ཏཱ་ལའི་བླ་མ་དང་དེང་གི་ཚན་རིག་པའི་བགྲོ་གླེང་། (༢)

ལས་ཀྱི་འཛོམས་པ། གཉིས་པ།

ཏིན་ཡི་ཧྥུ་དང་ལི་ཅང་ལིན་གཉིས་ཀྱིས་བརྩམས
ལོ་མ་རྒྱལ་གྱིས་རྒྱ་ཡིག་ལས་བསྒྱུར།

རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་བོད་དོན་ཉམས་ཞིབ་པ་སྐུ་ཞབས་ཏིན་ཡི་ཧྥུ་དང་ལྕམ་ལི་ཅང་ལིན་གཉིས་ཀྱིས་༧གོང་ས་མཆོག་གི་ཚན་རིག་ལྟ་བ་དང་སེམས་དང་སྲོག་གི་བགྲོ་གླེང་རིམ་པའི་སྐོར་ལ་དྲི་བ་དྲིས་ལན་གྱི་རྣམ་པའི་ཉམས་ཞིབ་གནང་བའི་དཔེ་དེབ་<<ཏཱ་ལའི་བླ་མ་དང་དེང་གི་ཚན་རིག་པའི་བགྲོ་གླེང་།>>ཞེས་པའི་དེབ་ཀྱི་ལེའུ་དང་པོ་<ལས་ཀྱི་འཛོམས་པ།>ཞེས་པ་ ༢༠༡༧།༥།༢༥ ཉིནདྲ་ལམ་དུ་སྤེལ་ཡོད་པ་བོད་སྒྱུར་བྱས་ཡོད།

ཁ་རལ-ཝོན-ཝེ་ཛེ་ཁིའི་སློབ་ཐུན་དང་པོ།

ཀ: ཁོང་གཉིས་ཇི་ལྟར་ངོ་ཤེས་པ་ཡིན་ནམ།

ཁ: ཡིད་ཕངས་པ་ཞིག་ལ། སྐབས་ཐོག་དེར་ཏཱ་ལའི་བླ་མ་དང་ཁ་རལ-ཝོན-ཝེ་ཛེ་ཁི་རྣམ་གཉིས་གླེང་མོལ་བྱུང་བའི་ཟིན་ཐོ་རྣམས་ད་ལྟ་རེག་མ་བྱུང་། དེ་ནི་ཏཱ་ལའི་བླ་མ་བཙན་བྱོལ་དུ་འབྱོར་ཏེ་ལོ་ངོ་བཅུ་བཞིའི་རྗེས་སུ་ནུབ་ཕྱོགས་སུ་ཕེབས་པ་ཐོག་མ་དེ་ཡིན། ཁོང་ལ་ནུབ་ཕྱོགས་ཚན་རིག་གི་སྐོར་ཤེས་འདོད་ཀྱི་འདུན་པ་དྲག་པོ་ཞིག་ཡོད་སྟབས། སྐབས་དེར་ཁོང་གིས་འདུན་པ་དེ་དག་བརྗོད་ཡོད་ཀྱི་རེད། དེ་བཞིན་དུ། ཁ་རལ-ཝོན-ཝེ་ཛི་ཁི་ལ་ཡང་ཏླ་ལའི་བླ་མར་མཇལ་ཡོད་སྟབས། ཁོང་དང་གླེང་མོལ་ཞིབ་ཚགས་བྱེད་པའི་འདོད་པ་ཡོད་ངེས་རེད།

ཀ: དེ་ལྟར་བཤད་ཀྱི་ཡོད་པའི་རྒྱུ་མཚན་ཅི་ཡིན་ནམ།

ཁ: ཁ་རལ-ཝོན-ཝེ་ཛི་ཁི་ནི་དེང་རབས་ཀྱི་ཕུལ་དུ་བྱུང་བའི་དངོས་ལུགས་གསར་གཏོད་མཁན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། ཁོ་ནི་ཉི་མའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་རྣམས་ཐོག་མར་ཇི་ལྟར་གྲུབ་པའི་རྣམ་གཞག་གི་ཐད་ལ་ཤུགས་རྐྱེན་ཧ་ཅང་ཆེ། ལོ་ན་གཞོན་པའི་སྐབས་སུ། ཧེ་སེན་པེར(Heisenberg)གྱིས་སྣེ་ཁྲིད་པའི་ཚན་རིག་ཚོད་ལྟ་ཚོགས་ཆུང་དུ་ཉིང་རྡུལ་ཚན་རིག་ཞིབ་འཇུག་གི་ཕྱག་ལས་གནང་། ཁོ་ནི་ཚོགས་ཆུང་དེའི་ནང་གི་ཆེས་མཐའ་མའི་ཚན་རིག་པ་དེ་ཆགས་ཡོད།

