཟློག་པའམ་རྒྱལ་བོའི་བཀའ་ཐམས་ཅད་གདམས་ངག་ཏུ་བསྒོམས་ཏེ་ཚེ་སྲོག་གིས་སྒྲུབ་མཁན་ཞེས་པའི་དོན་ཡིན་འདུག ཁོང་རྗེས་སུ་བྷ་ཧུ་བྷ་ལེ་ཡི་དམག་འཐབ་དང་དྲག་རྩལ་དགེ་རྒན་ཡིན་པ་མ་ཟད། རྒྱལ་པོ་གདུག་རྩུབ་ཅན་མགོ་རྟིང་བསློགས་ཏེ་མཱ་ཧེ་ཤི་མ་ཊེ་རྒྱལ་ཁབ་སླར་གསོ་བྱེད་མཁན་གྱི་སྲོག་ཤིང་ཡང་ཡིན་འདུག

རྒྱལ་བོ་ཝེག་ར་མ་དྷེ་ཝ་སྐུ་གྲོངས་མ་ཐག་ཁོང་གི་བཙུན་མོར་ཕྲུ་གུ་བུ་ཞིག་སྐྱེས་རྗེས་བཙུན་མོའང་སྐུ་མྱ་ངན་ལས་འདས་ཡོད་འདུག སྐབས་དེར་གཅུང་པོའི་བཙུན་མོ་རྒྱལ་མོ་སཱི་ཝ་གྷ་མེ་ལའང་ཕྲུ་གུ་བུ་ཞིག་སྐྱེས་ཡོད་སྟབས། ཁོང་མོས་ཕྲུ་གུ་དེ་གཉིས་ཀར་སྙོར་སྐྱོང་བྱས་ཤིང་ཁོ་མོའི་ནུ་མ་བླུད་དེ་གཅེས་སྐྱོང་འདྲ་མཚུངས་བྱས། རྒྱལ་མོའི་བུའི་མིང་ལ་བྷ་ལ་ལ་དྷེ་ཝ་(Bhallaladeva)དང་། རྒྱལ་མོའི་ཁྱོ་གའི་གཅེན་པོའི་བུའི་མིང་ལ་བྷ་ཧུ་བྷ་ལེ་(Baahubali )ཞེས་འབོད་ཅིང་། བུ་དེ་གཉིས་འཚར་ལོངས་བྱུང་སྟེ་རྒྱལ་སྲིད་འཛིན་པའི་དུས་ལ་བསླེབས་སྐབས། རྒྱལ་ཁབ་དེར་ཀ་ལ་ཀེ་ཡ་(Kalakeya)ཞེས་པའི་ཚོ་ཁག་ཅིག་གིས་དམག་འཁྲུག་རྒྱག་གི་ཡོད་སྟབས། རྒྱལ་མོ་སཱི་ཝ་གྷ་མེ་ཡིས་རྒྱལ་སྲས་གཉིས་ལ། ཁྱེད་གཉིས་ཀྱི་སུ་ཞིག་གིས་ཚོ་ཁག་དེ་ཕམ་པར་བརྒྱབ་སྟེ། མགོ་དཔོན་གྱི་མགོ་བོ་བཅད་དེ་འཁྱེར་ཡོང་ཐུབ་ན་དེ་ལ་རྒྱལ་སྲིད་སྤྲོད་རྒྱུ་ཡིན་ཞེས་ཐག་གཅོད་བྱས།

རྒྱལ་སྲས་གཉིས་ཀྱིས་རང་རང་ས་ནས་སྟོབས་ཤུགས་ངོམ་སྟེ་དམག་འཁྲུག་བརྒྱབ་མཐར། བྷ་ཧུ་བྷ་ལེ་ཡིས་དགྲ་བོ་ཕམ་པར་བརྒྱབ་སྟེ་མགོ་དཔོན་གསོན་བཟུང་བྱེད་ལ་ཉེ་སྐབས། བྷ་ལ་ལ་དྷེ་ཝ་ཡིས་གཡོ་ཐབས་བཀོལ་ཏེ་དགྲ་བོའི་མགོ་དཔོན་བསད་ཡོད། རྒྱལ་མོས་བྷ་ལ་ལ་དྷེ་ཝ་ལ་བརྩེ་སེམས་དང་དགེ་སེམས་མེད་པར་མཐོང་སྟེ་རྒྱལ་སྲིད་བྷ་ཧུ་བྷ་ལེ་ལ་ལ་སྤྲོད་རྒྱུ་ཐག་གིས་བཅད། བྷ་ཧུ་བྷ་ལེ་ལ་རྒྱལ་སྲིད་སྤྲད་པ་དེར་བྷ་ལ་ལ་དྷེ་ཝ་ཕྲག་དོག་ཆེན་པོ་སྐྱེས་པ་མ་ཟད། ཁོ་རང་གི་ཨ་ཕ་གཡོ་སྒྱུ་ཁྲམ་གསུམ་འཛོམས་པའི་བྷེ་ཇ་ལ་དྷེ་ཝའང་ཁོང་ཁྲོ་མེ་ལྟར་འབར། བྷེ་ཇ་ལ་དྷེ་ཝ་ཡིས་དུས་དང་རྣམ་པ་ཀུན་ཏུ་རྒྱལ་མོ་སཱི་ཝ་གྷ་མེ་དང་རྒྱལ་སྲས་བྷ་ཧུ་བྷ་ལེ་གཉིས་བར་དབྱེན་སྦྱོར་བྱེད་ཀྱིན་ཡོད།

