ཨ་རི་དང་རྒྱ་གར་བར་ལ་གདོང་ཐུག་རྒྱག་དགོས་པའི་གནད་དོན་གསུམ།

སི་ཨིན་ཨིན་གསར་ཁང་གིས་ ༢༠༡༧།༦།༢༦ ཉིན་སྤེལ
སྐལ་བཟང་སྦྱིན་པས་བོད་སྒྱུར་ཞུས།

དེ་རིང་ཨ་རིའི་སྲིད་འཛིན་ཊི་རུམ་ཕི་སྲིད་འཛིན་ལས་ཁུངས་སུ་སྤོ་ནས་ཟླ་ ༦ ཏག་ཏག་ཕྱིན་རྗེས་རྒྱ་གར་གྱི་སྲིད་བློན་མུ་དྷེ་དང་ཕོ་བྲང་དཀར་པོའི་ནང་ཐུག་འཕྲད་བྱེད་བཞིན་ཡོད།

རྒྱ་གར་སྲིད་བློན་གྱིས་ཨ་རིའི་བཟོ་གྲྭ་ཁག་གིས་འགྲམ་ཆུ་ལྡང་སའི་འཛམ་གླིང་གི་དཔལ་འབྱོར་བྲིན་རྒྱུག་ཆེ་ཤོས་ཀྱི་ཁྲོམ་རྭ་མཚོན་གྱི་ཡོད་པ་དང་། སྲིད་འཛིན་ཊི་རུམ་ཕིས་ཨ་རིའི་ཚོང་ལས་ཆེད་མཁས་པ་རྩེ་ཕུད་འགའ་དང་ལྷན་དུ་སྲིད་བློན་མུ་ངྷི་ལ་ཐུག་འཕྲད་བྱེད་བཞིན་ཡོད།

ཐེངས་འདིའི་ཐུག་འཕྲད་དེར་གྲུབ་འབྲས་ག་འདྲ་ཞིག་འཐོན་མིན་མི་ཤེས་ཀྱང་། ད་ལྟ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དེ་ཙམ་གུ་ཡངས་མིན་སྟབས། ཐུག་འཕྲད་སྐབས་ཀྱི་གྲོས་མོལ་གནད་དོན་ཁག་ལས་སླ་བོར་བསྒྲུབ་ཐུབ་པ་ཞིག་མིན། གཤམ་དུ་ཐེངས་འདིར་གནད་དོན་གསུམ་གྱི་ཐོག་ལ་གདོང་ལེན་བྱེད་དགོས་པའི་སྐོར་གླེང་ན།

༡  ༽   ཕྱི་མི་གནས་སྤོ་བ།

རྒྱ་གར་མི་མང་ནི་ཨ་རིའི་ཕྱི་སྐྱོད་ཐོངས་མཆན་ཐོབ་མཁན་རྩེ་གྲས་དེ་ཡིན་པ་དང་། ལོ་རེར་ཨ་རིའི་(H-1B)ཞེས་བའི་དམིགས་བསལ་ཐོངས་མཆན་གྱི་བརྒྱ་ཆ་ ༧༠ ལྷག་རྒྱ་གར་གྱི་མི་སེར་ཚོར་རག་གི་ཡོད་པ་དང་། ཨ་རིའི་འཕྲུལ་ལས་བཟོ་གྲྭ་མང་པོ་ཞིག་རྒྱ་གར་ནང་བཙུགས་ཡོད་སྟབས། ལོ་སྔོན་མའི་རྒྱ་གར་གཞུང་གི་ཡོང་འབབ་ཐོ་གཞུང་ལྟར་ན། བཟོ་གྲྭ་དང་ཁས་ལས་པ་དེ་དག་གི་ཡོང་འབབ་ཀྱིས་རྒྱ་གར་གཞུང་གི་ཡོང་འབབ་སྤྱིའི་བརྒྱ་ཆ་ ༡༠ མ་ཟིན་ཙམ་སྟེ་ཨ་སྒོར་ཐེར་འབུམ་ ༡༥༠ ཟིན་གྱི་ཡོད་འདུག འོན་ཀྱང་། ཊི་རུམ་ཕིའི་འཛིན་སྐྱོང་འོག་དམིགས་བསལ་ཐོངས་མཆན་དེ་ཚོར་བ་རྣོ་བོ་ཞིག་ཏུ་གྱུར་ཏེ། ཊི་རུམ་ཕིས་ཐེངས་མང་པོར་ཨ་རིའི་ནང་ཡོད་པའི་རྒྱ་གར་བཟོ་གྲྭ་ཁག་གིས་ཨ་རིའི་མི་སེར་ཚོའི་ཚབ་དུ་གླ་ཆ་ཁེ་པོ་ཡིན་པའི་ཕྱི་མི་གླས་ཏེ་ཁེ་སྤོགས་ཟ་བཞིན་ཡོད་པའི་སྐྱོན་བརྗོད་བྱས་ཡོད།