དེ་ནི་ཁོ་རང་ཚན་རིག་པ་ཞིག་ཡིན་པའི་ངོས་དེ་རེད། ཕྱོགས་གཞན་ཞིག་ནི། ཁོས་འཇར་མན་མི་རིགས་ཀྱི་གནའ་བོའི་གཏན་ཚིགས་རིག་པ་དེ་ཐེ་ཚོམ་མེད་པར་རྒྱུན་འཛིན་གནང་། ཁོའི་ཨ་ཕ་ནི་ཕྱི་སྲིད་དོན་གཅོད་པ་ཞིག་ཡིན། སྤུན་མཆེད་ནི་སྐབས་ཐོག་དེའི་འཇར་མན་ནུབ་མའི་(Westdeutschland)སྲིད་འཛིན་ཡིན། བུ་ནི་དངོས་ཁམས་སྨྲ་བ་དང་། ཁོར་ཡུག་ཉམས་ཞིབ་པ་ཞིག་ཡིན། ཝེ་ཛི་ཁི་ནི་ཚན་རིག་པ་ཡང་ཡིན་ལ། ལྟ་གྲུབ་སྨྲ་བ་ཡང་ཡིན། ཁྱད་པར་དུ་ཕྱིས་སུ་ཁོང་གིས་ལྟ་གྲུབ་དང་ཀུན་སྤྱོད་རིག་པའི་ཕྱོགས་ལ་སྔར་ལས་དང་དོད་ཆེན་པོ་བྱས་ཏེ་རྒྱལ་སྤྱིའི་རང་བཞིན་གྱི་གཟེངས་རྟགས་ཀྱང་མང་པོ་ཞིག་ཐོབ།

ཁོང་ལ་ལྟ་གྲུབ་དང་ཀུན་སྤྱོད་རིག་པའི་བསམ་བློ་ཞིག་ཡོད་པ་དེས་ཏཱ་ལའི་བླ་མ་དང་ལྷན་དུ་འཛོམས་པར་བྱས་ཡོད་པ་དཔག་ཐུབ་པ་ཞིག་རེད། རྒྱུ་མཚན་ནི། དུས་རབས་གོང་མའི་ལོ་རབས་ལྔ་བཅུའི་ནང་དུ་བྱུང་བའི་གོད་ཆག་དང་། ཏཱ་ལའི་བླ་མ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དེ་ནི། རྒྱུ་འབྲས་བློ་མིག་ལྡན་པའི་ནུབ་ཕྱོགས་ཀྱི་བསམ་བློ་སྨྲ་བ་རྣམས་ལ་མཚོན་ན། གཡོལ་ཐབས་མེད་པའི་མི་ཚུལ་རིང་ལུགས་དང་ཀུན་སྤྱོད་ཀྱི་གནད་དོན་ཞིག་ཡིན་སྟབས། ཁོས་བོད་མི་དང་ཏཱ་ལའི་བླ་མར་གདུང་སེམས་མཉམ་སྐྱེད་ཏན་ཏན་བྱེད་ཀྱི་ཡོད། ཏཱ་ལའི་བླ་མས་དེང་རབས་ཚན་རིག་ཤེས་ན་འདོད་ཀྱི་ཡོད། ཁྱད་པར་དུ་དངོས་ཁམས་འཇིག་རྟེན་ཁྲོད་ཀྱི་དེང་གི་དངོས་ལུགས་དེ་ཤེས་འདོད་ཡོད། ཏག་ཏག་ཁ་རལ-ཝོན-ཝེ་ཛེ་ཁི་ནི་དངོས་ལུགས་ལ་ཕུལ་དུ་བྱུང་བའི་ཚན་རིག་པ་ཞིག་ཡིན།