རྒྱལ་མོས་བུ་བྷ་ཧུ་བྷ་ལེ་མི་དམངས་དཀྱུས་མའི་འཚོ་བར་རྒྱུས་ལོན་དང་ཉམས་མྱོང་གསོག་པའི་ཆེད་དུ་དམག་སྤྱི་བཀའ་གདམས་པ་དང་མཉམ་དུ་འབངས་མིའི་ཆས་སུ་ཞུགས་ཏེ་མང་ཚོགས་ཁྲོད་དུ་མངགས། བྷ་ཧུ་བྷ་ལེ་དང་ཀཱ་ཊ་པཱ་གཉིས་གྲོང་གསེབ་མང་པོ་ཉུལ་ཏེ་མཐར་ཀུན་ཏ་ལཱ་(Kuntala kingdom)ཞེས་པའི་རྒྱལ་ཕྲན་དུ་འབྱོར་སྐབས། རྒྱལ་ཕྲན་དེར་མིང་ལ་དྷེ་ཝ་སི་ནཱ་(Devasena)ཞེས་པའི་སྲས་མོ་མཛེས་སྡུག་ཡིད་དུ་འོང་ཞིང་དཔའ་རྩལ་ལྡན་པ་ཞིག་ཡོད་པ་དེར་བྷ་ཧུ་བྷ་ལེ་བརྩེ་དུང་ཆགས།

རྒྱལ་པོ་བྷ་ལ་ལ་དྷེ་ཝ་ཡིས་བྷ་ཧུ་བྷ་ལེ་དང་བུ་མོ་དྷེ་ཝ་སི་ནཱ་གཉིས་བར་བརྩེ་དུང་ཆགས་ཡོད་པ་ཧ་གོ་སྟེ། གོ་སྐབས་དེ་བཟུང་སྟེ་རྒྱལ་མོ་སཱི་ཝ་གྷ་མེ་དང་བྷ་ཧུ་བྷ་ལེ་གཉིས་བར་དབྱེན་དཀྲུག་བྱས་ན་མཐར་རྒྱལ་སྲིད་རང་ལ་འཐོབ་པའི་གོ་སྐབས་ཡོད་པ་མཐོང་སྟེ། རྒྱལ་མོར་བུ་མོ་དྷེ་ཝ་སི་ནཱ་ཟེར་བ་དེ་ངེས་པར་དུ་ཁོ་རང་ལ་བཙུན་མོར་བསུ་དགོས་པའི་རེ་སྐུལ་ཞུས། རྒྱལ་མོས་བྷ་ལ་ལ་དྷེ་ཝ་ལ་སྔོན་ཆད་རྒྱལ་སྲིད་སྤྲད་མེད་སྟབས། ཐེངས་འདིའི་རེ་བ་བསྐོང་དགོས་པར་དགོངས་ཏེ་བུ་མོ་དེ་བཙུན་མོར་ལེན་རྒྱུ་ཡིན་པའི་ཁས་ལེན་བྱས། རྫོང་པ་གྱ་ནོམ་པ་དང་བཅས་སྲས་མོ་སློང་དུ་བཏང་ཡང་། སྲས་མོ་དྷེ་ཝ་སི་ནཱ་ཡིས་ངོས་ལེན་བྱ་རྒྱུ་ཕར་ཞོག འཕྱ་སྨོད་ཚིག་ངན་སྣ་ཚོགས་སྐད་སྐུར་བཏང་སྟབས། རྒྱལ་མོ་སཱི་ཝ་གྷ་མེ་ཁོང་ཁྲོ་ཆེན་པོ་ལངས་ཏེ། བྷ་ཧུ་བྷ་ལེ་ལ་སྲས་མོ་དྷེ་ཝ་སི་ནཱ་བཙན་གྱིས་རྒྱལ་སར་འཁྲིད་ཡོང་དགོས་པའི་བཀའ་བཏང་།

