ལུའུ་ཞོ་པའོ་ལ་དུས་འགྱངས་ཀྱི་མཆིན་པའི་འབྲས་སྐྲན་ཕོག་འདུག

ནོར་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་རྒྱ་རིགས་རྩོམ་པ་པོ་ལུའུ་ཞོ་པའོ་ལ་དུས་འགྱངས་ཀྱི་མཆིན་པའི་འབྲས་སྐྲན་ཕོག་སྟེ་སྨན་བཅོས་བྱེད་བཞིན་ཡོད་འདུག

རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་སྐུ་ཞབས་ལུའུ་ཞོ་པའོ་ལགས་ཀྱི་ཁྲིམས་རྩོད་པ་ཧྲང་པའོ་ཅིན་ལགས་ཀྱིས། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༣ ཉིན་ནོར་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལུའུ་ཞོ་པའོ་ལགས་ལ་འགོར་འགྱངས་ཕྱིན་པའི་མཆིན་པའི་འབྲས་སྐྲན་ཕོག་ཡོད་པ་སྨན་ཁང་ནས་ཤེས་རྟོགས་བྱུང་སྟེ། ད་ལྟ་ཧྲིན་ཡང་རྒྱ་ནག་གསོ་རིག་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་བཞིན་ཡོད་པ་དང་། ཁོང་གི་ནང་མི་ཚོ་སྨན་ཁང་དུ་ཁོང་ལ་ལྟ་རུ་འགྲོ་ཆོག་གི་ཡོད་ཀྱང་། ཁོང་གི་གནས་སྟངས་སྐོར་ལ་མང་པོ་བཤད་སྟབས་བདེ་བོ་མེད་སྐོར་དང་། ཁག་ཐེག་འོག་ཁོང་ལ་ཕྱི་ལོགས་ནས་སྨན་བཅོས་ཆོག་པའི་ཡིག་ཆ་བཟོས་ཚར་ཡོད་སྐོར་བརྗོད་ཡོད་པ་རེད།

ད་ལྟ་དགུང་ལོ་ ༦༡ ཡིན་པའི་སྐུ་ཞབས་ལུའུ་ཞོ་པའོ་ལགས་ནི། རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་རྩ་ཁྲིམས་ལ་བསྒྱུར་བཅོས་གཏོང་དགོས་པའི་ལས་འགུལ་གྱི་སྣེ་འཁྲིད་པ་ཡིན་ཞིང་།  ཁོང་ནི་ད་ལྟ་བཙོན་ཁང་དུ་བཞུགས་ཡོད་པའི་ནོར་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་གཅིག་པུ་དེ་ཡིན་འདུག ཕྱི་ལོ་ ༢༠༠༨ ཚེས་ ༡༢ ཚེས་ ༨ ཉིན་ཁོང་རྒྱ་ནག་གིས་འཛིན་བཟུང་བྱས་ཏེ། ཕྱི་ལོ་ ༢༠༠༩ ལོར་རྒྱལ་ཁབ་ཀྱི་སྲིད་དབང་མགོ་གཏིང་སློག་རྩིས་བྱས་པའི་ཉེས་མིང་འོག་ལོ་ ༡༡ བཙོན་འཇུག་ཁྲིམས་ཐག་བཅད་དེ་ལོ་ལིན་ཅིན་ཀྲུའུ་བཙོན་ཁང་དུ་བཅུག་ཡོད་པ་རེད།

ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༠ ཉིན་བསྡུས་པའི་ནོར་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་ཁོང་ཞུགས་ཐུབ་མེད་པ་མ་ཟད། རྒྱ་ནག་གཞུང་གིས་ཁྱིམ་མི་ལའང་ཁོང་གི་ཚབ་བྱས་ཏེ་གཟེངས་རྟགས་ལེན་དུ་བཅུག་མེད་སྟབས། གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་སྡིངས་ཆའི་ཐོག་རྐུབ་སྟེགས་སྟོང་པ་ཞིག་བཞག་སྟེ་ཁོང་གི་ཚབ་མཚོན་བྱས་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༦/༢༧

Leave a Reply

One thought on “ལུའུ་ཞོ་པའོ་ལ་དུས་འགྱངས་ཀྱི་མཆིན་པའི་འབྲས་སྐྲན་ཕོག་འདུག