ཀ: ངས་ཏཱ་ལའི་བླ་མའི་ཕྱག་དཔེ་ལས་བཀླགས་མྱོང་། ཁོང་གིས་ཝེ་ཛི་ཁི་ནི་ངོས་རང་གི་ཚན་རིག་དགེ་རྒན་དང་པོ་ཡིན་གསུངས་འདུག

ཁ: རེད། ཡིན་ན་ཡང་། ཡིད་ཕངས་བ་ཞིག་ལ། ད་ལྟ་ང་ཚོས་ཁོང་གཉིས་གླེང་མོལ་བྱས་པའི་ཟིན་ཐོ་རྣམས་རྙེད་ཀྱི་མི་འདུག ཁོང་རྣམ་གཉིས་བཀའ་མོལ་བྱུང་བ་དེ་ནི་ཧ་ཅང་དོན་སྙིང་ལྡན་པ་ཞིག་ཏན་ཏན་ཡིན་རྒྱུ་རེད། དེ་ནི་ཏཱ་ལའི་བླ་མ་ནུབ་ཕྱོགས་ཀྱི་ཚན་རིག་པ་དང་ལྷན་དུ་བཀའ་མོལ་གནང་བ་ཐོག་མ་དེ་རེད། ཤེས་བྱའི་སྒྲིག་གཞི་དང་རིག་གནས་ཀྱི་རྒྱབ་ལྗོངས་གཏན་ནས་མི་མཚུངས་པའི་མི་སྣ་འདི་གཉིས་ལ་སྤྲོ་སེམས་དང་བཟོད་སེམས་ཆེན་པོ་ཞིག་ལྡན་པའི་སྒོ་ནས་ད་གཟོད་ཆེས་རྩ་བའི་ལྟ་གྲུབ་ཀྱི་གནད་དོན་ཁ་ཤས་ཀྱི་ཐད་ལ་ཞིབ་ཚགས་པོ་དང་གཏིང་ཟབ་མོའི་ངང་ནས་ཕན་ཚུན་ལ་བཀའ་མོལ་གནང་ཡོད་པ་ང་ཚོས་དཔག་ཐུབ་པ་ཞིག་རེད། ཕྱིེས་སུ་ཏཱ་ལའི་བླ་མས་ཕྱིར་དྲན་བྱེད་ཞོར་འདི་ལྟར་གསུངས། ཁ་རལ-ཝོན-ཝེ་ཛི་ཁི་དང་ལྷན་དུ་གླེང་མོལ་བྱུང་བ་དེ་ནི། བླ་མ་ཞིག་གིས་ངོས་རང་ལ་གཞུང་འཆད་པ་ལྟར། དགེ་རྒན་གཅིག་གིས་སློབ་མ་གཅིག་ལ་གནང་བའི་དཔེ་ཁྲིད་ཅིག་ཡིན། དཔེ་ཁྲིད་ཀྱི་རྣམ་པ་འདི་ནི་ཏཱ་ལའི་བླ་མ་ཁོང་ལ་རྒྱུས་ཡོད་པ་ཞིག་ཡིན།

ཀ: ཁོང་རྣམ་གཉིས་ཐེངས་ཅི་ཙམ་ཞིག་ལ་བཀའ་མོལ་བྱུང་ཡོད་དམ།

ཁ: ང་ཚོས་ད་ལྟ་ཞིབ་ཚགས་ཀྱི་ཟིན་ཐོར་བལྟས་མེད། ཏཱ་ལའི་བླ་མས་གསུངས་པ་ལྟར་བྱས་ནས། ༡༩༧༣ ལོར་ཁོང་ཡུ་རོབ་ལ་ཕེབས་པའི་རྗེས་ནས་ཁོང་གཉིས་ཐེངས་མང་ལ་བཀའ་མོལ་བྱུང་བར་བརྗོད། ཏཱ་ལའི་བླ་མ་དང་ཁ་རལ-ཝོན-ཝེ་ཛི་ཁི་གཉིས་བསྟུད་མར་ཉིན་གཉིས་རེར་བཀའ་མོལ་བྱུང་བ་ཐེངས་གཅིག་གཉིས་ཙམ་ཞིག་མིན། གོ་སྐབས་འདི་འདྲ་ནི་ཧ་ཅང་དཀོན་པོ་ཞིག་ཡིན། རྒྱུ་མཚན་ནི་ཏཱ་ལའི་བླ་མ་ཕྱོགས་ཕེབས་གནང་སྐབས། ཉིར་རེའི་མཛད་འཕྲིན་རྒྱས་དྲགས་པས་ཡིན། ཕྱིས་སུ་ཚན་རིག་པ་དང་ལྷན་དུ་བཀའ་མོལ་གནང་སྐབས་ཆུ་ཚོད་གཉིས་ཀྱི་རིང་ལ་བཀའ་མོལ་གནང་གི་ཡོད་པ་རེད། ཡིན་ན་ཡང་དྷ་རམ་ས་ལར་ཚོགས་པའི་ཚན་རིག་གི་བགྲོ་གླེང་དེ་ནི་ཉིན་ལྔའི་རིང་དུ་ཚོགས་ཀྱི་ཡོད།