དུས་དེར་བྷ་ཧུ་བྷ་ལེ་ཡི་གནས་ཚང་གཡར་སའི་ཀུན་ཏ་ལཱ་རྒྱལ་ཕྲན་ལ་ཉེ་འཁོར་གྱི་པཱིན་ཌར་སི་(Pindaris)ཞེས་པའི་ཡུལ་དམག་གིས་དཔུང་འཇུག་བྱེད་བཞིན་ཡོད་སྟབས། བྷ་ཧུ་བྷ་ལེ་དང་དམག་སྤྱི་བཀའ་གདམས་པ་གཉིས་ཀྱི་དཔུང་རོགས་ལ་བརྟེན་ཏེ་གཡུལ་ལས་རྣམ་པར་རྒྱལ། དུས་དེ་དང་བསྟུན་ཏེ་བྷ་ཧུ་བྷ་ལེ་ཡིས་རང་ཉིད་མཱ་ཧེ་ཤི་མཱ་ཊེ་ཡི་རྒྱལ་སྲས་བྷ་ཧུ་བྷ་ལེ་ཡིན་པ་དང་། ཁོ་རང་གི་རྒྱལ་ཁབ་ལ་སྟོབས་འབྱོར་མངའ་ཐང་ཆེ་བ་སོགས་བཤད་དེ། སྲས་མོ་དྷེ་ཝ་སི་ནཱ་རང་གི་བཙུན་མོར་ལེན་འདོད་ཡོད་ཚུལ་བཤད། སྲས་མོ་དྷེ་ཝ་སི་ནཱའང་ཁོ་བོར་བརྩེ་སེམས་འཁོར་ཡོད་སྟབས། ཁོང་གཉིས་དཀའ་སྡུག་གང་ལ་འཕྲད་ཀྱང་ཁ་འབྲལ་རྒྱུ་མིན་པའི་དམ་བཅའ་བཞག

རྒྱལ་མོའི་བཀའ་ལྟར་བྷ་ཧུ་བྷ་ལེ་ཡིས་སྲས་མོ་དྷེ་ཝ་སི་ནཱ་དང་ཁོང་མོའི་བློན་པོ་ཀུ་མ་ར་ཝར་མཱ་(Kumara Varma)འཁོར་དང་བཅས་པ་ཁྲིད་དེ་མཱ་ཧེ་ཤི་མཱ་ཊེ་རྒྱལ་ཁམས་སུ་ལོག རྒྱལ་མོས་བྷ་ཧུ་བྷ་ལེ་དང་བུ་མོ་དེ་གཉིས་བར་བརྩེ་བ་ཆགས་ཡོད་པ་མཐོང་ནས་ཁོང་ཁྲོ་རབ་ཏུ་འབར་ཏེ། བྷ་ཧོ་བྷ་ལེ་ལ་ཁྱོད་ཀྱིས་བུ་མོ་དེ་འདེམ་རྒྱུ་ཡིན་ནམ། རྒྱལ་སྲིད་འདེམ་རྒྱུ་ཡིན་ཞེས་གདམ་ཁ་སྤྲད་སྐབས། བྷ་ཧུ་བྷ་ལེ་ཡིས་དྷེ་ཝ་སི་ནཱ་དང་ཚེ་གང་བོར་ཁ་མི་འབྲལ་བའི་དམ་བཅའ་བཞག་ཡོད་སྟབས། ཁོ་མོ་དང་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་བྱ་རྒྱུ་ཡིན་པ་བདམས་ཏེ་རྒྱལ་སྲིད་བྷ་ལ་ལ་དྷེ་ཝ་ལ་སྤྲོད་རྒྱུ་ཁས་ལེན་བྱས།

དེའི་རྗེས་བྷ་ལ་ལ་དྷེ་ཝ་རྒྱལ་བོར་བསྐོས་ཤིང་བྷ་ཧུ་བྷ་ལེ་ལ་ནང་བློན་གྱི་གོ་གནས་སྤྲད། བྷ་ཧུ་བྷ་ལེ་ཆུང་དུས་ནས་ཐུགས་གཤིས་འཇམ་ཞིང་འབངས་མི་སེར་ལ་བྱམས་སྐྱོང་བྱེད་མཁན་ཞིག་ཡིན་སྟབས། བྷ་ལ་ལ་དྷེ་ཝ་རྒྱལ་ཁྲིར་བཞུགས་པའི་མཛད་སྒོའི་ཉིན་མོར་འབངས་མི་ཚོས་ “བྷ་ཧུ་བྷ་ལེ” ཞེས་སྐད་འབོད་གནམ་ས་གང་བ་ཞིག་བརྒྱབ་པ་དེས། བྷ་ལ་ལ་དྷེ་ཝ་ངོ་ཚ་དང་ཁོང་ཁྲོ་ཟུང་དུ་འབྲེལ་དེ་སྙིང་རླུང་སྟོད་ལ་འཚང་། དུས་དེ་ནས་བཟུང་བྷ་ལ་ལ་དྷེ་ཝ་དང་ཁོང་གི་ཨ་ཕ་བྷེ་ཇ་ལ་དྷེ་ཝ་གཉིས་གཙོ་བྱས་ཏེ་ཕྱོགས་གཏོགས་ནང་འཁོར་ཚོས་བྷ་ཧུ་བྷ་ལེ་རྩ་མེད་བཟོ་རྒྱུའི་གཡོ་ཐབས་སྣ་ཚོགས་འཐེན་ཏེ། མཐའ་མར་བྷ་ཧུ་བྷ་ལེ་རྒྱལ་ས་ནས་ཕྱིར་འཕུད་བཏང་ཡོད།