འདི་ལོའི་ཕྱི་ཟླ་ ༤ པའི་ནང་སྲིད་འཛིན་ཊི་རུམ་ཕིས་ “ཨ་རིའི་བཟོ་ཚོང་ཨ་རིས་ཉོ་”ཞེས་སྲིད་འཛིན་བཀའ་ཁྱབ་ཅིག་བཏང་བའི་ནང་ཨ་རིའི་དམིགས་བསལ་ཐོངས་མཆན་སྲིད་ཇུས་ལ་འགྱུར་བ་གཏོང་རྒྱུ་ཡིན་ཚུལ་བཀོད་ཡོད་སྟབས། སྲིད་ཇུས་དེས་ཕྱི་ཕྱོགས་སུ་ལས་དོན་སྒྲུབ་པའི་རྒྱ་གར་གྱི་འཕྲུལ་ལས་བཟོ་གྲྭ་ཁག་ལ་འཇིགས་སྣང་བསླངས་ཡོད་འདུག

སྲིད་བློན་མུ་ངྷི་ཡིས་ཐེངས་འདིའི་ཐུག་འཕྲད་སྐབས། ཨ་རིའི་འཕྲུལ་ལས་ལག་རྩལ་ཐད་རྒྱ་གར་གྱི་ཆེད་མཁས་པ་དགོས་མཁོ་ཆེ་བ་བསྐྱར་དུ་ནན་བརྗོད་བྱེད་སྲིད་ཀྱང་། དམིགས་བསལ་ཐོངས་མཆན་གྱི་གནས་ཚུལ་དེ་ཊི་རུམ་ཕིས་བསམ་པ་ལས་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། ལྷོ་རྒྱུད་ཨེ་ཤ་ཡའི་དབྱེ་ཞིབ་པ་ལྕམ་ཨལ་སཱ་ཨ་ཡིར་(Alyssa Ayres)ལགས་ཀྱིས་“དམིགས་བསལ་ཐོངས་མཆན་གྱི་གནས་སྟངས་དེས་རྒྱ་གར་དང་ཨ་རིའི་བར་གྱི་འབྲེལ་ལམ་མགོ་སྙོག་བཟོ་བཞིན་ཡོད་ཀྱང་། ངས་སྲིད་འཛིན་ཊི་རུམ་ཕིས་ཕུགས་རྒྱང་རིང་བོའི་འདྲ་མཉམ་གྱི་ལྟ་ཚུལ་ཞིག་བཟུང་ཡོད་པ་མཐོང་གི་འདུག་སྟབས། ད་ལྟའི་ཨ་རིའི་དམིགས་བསལ་ཐོངས་མཆན་གྱི་འགྲོ་ལུགས་འགྲོ་སྟངས་དེ་མི་འགྱངས་བར་དེ་སྔའི་ངོ་བོ་ལྟར་གནས་རྒྱུ་མ་རེད”ཅེས་སོགས་བརྗོད་ཡོད།

༢   ༽   ཨ་རི་དང་པོར་འཇོག་རྒྱུ་ཡིན་ནམ་ཡང་ན་རྒྱ་གར་གྱིས་བཟོ་རྒྱུ་ཡིན།

ཕྱི་ལོ་ ༢༠༡༤ ལོར་མུ་ངྷི་རྒྱ་གར་གྱི་སྲིད་བློན་ཆགས་རྗེས། ཁོས་ ‘རྒྱ་གར་གྱིས་བཟོས’ ཞེས་བའི་ལས་འཆར་ཞིག་བཏོན་ཏེ་རྒྱ་གར་ནང་བཟོ་གྲྭ་ཇེ་མང་དུ་བཏང་ཡོད་པ་མ་ཟད། མུ་ངྷི་གཞུང་གིས་རྒྱ་གར་ནང་ཕྱིའི་བཟོ་གྲྭ་གང་མང་འཛུགས་སུ་བཅུག་སྟེ་ཐོན་རྫས་བཟོ་བསྐྲུན་བྱེད་པར་སྐུལ་སློང་བྱས་ཡོད་སྟབས། རྒྱལ་ཁབ་མང་པོ་ཞིག་གི་བཟོ་གྲྭས་རྒྱ་གར་ནང་ལས་གནས་སྐྲུན་ཡོད་པའི་ཁྲོད་ཨ་རིའི་བཟོ་གྲྭ་རྩེ་ཕུད་འགའ་ཡང་ཚུད་ཡོད་འདུག