ཀ: ཏཱ་ལའི་བླ་མས་ཁ་རལ-ཝོན-ཝེ་ཛི་ཁི་ནི་ཁོང་ལ་མཚོན་ན། ཧ་ཅང་བཟོད་སེམས་ཆེ་བའི་དགེ་རྒན་ཞིག་ཡིན་པར་གསུངས། འོ་ན། ཏཱ་ལའི་བླ་མར་ཁོང་དང་ལྷན་དུ་བཀའ་མོལ་གནང་སྟེ་ཤེས་བྱ་གསར་བ་ཅི་ཞིག་ཐོབ་ཡོད་དམ།

ཁ: ཏཱ་ལའི་བླ་མས་ཕྱིར་དྲན་བྱེད་ཞོར་འདི་ལྟར་གསུངས། ཁོང་གིས་ངོས་རང་ལ་ཚན་རིག་གི་དངོས་བདེན་རིང་ལུགས་ཀྱི་གལ་ཆེན་རང་བཞིན་དེ་ནན་པོར་བརྗོད་སོང་། ང་རང་གིས་བསམ་ན། ཁ་རལ-ཝོན-ཝེ་ཛི་ཁི་ཡིས་ཏཱ་ལའི་བླ་མ་མཆོག་ལ་དེང་རབས་ཚན་རིག་གི་ཚད་འཛིན་ས་ངོ་སྤྲོད་བྱས་ཡོད་པར་མ་ཟད། ད་དུང་། ཚན་རིག་ནི་ཅི་ཞིག་ཡིན་པ་དང་། ཚད་གཞི་གང་ཞིག་ཏུ་བསླེབས་ན་ད་གཟོད་ཚན་རིག་ཏུ་འཇོག་པ་སོགས་ཀྱང་བརྗོད་ཡོད་ངེས། དེང་གི་ཚན་རིག་སྡེ་ཚན་ནི། ཚན་རིག་ཞིབ་འཇུག་གི་ལས་སུ་འཇུག་པའི་ཆེད་ལས་མི་སྣས་གྲུབ་པའི་འདུས་ཚོགས་ཤིག་ཡིན་ཞིང་། ཁོ་ཚོ་ལ་ཐུན་མོང་གི་ངོས་ལེན་བྱེད་པའི་ཚད་འཛིན་ས་ཞིག་ཡོད། དེ་ཡིས་ཚན་རིག་གི་གྲུབ་འབྲས་གང་ཞིག་ནི་ཚད་གཞི་དང་ལྡན་པ་ཞིག་ཡིན་མིན་གྱི་ཐག་གཅོད་བྱེད་ཀྱི་ཡོད། དེ་ནི་ཚན་རིག་གི་ཚད་འཛིན་སའམ་སྤྱི་སྲོལ་ཞིག་རེད། རིག་གནས་ཀྱི་རྒྱབ་ལྗོངས་ཡོངས་སུ་མི་མཚུངས་པའི་ཏཱ་ལའི་བླ་མར་ཆ་མཚོན་ན། ཚན་རིག་པ་དང་ལྷན་དུ་གླེང་མོལ་བྱེད་པར། ཐོག་མར་ཚན་རིག་གི་ཚད་འཛིན་ས་ནི་ཅི་ཞིག་ཡིན་པ་དེ་ངེས་པར་དུ་ཤེས་དགོས། ཏཱ་ལའི་བླ་མས་ཚན་རིག་པ་ཁོང་དང་ལྷན་དུ་བཀའ་མོལ་གནང་སྟེ་གནད་འགག་དེ་ཤེས་ཐུབ་ཡོད། འདིས་ཏཱ་ལའི་བླ་མར་ཕྱིས་སུ་ཚན་རིག་པ་དང་ལྷན་དུ་གླེང་མོལ་བྱེད་པར་ཡིད་ཆེས་ཤིག་བསྐྲུན་ཡོད།