བྷ་ཧུ་བྷ་ལེ་དང་ཁོང་གི་བཙུན་མོ་དྷེ་ཝ་སི་ནཱ་རྣམ་གཉིས་ཀྱིས་འབངས་མིའི་འཁོར་ཚོགས་ཉུང་ངུ་ཞིག་འཁྲིད་དེ་རྒྱལ་ས་ལས་ཅུང་རིང་བའི་རི་བྲག་གི་གསེང་ཞིག་ཏུ་གཞིས་ཀ་གསར་པ་བཟུང་སྟེ། ཁང་པ་དང་ས་ཞིང་འཛུགས་སྐྲུན་བྱས་ཤིང་། འབངས་མི་དཀྱུས་མ་དང་མཉམ་དུ་བདེ་སྐྱིད་ཀྱི་འཚོ་བར་རོལ་ཏེ། བྱིས་པ་རྣམས་ལ་དམག་སྦྱོང་དང་བཟོ་རྩལ། རིག་གནས་དང་འཕྲུལ་རིགས་ལག་རྩལ་སོགས་སྦྱོང་དུ་བཅུག་སྟེ། འབངས་མི་སེར་གྱིས་བརྩི་བཀུར་ཆེན་པོ་ཐོབ་སྟེ་མཚན་སྙན་གྲགས་ཀྱིས་ས་སྟེང་ཁྱབ།

བྷ་ལ་ལ་དྷེ་ཝ་ཕྲག་དོག་གིས་མ་བཟོད་པར་སོ་མྱུལ་བ་བཏང་བར་བྷ་ཧུ་བྷ་ལེ་ཡི་བཙུན་མོ་དྷེ་ཝ་སི་ནཱ་ཡི་བློན་པོ་ཀུ་མ་ར་ཝར་མཱ་(Kumara Varma)་ཡིས་སོ་མྱུལ་བསླེབས་ཡོད་པ་ཧ་གོ་སྟེ་རྗེས་འདེད་བཏང་། སོ་མྱུལ་བ་དེ་ཕྱིར་ལོག་སྐབས་ཁོས་མུ་མཐུད་རྗེས་འདེད་བཏང་སྟེ་མཱ་ཧེ་ཤི་མཱ་ཊེའི་རྒྱལ་སར་འབྱོར། བྷ་ལ་ལ་དྷེ་ཝ་དང་ཁོ་རང་གི་ཨ་ཕ་གཉིས་ཀྱིས་སོ་མྱུལ་བའི་རྗེས་ལ་བྷ་ཧུ་བྷ་ལེ་ཡི་མིས་རྗེས་དེད་གཏོང་གི་ཡོད་པ་ཧ་གོ་སྟེ། གཡོ་ཇུས་ཀྱི་ཁ་བསྒྱུར་ཏེ་རྒྱལ་བོ་བྷ་ལ་ལ་དྷེ་ཝ་ཡིས་བྷ་ཧུ་བྷ་ལེ་གསོད་རྒྱུའི་འཆར་གཞི་སྒྲིག་གི་ཡོད་ཀྱང་། བྷེ་ཇ་ལ་དྷེ་ཝས་དེ་ལ་མོས་མཐུན་མ་བྱས་པས་བཙོན་འཇུག་བྱས་ཚུལ་བསྟན། ཀུ་མ་ར་ཝར་མཱ་ཡིས་ཁོ་རང་གིས་གང་མཐོང་བ་དེར་ཡིད་ཆེས་ཏེ་ལྐོག་ནས་བྷེ་ཇ་ལ་དྷེ་ཝར་ཐུག་འཕྲད་བྱས་སྐབས་བྷེ་ཇ་ལ་དྷེ་ཝ་ཡིས། དེང་སྐབས་བྷ་ལ་ལ་དྷེ་ཝ་གདུག་རྩུབ་ཆེ་བའི་སྨྱོན་པ་ལྟ་བུ་ཞིག་ཏུ་གྱུར་ཡོད་སྟབས་ཁོ་གསོད་པའི་དུས་ལ་བབས་ཡོད་སྐོར་དང་། རྒྱལ་བོ་བྷ་ལ་ལ་དྷེ་ཝ་གསོད་པར། ཕོ་བྲང་གི་གསང་ལམ་བརྒྱུད་དེ་གཟིམ་ཆུང་དུ་འཛུལ་ཏེ་རྒྱལ་བོ་གཉིད་ཁུག་པའི་གོ་སྐབས་དང་བསྟུན་ཏེ་གསོད་དགོས་སྐོར་བཤད།