ཉེ་ཆར་ཀུ་ཤུ་རྟགས་ཅན་གྱི་ཁ་པར་བཟོ་གྲྭས་རྒྱ་གར་ནང་ཀུ་ཤུ་འཆར་འགོད་བཟོ་གྲྭ་བཙུགས་ཡོད་པ་དང་། ཨ་རིའི་( Lockheed Martin)ཞེས་བའི་བར་སྣང་བདེ་སྲུང་བཟོ་གྲྭས་ཀྱང་། གལ་སྲིད་རྒྱ་གར་མཁའ་དམག་ཚན་པས་ངོས་ལེན་བྱས་ཚེ། ཁོ་ཚོས་རྒྱ་གར་ནས་མཁའ་དམག་གནམ་གྲུ་(F-16)ཞེས་བ་བཟོས་ཏེ་ཨ་རིར་སྐྱེལ་འདྲེན་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད། འཛམ་གླིང་ལ་སྐད་གྲགས་ཡོད་པའི་ཨ་རིའི་(Ford)རྟགས་ཅན་གྱི་རླངས་འཁོར་བཟོ་གྲྭས་ན་ནིང་ཕྱི་ཟླ་ ༡༡ པའི་ནང་གསལ་བསྒྲགས་སྤེལ་ཏེ། ༢༠༡༨ ལོ་ནས་རྒྱ་གར་ནང་རླངས་འཁོར་བཟོ་གྲྭ་བཙུགས་ཏེ་ཨ་རིར་སྐྱེལ་འདྲེན་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད།

“རྒྱ་གར་གྱིས་བཟོས་”ཞེས་པ་དང་། ཊི་རུམ་ཕིས་ཨ་རིའི་བཟོ་གྲྭ་ཁག་ཕྱིར་ཨ་རིར་འཁྲིད་དེ་ཨ་རིའི་མི་མང་ལ་ལས་གནས་བསྐྲུན་ཐབས་ཀྱི་སྲིད་ཇུས་ “ཨ་རི་དང་པོ་”ཞེས་བ་གཉིས་ནི་རྒྱ་གར་དང་ཨ་རིའི་བར་གྱི་གདོང་ཐུག་རྒྱག་ས་གཙོ་བོ་དེ་ཆགས་ཡོད་པ་དང་། སྲིད་འཛིན་ཊི་རུམ་ཕིས་ལོ་མང་རིང་ཚོང་གྲོགས་སུ་གྱུར་བའི་རྒྱལ་ཁབ་མཱེག་སེ་ཁའོ་དང་རྒྱ་ནག འཇར་མན་སོགས་ལ་ཐད་ཀར་སྐྱོན་བརྗོད་བྱས་ཡོད་ཀྱང་། དེ་དག་ཁྲོད་རྒྱ་གར་མིང་འདོན་མ་བྱས་པ་ནི་ཨ་རིའི་ཧར་ལེ་ཌ་བི་ཞོན་(Harley Davidson)འཕྲུལ་རྟའི་བཟོ་གྲྭས་རྒྱ་གར་ནང་དཔྱ་ཁྲལ་གང་ཡང་མེད་པའི་ཐོག་ནས་འཕྲུལ་རྟ་བཟོས་ཏེ་འཚོང་གི་ཡོད་པས་ཡིན་འདུག

ཨེ་ཤ་ཡའི་གནད་དོན་དབྱེ་ཞིབ་པ་ལྕམ་ཨ་ཡིར་ལགས་ཀྱིས་ “གནད་དོན་ཁག་ཅིག་གི་རྐྱེན་གྱིས་རྒྱ་གར་ད་ལྟ་སྐྱོན་བརྗོད་བྱས་མེད་”ཅེས་བརྗོད་ཡོད་ཀྱང་། རྒྱ་གར་དང་ཨ་རིའི་བར་ཨ་སྒོར་ཐེར་འབུམ་ ༢༤ ཡི་ཚོང་འབྲེལ་ཡོད་སྟབས། སྲིད་འཛིན་ཊི་རུམ་ཕིས་ཨ་རིར་ཁེ་སྤོགས་མེད་པའི་ཕྱི་འབྲེལ་ཚོང་ལམ་འགོག་རྒྱུའི་དམིགས་ཡུལ་གཞིར་བཟུང་མི་འགྱངས་བར་རྒྱ་གར་གྱི་ཚོང་ལམ་ཡང་འགོག་སྲིད་པ་རེད།

