བྷིར་ཛིལ་གྱི་སྲིད་འཛིན་ཁྲིམས་གཏུག་བྱས།

བྷིར་ཛིལ་གྱི་སྲིད་འཛིན་ལས་ཐོག་མེ་ཆལ་ཊི་མིར་ལགས་ཀྱིས་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་ཚབས་ཆེན་བཟོས་ཡོད་སྐོར་ཆེས་མཐོའི་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༦ ཉིན། བྷིར་ཛིལ་དབུས་ཞིབ་བཤེར་ཁང་གི་མགོ་འཁྲིད་རོ་ཌི་གྷོ་ཇཱ་ནོ(Rodrigo Janot)ལགས་ཀྱིས། སྲིད་འཛིན་མེ་ཆལ་ཊི་མིར་(Michel Temer)ལགས་ནས་ལྐོག་རྔན་བླངས་ཡོད་པའི་དོགས་གཞི་རྒྱལ་ཁབ་ཆེས་མཐོའི་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཡོད་པ་མ་ཟད། ཁོང་གི་ནག་ཉེས་ཧ་ཅང་ཚབས་ཆེན་ཡིན་སྐོར་བརྗོད་ཡོད་པ་རེད། ཡིན་ནའང་། སྲིད་འཛིན་མེ་ཆལ་ཊི་མིར་ལགས་ཀྱིས་དོགས་ཡོད་ནག་ཉེས་ཚང་མ་ངོས་ལེན་གནང་གི་མེད་པ་མ་ཟད། སྲིད་འཛིན་གྱི་ལས་གནས་ནས་འབབ་རྒྱུ་མིན་པ་ཐེངས་མང་པོར་ནན་བརྗོད་བྱས་ཡོད་པ་དང་། ཁོང་ནི་བྷིར་ཛིལ་གྱི་ལོ་རྒྱུས་ནང་སྲིད་འཛིན་ལས་ཐོག་ཅིག་ཆེས་མཐོའི་ཁྲིམས་ཁང་དུ་ཞུ་གཏུག་བྱས་པ་ཐོག་མ་དེ་ཆགས་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་བྷིར་ཛིལ་སའི་གོ་ལ་གསར་ལས་ཁང་གིས། ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གི་རླངས་འཁོར་འཁྲུ་བའི་ལས་འགུལ་ཞེས་པའི་ཁྲོད། བྷིར་ཛིལ་གྱི་ཤ་རིགས་ཐོན་སྐྱེད་ཁེ་ལས་ཁང་ཆེ་ཤོས་(JBS)གྱི་འགན་འཛིན་ཇོ་སི་ལི་བྷ་ཊི་སི་ཊ་(Joesley Batista)ལགས་ཀྱིས། འདི་ལོའི་ཕྱི་ཟླ་ ༣ པའི་ནང་སྲིད་འཛིན་མེ་ཆལ་ཊི་མིར་ལགས་དང་མཉམ་དུ་ཁོང་གིས་གླེང་མོལ་བྱས་པའི་སྒྲ་ཕབ་ཅིག་རྒྱལ་ཁབ་ཁྲིམས་འཛིན་ལས་ཁུངས་ལ་ཕུལ་ཡོད་པ་དང་། སྒྲ་ཕབ་དེའི་ནང་སྲིད་འཛིན་མེ་ཆལ་ཊི་མིར་ལགས་ཀྱིས་ད་ལྟ་བཙོན་ཁང་དུ་ཡོད་པའི་ཁོང་གི་དམིགས་བསལ་གྲོས་སྟོན་པ་དང་གྲོས་ཚོགས་འཐུས་མི་ཟུར་པ་རོ་ཌིར་གྷོ་རོ་ཆ་ལོ་རི་སི་(Rodrigo Rocha Loures)ཡི་ཁ་འགོག་ཆེད་ཟླ་རེ་བཞིན་ལྐོག་རྔན་སྤྲོད་དགོས་སྐོར་དང་། སྐུ་ཞབས་རོ་ཌིར་གྷོ་རོ་ཆ་ལོ་རི་སི་ལགས་ནི་ཁེ་ལས་ཁང་དེར་འབྲེལ་བ་བྱེད་པར་ཡིད་ཆེས་ཆེ་ཤོས་ཀྱི་མི་དེ་ཡིན་སྐོར་སོགས་བརྗོད་ཡོད་པའི་གནས་ཚུལ་སྤེལ་ཡོད་འདུག