ཁ་རལ-ཝོན-ཝེ་ཛི་ཁི་ཡིས་རང་ཉིད་ཀྱི་ཆེད་ལས་དངོས་ལུགས་རིག་པ་ངོ་སྤྲོད་བྱེད་པ་དང་བསྟུན་ཏེ། ཏཱ་ལའི་བླ་མར་དེང་རབས་ཚན་རིག་ཞིབ་འཇུག་གི་ཐབས་ལམ་རྣམས་ཀྱང་ངོ་སྤྲོད་བྱས། དེ་ཡང་ཐབས་ལམ་གཅིག་ནི་ཚོད་ལྟ་དང་དངོས་བདེན་ལ་བརྟེན་ནས་བྱུང་བའི་མྱོང་འདྲིས་ཀྱི་ཐབས་དང་། གཞན་ནི་རྟགས་དང་རྒྱུ་མཚན་ལ་བརྟེན་ནས་ཚོད་དཔག་བྱ་རྒྱུ་དེ་ཡིན། དེ་ནི་ཁ་རལ-ཝོན-ཝེ་ཛི་ཁི་ལ་མཚོན་ན། དངོས་ལུགས་རིག་པའི་ཁྲོད་ནས་ལག་ལེན་དང་གཞུང་ལུགས་གཉིས་སུ་ཕྱེས་པ་ཞིག་ཡིན། ཏཱ་ལའི་བླ་མས་ཁོང་ལ་ནང་པའི་གཞུང་དུ་ཡང་དེ་དང་མཚུངས་པའི་རིག་པ་ཡོད་ཅེས་གསུངས།

ཀ: བདེན་པ་རེད། ནང་ཆོས་ཀྱིས་ཀྱང་བདེན་པ་ནི་མྱོང་བ་དང་བརྟག་ཞིབ་ལ་ངེས་པར་བརྒྱུད་དགོས་པར་ནན་གྱིས་རྗོད་ཀྱི་ཡོད། དེ་ཡང་། ཆོས་ཅན་གང་ཞིག་ཡང་དག་མིན་ནི། ཉམས་མྱོང་ལ་བརྟེན་ནས་ཐག་གིས་གཅོད་ཀྱི་ཡོད། འོན་ཀྱང་། ནང་པས་ཉམམ་མྱོང་དང་བརྟག་ཞིབ་ལ་བརྟེན་ནས་བྱུང་བའི་སྣང་ཚུལ་གང་ཞིག་ནི་ཁེར་ཚུགས་སུ་གནས་མེད་པར་རྗོད་ཀྱི་ཡོད་པ་མ་ཟད། སྣང་ཚུལ་འདྲ་མིན་གྱི་བར་ན་ད་དུང་འབྲེལ་བ་ཡོད་པ་ཡང་ནན་གྱིས་རྗོད་ཀྱི་ཡོད་ལ། ད་དུང་། བྱ་དངོས་ཕན་ཚུན་གྱི་འབྲེལ་བ་ངོས་འཛིན་བྱེད་པར་རྟགས་དང་རྒྱུ་མཚན་ལ་བརྟེན་དགོས་པར་ཡང་རྗོད་ཀྱི་ཡོད། དཔེར་ན། ཐག་རིང་པོ་ཞིག་ནས་དུ་བ་མཐོང་ཚེ། ཁྱོད་ཀྱིས་དུ་བའི་རྟགས་ལ་བརྟེན་ནས་དེ་ན་མེ་ཡོད་པ་དཔག་ཐུབ་ཀྱི་ཡོད།