ཀུ་མ་ར་ཝར་མཱ་ཡིས་སྐད་ཆ་དེ་དག་ལ་ཡིད་ཆེས་ཏེ་མཚན་མོ་གསང་ལམ་བརྒྱུད་དེ་རྒྱལ་པོའི་ཉལ་ཁྲའི་གམ་དུ་བསླེབས་མ་ཐག རྒྱལ་པོས་ལྐོག་ཇུས་འཐེན་ཏེ་སྔ་ས་ནས་མུན་ནག་ནང་སྒུག་ཡོད་པ་ཕྱིར་ཐོན་ཏེ། ཁོ་རང་བསད་པ་མ་ཟད་རང་གི་ཉེ་འཁོར་གྱི་སྲུང་དམག་འགའ་ཡང་བསད་པ་དང་། ཀུ་མ་ར་ཝར་མཱ་ཡི་ལག་པའི་གྲིས་རང་གི་གདོང་ལ་རྨ་ཕྲན་བུ་བཟོས་ཤིང་གཟུགས་པོར་ཁྲག་བྱུགས་ཏེ། རྒྱལ་མོ་སཱི་ཝ་གྷ་མེ་སྐད་བཏང་སྟེ་བྷ་ཧུ་བྷ་ལེ་ཡིས་ཁོ་བོ་ལྐོག་གསོད་གཏོང་རྩིས་བྱས་ཚུལ་དང་། བྷ་ཧུ་བྷ་ལེ་ཡིས་རྒྱལ་སྲིད་འཕྲོག་རྒྱུའི་ཇུས་ངན་འཐེན་གྱི་ཡོད་ལུགས་སོགས་བཤད་དེ་མགོ་སྐོར་བསླུ་བྲིད་བཏང་། ལྐོག་གསོད་པ་དེ་བྷ་ཧུ་བྷ་ལེ་ཡི་བློས་ཐུབ་གྲོགས་པོ་ཀུ་མ་ར་ཝར་མཱ་ཡིན་པ་དང་། ཉིན་དེར་ཁོའི་ལག་པར་བྷ་ཧུ་བྷ་ལེ་ཡི་གྲི་བཟུང་ཡོད་པ་སོགས་མཐོང་སྟེ། རྒྱལ་མོའང་བྷ་ལ་ལ་དྷེ་ཝའི་ཕྲ་མ་དག་ལ་ཡིད་ཆེས་ཏེ། བློན་ཆེན་བཀའ་གདམས་པ་སྐད་བཏང་སྟེ་བྷ་ཧུ་བྷ་ལེ་གསོད་དགོས་པའི་བཀའ་བཏང་། བློན་ཆེན་བཀའ་གདམས་དང་བྷ་ཧུ་བྷ་ལེ་གཉིས་ཕན་ཚུན་མཛའ་བརྩེ་ཟབ་མོ་ཡོད་ཀྱང་། རྒྱལ་མོས་བཀའ་གཅོག་མ་ཐུབ་པར་བྷ་ཧུ་བྷ་ལེ་གསོད་རྒྱུ་ཁས་ལེན་མི་བྱེད་ཐབས་མེད་བྱུང་།

བློན་ཆེན་བཀའ་གདམས་བྷ་ཧུ་བྷ་ལེ་གསོད་དུ་ཕྱིན་པའི་ལམ་བར་དུ། སྙིང་གི་གྲོགས་པོ་བྷ་ཧུ་བྷ་ལེ་གསོད་པར་སེམས་ཀྱིས་མ་བཟོད་པ་དང་། རྒྱལ་མོའི་བཀའ་ཡང་ཟློག་པར་མ་ནུས་པར་རང་སྲོག་གཅོད་རྩིས་བྱས་སྐབས། བྷ་ལཱ་ལཱ་ཡི་ཁོའི་རྗེས་སུ་གསང་བའི་དམག་བཏང་ཡོད་པ་ཚོས་བློན་ཆེན་བཟུང་སྟེ་གསོན་པོར་མེར་བསྲེག་གཏོང་རྩིས་བྱས་སྐབས། བྷ་ཧུ་བྷ་ལེ་ཡིས་གནས་ཚུལ་དེ་ཐོས་ནས་དཔུང་རོགས་སུ་བསླེབས། བྷ་ཧུ་བྷ་ལེ་ཡིས་དམག་སྤྱི་སྲོག་ཉེན་ལས་བསྐྱབས་ཏེ་འཐབ་འཛིང་བྱས་ཏེ་གཡུལ་ལས་རྒྱལ་བཞིན་པའི་སྐབས་སུ་བློན་ཆེན་བཀའ་གདམས་པས་བྷ་ཧུ་བྷ་ལེ་ཡི་རྒྱབ་ལོགས་ནས་གྲི་བཙུགས་ཏེ་ས་ལ་འགྱེལ། སྐབས་དེར་དམག་སྤྱི་གདུང་ཤུགས་དྲག་པོས་པུས་མོ་ས་ལ་བཙུགས་ཏེ་ཁོ་རང་གིས་གསོད་དགོས་པའི་རྒྱུ་མཚན་བཤད། བྷ་ཧུ་བྷ་ལེ་ཡིས་ཁོ་རང་ཤི་བར་ཕངས་སེམས་མེད་ཀྱང་རྒྱལ་མོ་སཱི་ཝ་གྷ་མེ་ཡི་སྲོག་ལ་ཉེན་ཁ་ཡོད་སྟབས། བློན་ཆེན་བཀའ་གདམས་པས་རྒྱལ་མོར་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་ཞུས་པ་དང་མཉམ་དུ་འཇིག་རྟེན་དང་ཁ་གྱེས།