སྒྲ་ཕབ་དེ་ཕྱིར་གྱར་རྗེས་སྲིད་འཛིན་མེ་ཆལ་ཊི་མིར་ལགས་ཀྱིས། ཁོང་གིས་ཁེ་ལས་ཁང་དེའི་འགན་འཛིན་ཀྱི་དགོས་འདུན་ལ་ཉན་པ་ཙམ་མ་གཏོགས་སྲིད་གཞུང་གིས་རོགས་རམབྱ་རྒྱུ་ཁས་ལེན་གནང་མེད་སྐོར་དང་། ཇོ་སི་ལི་བྷ་ཊི་སི་ཊ་ལགས་ཀྱིས་སྤྲད་པའི་སྒྲ་ཕབ་དེ་ལ་བཟོ་བཅོས་བརྒྱབ་ཡོད་པ་བཤད་དེ་ཉེས་འཛུགས་ཚང་མ་ངོས་ལེན་གནང་མེད་པ་མ་ཟད། ཐེངས་མང་པོར་ཁོང་སྲིད་འཛིན་གྱི་ལས་གནས་ནས་འབབ་རྒྱུ་མིན་པ་ནན་བརྗོད་བྱས་ཡོད་པ་རེད། ཡིན་ནའང་། ཟླ་འདིའི་ཚེས་ ༢༣ ཉིན་བྷིར་ཛིལ་ཉེན་རྟོག་ཁང་གི་ཆེད་ལས་མི་སྣས་སྒྲ་ཕབ་དེར་བཟོ་བཅོས་བརྒྱབ་ཡོད་མེད་བརྟག་དཔྱད་གནང་རྗེས་བཅད་གཏུབ་དང་བཟོ་བཅོས་གང་ཡང་བྱས་མེད་པ་གསལ་བསྒྲགས་གནང་ཡོད་པ་རེད།

མེ་ཆལ་ཊི་མིར་ལགས་ཀྱིས་དབང་ཆ་སྒེར་གཅོད་ཀྱིས་ལྐོག་ཟ་རུལ་སུངས་བྱས་པའི་རྙོག་གླེང་བྱུང་རྗེས། གྲོང་ཁྱེར་མང་པོའི་ནང་མི་མང་གིས་ངོ་རྒོལ་ཁྲོམ་སྐོར་དང་། མེ་ཆལ་ཊི་མིར་ལགས་སྲིད་འཛིན་གྱི་ལས་གནས་ནས་འཕྲལ་དུ་གནས་དབྱུང་གཏོང་དགོས་པའི་འབོད་ཚིག་ཤུགས་ཆེན་བསྒྲགས་ཡོད་པ་དང་། གྲོས་ཚོགས་ཀྱི་འཐུས་མི་མི་ཉུང་བ་ཞིག་གིས་ཀྱང་ཁོང་སྲིད་སྟེགས་ལས་འབབ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་།  མེ་ཆལ་ཊི་མིར་ལགས་ཀྱི་དམིགས་བསལ་གྲོས་སྟོན་པ་རོ་ཌིར་གྷོ་རོ་ཆ་ལོ་རི་སི་ལགས་ནི་ཁོང་གི་ལྐོག་ཟ་རུལ་སུངས་ཀྱི་རྙོག་གླེང་ཁྲོད་ཀྱི་མི་སྣ་གཙོ་བོ་དེ་ཆགས་ཡོད་སྟབས། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༣ ཉིན་བྷིར་ཛིལ་གྱི་རྒྱལ་ས་བྷིར་ཛིལ་ལི་ཡ་ཉེན་རྟོག་ཁང་གིས་འཛིན་བཟུང་བྱས་ཡོད་པ་རེད།

རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཐོག་ཁྲིམས་གཏུག་བྱས་ཡོད་པར་བརྟེན། བྷིར་ཛིལ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལྟར་ན། ཆེས་མཐོའི་ཁྲིམས་ཁང་ནས་སྲིད་འཛིན་ཁོང་ལ་ཁྲིམས་བཤེར་བྱེད་པར་གྲོས་ཚོགས་འོག་མའི་འཐུས་མིའི་རྩ་འབོར་ ༥༡༣ གྱི་གསུམ་ཆ་གཉིས་ཀྱིས་ཁྲིམས་བཤེར་མོས་མཐུན་གནང་དགོས་ཀྱི་ཡོད་པ་དང་། དེ་ནས་ཆེས་མཐོའི་ཁྲིམས་ཁང་ལ་རྩིས་སྤྲོད་ཀྱིས་ཁྲིམས་བཤེར་བྱ་དགོས་ཀྱི་ཡོད་འདུག གལ་སྲིད་གྲོས་ཚོགས་ནས་ཁྲིམས་བཤེར་མོས་མཐུན་མ་བྱུང་ཚེ། ཐེངས་འདིའི་ཞུ་གཏུག་དེར་ཆེས་མཐོའི་ཁྲིམས་ཁང་གིས་ཁྲིམས་བཤེར་གནང་ཐབས་མེད་པ་རེད། ཡིན་ནའང་། ཁོའི་སྲིད་འཛིན་གྱི་ལས་ཡུན་རྫོགས་རྗེས་གཞི་ནས་ཁྲིམས་བཤེར་ཐག་གཅོད་གནང་ཆོག་གི་ཡོད་འདུག

གལ་སྲིད་གྲོས་ཚོགས་འོག་མ་ནས་ཁྲིམས་བཤེར་ཆོག་མཆན་ཐོབ་ཚེ། ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཆེན་མོ་ ༡༡ གིས་སྲིད་འཛིན་ཁོང་ལ་ཁྲིམས་ར་དངོས་སུ་འཚོགས་ཏེ་ཐག་གཅོད་དགོས་མིན་འོས་ཤོག་འཕེན་དགོས་པ་དང་། ཁྲིམས་ར་འཚོགས་རྒྱུ་ཐག་གཅོད་བྱུང་ན། ཉིན་གྲངས་ ༡༨༠ ནང་མེ་ཆལ་ཊི་མིར་ལགས་ཀྱིས་སྲིད་འཛིན་གྱི་ལས་མཚམས་བཞག་སྟེ་ཞིབ་བཤེར་དང་ལེན་དགོས་པ་དང་། གལ་ཏེ་དུས་ཡུན་དེའི་ནང་ནག་ཉེས་གཏིང་གསལ་མ་བྱུང་ཚེ་ཁོང་གིས་སྲིད་འཛིན་གྱི་ལས་གནས་མུ་མཐུད་མཇུག་སྐྱོང་གནང་ཆོག་གི་ཡོད་འདུག

ཆབ་སྲིད་དབྱེ་ཞིབ་པས་བརྗོད་པ་ལྟར་ན། ད་ལྟའི་ཆར་གྲོས་ཚོགས་འཐུས་མི་ ༢༩༠ ཙམ་གྱིས་སྲིད་འཛིན་ཁོང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ཁོང་གི་ཕྱོགས་གཏོགས་བྷིར་ཛིལ་དམངས་གཙོའི་ལས་འགུལ་ཚོགས་པའི་འཐུས་མི་ཁག་ཅིག་གིས། ད་ལན་གྱི་དབུས་ཞིབ་བཤེར་ཁང་གི་ཞུ་གཏུག་གིས་གྲོས་ཚོགས་ནང་ཤུགས་རྐྱེན་ཐེབས་སྲིད་ཀྱང་། དམངས་གཙོའི་ལས་འགུལ་ཚོགས་པ་ནས་ནག་ཉེས་ཀྱི་དཔང་རྟགས་གསར་པ་ཞིག་མ་སྤྲད་བར་དུ་བསྐྱར་ཞིབ་ངོས་ལེན་མེད་སྐོར་བརྗོད་ཡོད་པ་དང་། ཆབ་སྲིད་ཚོགས་པ་གཞན་གྱི་འཐུས་མི་མི་ཉུང་བ་ཞིག་གིས་ཀྱང་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་སྲུང་སྐྱོབ་དང་། རྙོག་ཟིང་ཆེ་བའི་ཆབ་སྲིད་བརྟན་ལྷིང་ཡོང་ཆེད་མེ་ཆལ་ཊི་མིར་ལགས་ཀྱི་སྲིད་འཛིན་ལས་ཡུན་ལོ་ ༣ ལྷག་དེ་མཇུག་སྐྱོང་བྱེད་ཐུབ་ན་དགེ་མཚན་ཆེ་བ་ཡོད་པར་ངོས་འཛིན་གནང་བཞིན་ཡོད་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༦/༢༧

Leave a Reply