ཁ: དུས་རབས་གོང་མའི་མགོ་སྟོད་དུ་དངོས་ལུགས་རིག་པར་གསར་བརྗེ་རང་བཞིན་ལྡན་པའི་འགྱུར་བ་ཞིག་བྱུང་། དེ་ཡང་། ཚན་རིག་གིས་དངོས་པོར་ཞིབ་འཇུག་དང་ངོས་འཛིན་བྱེད་པའི་ཐད་ནས། ཉིང་རྡུལ་གྱི་ནང་རོལ་དུ་བསླེབས་ཏེ། དེའི་ནང་རོལ་གྱི་དངོས་ལུགས་སྣང་ཚུལ་དེ་ནི། སྔོན་གྱི་མི་རྣམས་ཀྱིས་ངོས་འཛིན་བྱས་ཡོད་པའི་དངོས་ལུགས་སྣང་ཚུལ་དང་མི་འདྲ་བ་དེ་ཡིན། དེ་ནི་ལྟོས་གྲུབ་སྨྲ་བ་དང་། ཁོན་ཊོན་དངོས་ལུགས་ཀྱི་བྱུང་བ་དེ་རེད། གསར་བརྗེ་རང་བཞིན་ལྡན་པའི་འགྱུར་བ་དེར་བརྟེན་ཏེ། སྔོན་གྱི་བར་སྣང་དུས་ལ་བཟུང་བའི་ལྟ་ཚུལ་དེར་ཡོངས་སུ་འགྱུར་བ་ཐེབས། ནམ་རྒྱུན་ང་ཚོར་སྣང་བའི་དངོས་པོའི་སྣང་ཚུལ་དག་ནི་ཚད་དང་ལྡན་པའི་སྣང་ཚུལ་ཙམ་ཞིག་ཡིན། དེ་དག་ནེའོ་ཊོན་གྱི་ཤུགས་ཀྱི་རིག་པའི་སྤྱི་འགྲོས་ཁྲོད་ན་གནས་ཡོད་པ་ཞིག་ཡིན། འོན་ཀྱང་། དངོས་བདེན་དངོས་ལུགས་ཀྱི་ཆོས་ཉིད་དེ་ང་ཚོའི་ཚད་བཅས་ཀྱི་དབང་པོས་མཐོང་མི་ཐུབ། དཔེར་ན། ལྟོས་གྲུབ་དང་ཁོན་ཊོན་གྱི་ཆོས་ཉིད་ལྟ་བུ་རེད། དེ་དག་ནི་ནམ་རྒྱུན་འཚོ་བའི་རྒྱུན་ཤེས་ལས་འདས་པའི་དངོས་པོའི་གནས་ལུགས་ཤིག་རེད། དེ་ལྟ་བུའི་བར་སྣང་དུས་ཀྱི་ངོ་བོ་དེ་ནི། ཨེན་སི་ཐན་གྱིས་ཐོག་མར་རྗེས་དཔག་ལ་བརྟེན་ནས་གསར་རྙེད་བྱུང་ཞིང་། རྗེས་ལ་ཞིབ་འཇུག་ཚོད་ལྟ་ལམ་ནས་་བདེན་དཔང་བྱུང་ཡོད།

ཀ: ནང་པའི་གཞུང་དུ་ཡང་དེ་དང་མཚུངས་པའི་ལྟ་ཚུལ་ཞིག་ཡོད། ནང་པས་ཐད་ཀར་བརྟག་པའི་མྱོང་བའི་གྲུབ་དོན་ནི་རིམ་པ་རགས་པ་ཞིག་ཡིན་པ་དང་། དེ་ནི་ཕྱིའི་རྣམ་པ་ཙམ་ཞིག་ཏུ་འདོད་ཀྱི་ཡོད། དེ་ལས་ཟབ་པའི་གྲུབ་དོན་ནི་མྱོང་བ་ལས་འདས་པའི་རིམ་པ་ཕྲ་མོ་ཞིག་ཡིན་པ་དང་། དེ་ཡང་། རྗེས་དཔག་ཚད་མར་བརྟེན་ནས་གཞིའི་གནས་ལུགས་རྟོགས་པར་བྱེད་པ་དེ་ཡིན། གནས་ལུགས་དེ་ལ་ནང་པས་ཚད་མ་ཞེས་རྗོད་ཀྱི་ཡོད།