སྐབས་དེར་བྷ་ལ་ལ་དྷེ་ཝ་བསླེབས་ནས་བྷ་ཧུ་བྷ་ལེ་ཡི་མགོ་བོ་བཅད་དེ། དགའ་སྤྲོ་ཆེན་པོས་ཧབ་ཆ་རྒྱག་བཞིན་ཁོ་རང་གི་གཡོ་ཇུས་ཐམས་ཅད་ལ་རྒྱལ་ཁ་ཐོབ་སྟེ། ཡུན་རིང་གི་རྨི་ལམ་མངོན་འགྱུར་བྱུང་བ་སྐད་ཤུགས་ཆེན་པོས་བསྒྲགས། གནས་ཚུལ་དེ་བློན་ཆེན་བཀའ་གདམས་པས་ཐོས་ཏེ་ཁོ་རང་གཡོ་འོག་ཏུ་ཚུད་པར་གནོང་འགྱོད་དྲག་པོ་སྐྱེས་ཏེ། ཕྱིར་ཕོ་བྲང་དུ་རྒྱུག་སྟེ་རྒྱལ་མོ་སཱི་ཝ་གྷ་མེ་ལ་གནས་ཚུལ་དེ་སྙན་སེང་ཞུས་སྐབས་རྒྱལ་མོ་ཡང་དྲན་མེད་དུ་རྒྱལ། སྐབས་དེར་བྷ་ཧུ་བྷ་ལེ་ཡི་བཙུན་མོ་དྷེ་ཝ་སི་ནཱ་ལ་ཕྲུ་གུ་བུ་ཞིག་སྐྱེས་ཏེ་ཕོ་བྲང་དུ་བྷ་ཧུ་བྷ་ལེ་འཚོལ་དུ་བསླེབས།

རྒྱལ་བོ་བྷ་ལ་ལ་དྷེ་ཝ་ཡི་གསང་ཇུས་དང་གཡོ་སྒྱུ་མཐའ་དག་ཕྱིར་མངོན་མ་ཐག རྒྱལ་མོ་སཱི་ཝ་གྷ་མེ་ཡིས་ཕོ་བྲང་གི་ཡང་སྟེང་ནས་བྷ་ཧུ་བྷ་ལེ་ཡི་ཕྲུ་གུ་ཡར་བཀྱགས་ཏེ། མཱ་ཧེ་ཤི་མཱ་ཊེ་ཡི་མ་འོངས་པའི་རྒྱལ་བོ་ཕྲུ་གུ་དེ་ཡིན་པ་ཁྱབ་བསྒྲགས་བྱས། དེར་རྒྱལ་བོ་བྷ་ལ་ལ་དྷེ་ཝ་ཁོང་ཁྲོ་གཏིང་ནས་ལངས་ཏེ། རྒྱལ་མོ་དང་ཕྲུ་གུ་གཉིས་གསོད་རྩིས་བྱས་སྐབས་བློན་ཆེན་བཀའ་གདམས་པས་སྲུང་སྐྱོབ་འོག་ཕོ་བྲང་གི་གསང་ལམ་བརྒྱུད་དེ་བྲོས་ཀྱང་། རྒྱལ་མཁར་མདུན་ཕྱོགས་ཀྱི་གཙང་པོའི་ཁར་འབྱོར་སྐབས་རྒྱལ་བོ་བྷ་ལ་ལ་ཌེ་ཝ་ཡིས་མདའ་འཕངས་ཏེ་རྒྱལ་མོ་གཙང་པོའི་ནང་ལྷུང་།

རྒྱལ་མོ་དང་ཕྲུ་གུ་གཉིས་གཙང་པོའི་འཁུར་ཏེ་གྲོང་གསེབ་ཅིག་གི་མཐར་འབྱོར་སྐབས། གྲོང་གསེབ་དེའི་སྐྱེས་པ་འགས་མཐོང་སྟེ་ཕྲུ་གུ་སྐྱོབ་ཐུབ་ཡོད་ཀྱང་རྒྱལ་མོ་ཆུས་འཁུར། བྷ་ཧུ་བྷ་ལེ་ཡི་བུ་གྲོང་སྡེ་དེའི་བུད་མེད་ཅིག་གིས་གཉོར་སྐྱོང་བྱས་ཤིང་། རིམ་གྱིས་འཚར་ལོངས་བྱུང་སྟེ་རྩལ་དྲུག་འཛོམས་པའི་དཔའ་རྒོད་ཅིག་ཆགས། མིང་ལ་སེ་ཝུ་དྷུ་(Sivudu)ཞེས་བཏགས་ཡོད་པ་དང་། སྐབས་དེར་ཁོས་རང་གི་སྐྱེས་ཁུངས་དང་ཕ་མའི་ལོ་རྒྱུས་སོགས་གང་ཡང་ཤེས་ཀྱི་མེད།