༣  ༽   གནམ་གཤིས་འགྱུར་ལྡོག

གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་དེ་ཐེངས་འདིའི་ཐུག་འཕྲད་སྐབས་ཀྱི་ཐད་ཀའི་བརྗོད་གཞི་ཞིག་ཆགས་མེད་ཀྱང་། ཟླ་འདིའི་ཚེས་མགོར་ཨ་རི་ཕེ་སི་སིའི་གོ་ལའི་ཚ་དྲོད་གྲོས་ཆོད་ལས་ཕྱིར་འཐེན་བྱས་པ་དེས་ཨ་རིར་སྐྱོན་བརྗོད་དང་ངོ་རྒོལ་བྱེད་མཁན་མང་པོ་ཡོང་གི་ཡོད་སྟབས། ད་ལྟ་རྒྱ་གར་གྱིས་རྒྱ་ནག་དང་ལྷན་དུ་གོ་ལ་སྲུང་སྐྱོབ་ཆེད་དུ་འཛམ་གླིང་ལ་སྣེ་འཁྲིད་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད།

ཊི་རུམ་ཕིས་ཨ་རི་གོ་ལའི་གནམ་གཤིས་གྲོས་ཆོད་ལས་ཕྱིར་འཐེན་བྱས་པ་གསལ་བསྒྲགས་བྱས་སྐབས། རྒྱ་གར་གྱི་མིང་བཏོན་ཏེ་རྒྱ་གར་གཞུང་ཕེ་རི་སིའི་གནམ་གཤིས་གྲོས་ཆོད་ནང་མཉམ་ཞུགས་མཚན་རྟགས་འགོད་པར་ཨ་སྒོར་ཐེར་འབུམ་མང་པོའི་རོགས་དངུལ་ཁེ་སྤོགས་ཟ་བཞིན་ཡོད་ཅེས་སྐྱོན་བརྗོད་བྱས་ཡོད་ཀྱང་། རྒྱ་གར་གཞུང་གིས་ཊི་རུམ་ཕིའི་སྐད་ཆ་དེ་དོན་དངོས་དང་མི་མཐུན་པའི་བརྡ་ལན་སློག་ཡོད།

སྲིད་འཛིན་ཊི་རུམ་ཕིས་ཨ་རིའི་ནང་ལས་གནས་བསྐྲུན་ཆེད་རྡོ་སོལ་བཟོ་གྲྭ་ཁག་ཕྱིར་ཨ་རིར་འཛུགས་འདོད་ཡོད་ཀྱང་། སྲིད་བློན་མུ་ངྷིའི་གཞུང་གིས་རྒྱ་གར་ནང་རང་བྱུང་ནུས་ཁུངས་བསྐྱར་སྤྱོད་ཀྱི་ཕུགས་འདུན་བཟུང་ཡོད་པའི་ཁྲོད་ ༢༠༣༠ ལོར་རྒྱ་གར་ནང་གློག་བསགས་རླངས་འཁོར་འཚོང་རྒྱུའི་དམིགས་འབེན་བཟུང་ཡོད། འོན་ཀྱང་། ཨ་རིའི་མཱི་ཆི་གྷན་(Michigan)གཙུག་ལག་སློབ་གཉེར་ཁང་གི་ཁོར་ཡུག་ཆེད་མཁས་པ་སྐུ་ཞབས་ཨ་རོན་ཨགྷ་རཱ་ཝིལ་(Arun Agrawal)ལགས་ཀྱིས་རྒྱལ་ཁབ་གཉིས་ཀས་མི་མཐུན་པའི་ཕྱོགས་ཟུར་དུ་བཞག་སྟེ་གོ་སྐབས་དམ་འཛིན་བྱ་དགོས་པའི་སྐོར་ལ། “རྒྱ་གར་གཞུང་གིས་མ་འོངས་པར་གློག་བསགས་རླངས་འཁོར་དང་རང་བྱུང་ནུས་ཁུངས་ཚོད་འཛིན་དང་ཉར་ཚགས་བྱེད་པར་ཚོང་ལས་སྒྲིག་འཛུགས་དང་ཚོང་གྲོགས་ངེས་པར་དུ་དགོས་”ཞེས་བརྗོད་ཡོད།

ཟུར་མཆན།

(H-1B)ཞེས་བར་དམིགས་བསལ་ཐོངས་མཆན་ཞེས་བྲིས་ཡོད། ཐོངས་མཆན་འདི་ནི་གནས་སྤོ་བའི་ཐོངས་མཆན་མ་ཡིན་པར་ཨ་རིའི་གཞུང་གིས་འཛམ་གླིང་ཡུལ་གྲུ་གང་ས་ནས་ཆེད་ལས་མཁས་པ་དང་དམིགས་བསལ་ནུས་རྩལ་ཅན་དག་ལ་དམིགས་བསལ་གྱིས་སྤྲོད་བཞིན་པའི་ཐོངས་མཆན་ཞིག་ཡིན་འདུག
མ་རྩོམ་འབྲེལ་ཐག http://money.cnn.com/2017/06/25/news/economy/trump-modi-visit-india-h1b-trade-climate/index.html

བསྐྱར་བཅོས།: ༢༠༡༧/༠༦/༢༧

Leave a Reply