ཁ: ཏཱ་ལའི་བླ་མས་ནང་པའི་གཞུང་ཁོ་ནར་ཐོས་བསམ་སློབ་གཉེར་གནང་ཡོད་ན་ཡང་། མི་རང་ག་བ་ཞིག་གིས་རྟོགས་དཀའ་བའི་དེང་རབས་དངོས་ལུགས་རིག་པའི་ཤེས་བྱ་དང་ལེན་བྱེད་སྐབས། ནང་པའི་གཏན་ཚིགས་ཀྱི་འགྲོ་སྟངས་དེ་དང་། གྲུབ་དོན་གང་ཞིག་ཡིན་ཡང་དེ་ཡང་དག་མིན་གྱི་དོགས་དཔྱོད་བྱེད་པའི་གཏན་ཚིགས་ཀྱི་སྦྱོང་བརྡར་དེས་ཏཱ་ལའི་བླ་མར་དངོས་ལུགས་རིག་པའི་ཤེས་བྱ་དེ་དང་ནང་པའི་གཞུང་དུ་ཡོད་པའི་གཏན་ཚིགས་ཀྱི་འགྲོ་སྟངས་དེ་གཉིས་སླ་བའི་སྒོ་ནས་ལྷན་དུ་སྦྲེལ་ཐུབ་པར་བྱས་ཡོད་པ་མ་ཟད། སྤྱིར་བཏང་གི་མི་ཞིག་ལ་ཁག་པོར་སྣང་བའི་དེང་རབས་དངོས་ལུགས་རིག་པ་ཤེས་རྟོགས་དང་། དང་ལེན་བྱེད་པར་ཡང་གྲོགས་བྱས་ཡོད། ཁ་རལ-ཐོན-ཝེ་ཛི་ཁི་ནི་ཏཱ་ལའི་བླ་མའི་ཚན་རིག་གི་དགེ་རྒན་ཐོག་མ་དེ་ཡིན་པ་དང་། ཁོང་གིས་ཏཱ་ལའི་བླ་མར་ཚན་རིག་གི་སློབ་ཐུན་དང་པོ་དེ་ཁྲིད་ཡོད། འོན་ཀྱང་། ཏཱ་ལའི་བླ་མ་ལ་ཚན་རིག་དང་ནང་ཆོས་གཉིས་བགྲོ་གླེང་བྱེད་པའི་དབུ་འབྱེད་མཁན་ནི། དེང་རབས་ཀྱི་ཕུལ་དུ་བྱུང་བའི་ཚན་རིག་པ་ཏ་ཝེ་ཊེ་བྷོམ(David Bohm)ཡིན།

ཚན་པ་གསུམ་པ་༼   ཏ་ཝེ་ཊི-བྷོམ་དང་ལྷན་དུ་བགྲོ་གླེང་གནང་བ། ༽ ཞེས་པ་འདོན་ཐེངས་རྗེས་མར་གཟིགས།

མུ་འགོད།་་་་་་་་་་་་་་་་་་

ཟུར་མཆན།

ཨ་རིར་གནས་སྡོད་ལི་ཅང་ལིན་དང་ཏིན་ཡི་ཧྥུ་གཉིས་ནི་རྒྱ་རིགས་དམངས་གཙོ་དོན་ཉེར་བ་དང་རྩོམ་པ་པོ། བོད་དོན་ཉམས་ཞིབ་པ་བཅས་ཡིན་ལ། ལི་ཅང་ལིན་གྱིས་ ༢༠༠༤ ལོ་ནས་བོད་ཀྱི་ཉེ་རབས་ལོ་རྒྱུས་ལ་ཞིབ་འཇུག་བྱས་ཤིང་། རྒྱ་གར་དང་བལ་ཡུལ་སོགས་སུ་ཕེབས་ཏེ་བཙན་བྱོལ་བོད་མིར་ཞིབ་འཇུག་དང་བཅར་འདྲི་བྱས་ཏེ། ༢༠༡༠ ལོར་<< ༡༩༥༩ལྷ་ས། >> ཞེས་པའི་དཔེ་དེབ་དཔར་འགྲེམ་ཞུས་ཡོད། ཏིན་ཡི་ཧྥུ་ཡིས་ཀྱང་བོད་དོན་སྐོར་གྱི་རྩོམ་ཡིག་དང་གཏམ་བཤད་མང་པོ་སྤེལ་ཡོད།།

མ་རྩོམ་གྱི་འབྲེལ་ཐག http://www.chinesepen.org/blog/archives/69031

 

བསྐྱར་བཅོས།: ༢༠༡༧/༠༦/༢༧

Leave a Reply