སྐབས་དེར་བྷ་ཧུ་བྷ་ལེ་ཡི་བཙུན་མོ་དྷེ་ཝ་སི་ནཱའི་ཕ་ཡུལ་ཀུན་ཊ་ལཱ་རྒྱལ་ཕྲན་རྩ་ཐོར་དུ་ཕྱིན་ཏེ་ཤོར་དམག་འགའ་ནགས་ཁྲོད་དུ་གནས་བཅས་ཏེ། བྷ་ལ་ལ་དྷེ་ཝར་ཤ་འཁོན་རྩོད་རྒྱུར་སྟོབས་ཤུགས་སླར་གསོ་བྱེད་བཞིན་ཡོད་པ་དང་། བྷ་ཧུ་བྷ་ལེ་ཡི་བུ་སེ་ཝུ་དྷུ་ནར་སོན་རྗེས་རི་མགོ་དང་ནགས་ཁྲོད་སོགས་སུ་འཁྱམ་ཉུལ་བྱེད་སྐབས། ཤོར་དམག་གི་རུ་ཤོག་དེའི་ནང་དུ་དཔའ་མོ་(་་་་་)ཟེར་བ་ཞིག་ཡོད་པ་དེར་བརྩེ་བ་ཆགས།

བུ་མོ་དེ་དང་མཉམ་དུ་མཱ་ཧེ་ཤི་མཱ་ཊེ་རྒྱལ་ཁབ་ལ་དཔུང་འཇུག་ཡང་ཡང་བྱས་ཤིང་། སྐབས་དེར་བློན་ཆེན་བཀའ་གདམས་པས་ཀྱང་བྷ་ལ་ལ་དྷེ་ཝར་ངོ་ལོག་རྒྱག་གི་ཡོད་པ་དང་འཕྲད་དེ། བློན་ཆེན་གྱིས་སེ་ཝུ་དྷུ་ནི་བྷ་ཧུ་བྷ་ལེ་ཡི་བུ་ཡིན་པ་ངོ་ཤེས་ཏེ་ཁོང་གཉིས་མཉམ་འབྲེལ་བྱས་ཏེ་མ་ཧེ་ཤི་མ་ཊེའི་རྒྱལ་ཁབ་ལ་དམག་བརྒྱབ། མཐའ་མར་མཱ་ཧེ་ཤི་མཱ་ཊེ་ཡི་རྒྱལ་ས་འཕྲོག་ཅིང་རྒྱལ་བོ་བྷ་ལ་ལ་གསོན་པོར་མེར་བསྲེགས་ཤིང་། བྷ་ལ་ལ་དྷེ་ཝ་ཡིས་ལོ་ངོ་ ༢༨ རིང་ས་འོག་ཏུ་ལྕག་སྒྲོག་བརྒྱབ་ནས་བཙོན་འཇུག་བྱས་ཡོད་པའི་རྒྱལ་སྲས་སེ་ཝུ་དྷུ་ཡི་ཨ་མ་དྷེ་ཝ་སི་ནཱ་བསྐྱབས། སྐབས་དེར་མི་རབས་གཉིས་ཀྱི་བློན་ཆེན་བཀའ་གདམས་པས་བྷ་ཧུ་བྷ་ལེའི་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་ཡོངས་རྫོགས་སྦ་གསང་མེད་པར་བཤད་པ་དང་མཉམ་དུ་དཔའ་རྒོད་སེ་ཝུ་དྷུ་ཡི་ཨ་ཕ་བྷ་ཧུ་བྷ་ལེ་གསོད་མཁན་ཁོ་རང་ཡིན་པ་བཤད།

མཱ་ཧེ་ཤི་མཱ་ཊེའི་ལོ་རྒྱུས་མདོར་བསྡུས།

བྷ་ཧུ་བྷ་ལེ་གློག་བརྙན་གཏམ་རྒྱུད་ནང་གི་མཱ་ཧེ་ཤི་མཱ་ཊེ་(Mahishmati)ཞེས་པའི་གྲོང་ཁྱེར་དེ་ནི་གནའ་བོའི་རྒྱ་གར་གྱི་ཡུལ་དབུས་ཀྱི་གྲོང་ཁྱེར་ཆེན་པོ་སྐད་གྲགས་ཅན་ཞིག་ཡིན་པ་དང་། གྲོང་ཁྱེར་དེ་ཐོག་མ་ཨཱ་ཝན་ཊེ་(Avanti kingdom)ཞེས་པའི་རྒྱལ་ཁམས་ཀྱི་རྒྱལ་ས་ཡིན་ཞིང་། ཨཱ་ཝན་ཊེ་ཞེས་པའི་རྒྱལ་ཁབ་དེ་གནའ་བོའི་རྒྱ་གར་གྱི་ལྷ་སྒྲུང་གཏམ་རྒྱུད་གྲགས་ཆེན་མཱ་ཧ་བྷ་ར་ཏཱ་(Mahabharata)ཞེས་པའི་ནང་ཡང་ཡང་ཐོས་རྒྱུ་ཡོད། རྗེས་སུ་གྲོང་ཁྱེར་དེ་ཨ་ནོ་པཱ་(Anupa Kingdom)རྒྱལ་ཁབ་ལ་ཤོར་ཡོད་པ་དང་། རྒྱ་གར་གྱི་ལོ་རྒྱུས་ཡིག་ཆ་ལྟར་ན་གྲོང་ཁྱེར་དེ་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་འཇིག་ཡོད་འདུག

ད་ལྟ་གྲོང་ཁྱེར་དེ་རྒྱ་གར་གྱི་ས་ཆ་གང་ཞིག་ཏུ་ངོས་འཛིན་བྱེད་དགོས་མིན་ལོ་རྒྱུས་ཐོག་རྩོད་པ་སྣ་ཚོགས་ཡོད་པ་དང་། ཡོངས་གྲགས་ཐོག་ད་ལྟའི་མཱ་དྷཱ་ཡཱ་མངའ་སྡེ་(Madhya Pradesh)ནང་དུ་འཁེལ་ཡོད་པར་ངོས་འཛིན་བྱེད་ཀྱང་། ཁ་ཤས་ཀྱིས་རྒྱ་གར་གྱི་(Narmada)གཙང་བོའི་འགྲམ་དུ་ཆགས་ཡོད་པར་འདོད་པ་དང་། ཡང་ཁ་ཤས་ཀྱིས་རྒྱ་གར་གྱི་ཨོ་ཇན་ཡཱ་ནེ་(Ujjayini)ཞེས་པར་ཆགས་ཡོད་པར་ཡང་བཤད། གང་ལྟར། ད་ལྟའི་རྒྱ་གར་གྱི་མཱ་དྷཱ་ཡཱ་མངའ་སྡེ་(Madhya Pradesh)ནང་དང་དེའི་ཉེ་འཁོར་ཞིག་ཡིན་ཡིན་པར་མང་ཤས་ཀྱིས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག་གིས་བསྡུ་སྒྲིག་བྱས།

བསྐྱར་བཅོས།: ༢༠༡༧/༠༦/༢༣

Leave a Reply

4 thoughts on “དེ་རིང་གི་རྒྱ་གར་གློག་བརྙན་ཁྲོམ་རྭའི་ནང་གི་བྷ་ཧུ་བྷ་ལེ།

  1. བཀའ་གདམས་པ་ཟེར་བ་མིང་དེ་ཞེ་དྲག་འཇུག་པོ་དང་། བློན་ཆེན་དེ་ལ་འོས་འཚམས་ཤིག་མཐོང་སོང་།

  2. གསར་འགྱུར་ཕྱོགས་བསྡུས་ངོ་མ་ཡག་པོ་བྲིས་འདུག སྦ་ཧུ་སྦ་ལི་གློག་བརྙན་ལ་ལྟ་མཁན་ཚོས་སྔོན་ལ་རྩོམ་ཡིག་འདི་ཐེངས་གཅིག་ཀློག་པའི་རྗེས་ལ་གློག་བརྙན་དེར་བལྟས་པ་ཡིན་ན་ཡག་པོ་མགོ་འཚོས་ས་རེད།

  3. བློ་བཟང་ཐུབ་བསྟན།

    གསར་འགྱུར་ཀློག་རིན་ཡོད་པ་ཞིག་སྤེལ་འདུག སངས་རྒྱས་དཀོན་མཆོག་ལ་ཐུགས་རྗེ་ཆེ་ཞུ། བོད་ཀྱི་དུས་བབ་ཚང་གིས་གསར་ཁང་གཞན་དང་མ་འདྲ་བར་གསར་འགྱུར་རྒྱས་འབྲི་གནང་གི་ཡོད་པ་འདི་ཧ་ཅང་ཡག་པོ་འདུག སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གསར་འགྱུར་གསལ་ལ་མ་གསལ་བ་ཞིག་སྤེལ་བ་མཐོང་མ་ཐག་བོད་ཀྱི་དུས་བབ་སྟེང་འཐོན་པར་རེ་བ་བརྒྱབ་ནས་བསྡད་ཡོད། བོད་ཀྱི་དུས་བབ་ཐོག་གསར་འགྱུར་དེ་བཀོད་པ་ཡིན་ན་གསལ་གསལ་ཐང་ཐང་འདོད་པ་ཁེངས་པ་ཞིག་ཆགས་ཡོང་གི་འདུག དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་ཆེན་མོ་གཙོ་བྱས་པའི་ལས་བྱེད་ཡོངས་ལ་ཐུགས་རྗེ་ཆེ་ཞུ།