ལུའུ་ཞོ་པོ་ཕྱི་རྒྱལ་ལ་སྨན་བཅོས་བྱེད་པར་གཏོང་དགོས

ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་ལུའུ་ཞོ་པོ་ལ་མཆིན་པའི་འབྲས་སྐྲན་ཕོགས་རྗེས། ཁོང་ལ་སྨན་བཅོས་ལྟ་སྐྱོང་བྱེད་རྒྱུའི་ཁེག་ཐག་འོག་ད་ལྟ་བཙོན་གྲོལ་ཐོབ་ཡོད།

དེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཚགས་པར་གྱིས་སྤེལ་བའི་གནས་ཚུལ། རྒྱ་ནག་པེ་ཅིན་དུ་ཡོད་པའི་ཨ་རིའི་གཞུང་ཚབ་གསར་བ་སྐུ་ཞབས་བྷ་རན་སི་ཊ་ཌི་ (Terry Branstad) ལགས་ཀྱིས། ཆབ་སྲིད་བཙོན་པ་དང་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་ལུའུ་ཞོ་པོ་ལ་མཆིན་པའི་འབྲས་སྐྲན་ཕོགས་ཡོད་སྟབས། ཁོང་གིས་པེ་ཅིན་གཞུང་དང་མཉམ་དུ་ལུའུ་ཞོ་པོ་ཕྱིའི་རྒྱལ་ཁབ་ཏུ་བཏང་ནས་སྨན་བཅོས་ལྟ་སྐྱོང་བྱ་རྒྱུའི་ཐད་ལ་རོགས་རམ་བྱེད་རྒྱུ་ཡིན་པ་མ་ཟད། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་ཐད་ལའང་རམ་འདེགས་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད།

༢༠༠༩ ལོར་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ལུའུ་ཞོ་པོ་ཡིས་རྒྱ་ནག་ནང་ཆབ་སྲིད་བཅོས་སྒྱུར་གྱི་དགོས་འདུན་བཏོན་སྟབས། རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བཙོན་འཇུག་བྱས་ཏེ་ ༡༡ གི་ཁྲིམས་ཐག་བཅད་པ་རེད། ༢༠༡༠ ལོར་ཁོང་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཕུལ་ཡོད་པ་དང་། སྐབས་དེར་ཁོང་རྒྱ་ནག་གཞུང་གི་བཙོན་འོག་ཏུ་ཡོད།

རྒྱ་ནག་པེ་ཅིན་གྱི་ཨ་རིའི་གཞུང་ཚབ་གསར་བ་སྐུ་ཞབས་བྷ་རན་སི་ཊ་ཌི་ལགས་ཐོག་དང་པོར་པེ་ཅིན་དུ་འབྱོར་སྐབས། ཁོས་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག ཨ་རྒྱ་གཉིས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ཐོག་མཉམ་ལས་བྱེད་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན་སྐོར་བརྗོད་ཡོད་པ་དང་། མཉམ་ལས་དེའི་ནང་ཆབ་སྲིད་བཙོན་པ་ལུའུ་ཞོ་པོ་ལ་སྨན་བཅོས་ལྟ་སྐྱོང་བྱེད་རྒྱུ་ཡང་ཚུད་ཡོད་སྐོར་བརྗོད་ཡོད། སྐུ་ཞབས་བྷ་རན་སི་ཊ་ཌི་ལགས་ཀྱིས་ “ང་ཚོས་སྒྲུབ་ཐུབ་པའི་ལས་དོན་ག་རེ་ཡོད་ན། དེ་ང་ཚོས་བསྒྲུབ་འདོད་ཡོད། གལ་ཏེ་ཕན་ཐོགས་ཡོད་ན། ང་ཚོ་ཨ་རིའི་ངོས་ནས་སྐུ་ཞབས་ལུའུ་ཞོ་པོ་རྒྱལ་ཁབ་གཞན་ནང་སྨན་བཅོས་ལྟ་སྐྱོང་ཆེད་དུ་བསྐྱོད་པར་སྐབས་སྤྲོད་འདོད་ཡོད” ཅེས་ཟེར།

དུས་ཡུན་རིང་པོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་གྲོགས་པོར་གྱུར་བའི་ཨ་རིའི་མངའ་སྡེ་ཨ་ཡོ་ཝ་ (Iowa) གྲོང་ཁྱེར་སྤྱི་ཁྱབ་ཟུར་བ་དང་ད་ལྟ་རྒྱ་ནག་པེ་ཅིན་ནང་རྟེན་གཞི་བྱེད་པའི་ཨ་རིའི་གཞུང་ཚབ་གསར་བ་སྐུ་ཞབས་བྷ་རན་སི་ཊ་རི་ལགས་ཀྱིས། དེ་སྔོན་ཁོང་གིས་ཞི་ཅིན་ཕིན་དང་ཊི་རུམ་ཕི་གཉིས་ཀྱི་འབྲེལ་ལམ་བེད་སྤྱད་དེ། ཁོ་རང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་མོལ་གྱི་ཟམ་པ་ལྟ་བུ་བྱེད་འདུན་ཡོད་སྐོར་བཤད་ཡོད།

སྐུ་ཞབས་བྷ་རན་སི་ཊ་ཌི་ལགས་ཀྱིས། ད་ལོའི་ལོ་མཇུག་ནང་ཊི་རུམ་ཕི་རྒྱ་ནག་ལ་གཟིགས་སྐོར་སྐྱོད་གནང་སྐབས། ཁོང་གིས་གོ་སྒྲིག་གང་ལེགས་བྱ་ཐུབ་པའི་རེ་བ་ཡོད་སྐོར་བརྗོད་ཡོད། ཨ་རིའི་གཞུང་ཚབ་གསར་བས། རྒྱ་ནག་གཞུང་དང་མཉམ་ལས་ཀྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ཉེན་ཁ་དང་དེ་བཀག་སྡོམ་བྱེད་ཕྱོགས་སྐོར་གླེང་སློང་བྱ་རྒྱུ་ཡིན་སྐོར་ཡང་བརྗོད་པ་མ་ཟད། ཁོས་ད་དུང་ཨ་རྒྱ་གཉིས་བར་གྱི་ཉོ་ཚོང་རྒྱ་བསྐྱེད་པའི་ཐད་ལའང་ལས་ཀ་བྱེད་རྒྱུ་ཡིན་ལུགས་བརྗོད་ཡོད།

སྐུ་ཞབས་བྷ་རན་སི་ཊ་ཌི་ལགས་ཀྱིས་བདུན་ཕྲག་འདིའི་ནང་རྒྱ་ནག་ནང་བསྐྱོད་འཆར་ཡོད་པའི་ཨ་རིའི་ས་ཞིང་འདེབས་ལས་དྲུང་ཆེ་ཕིར་ཌུ་ (Sonny Perdue) ལགས་ལ་རོགས་འདེགས་བྱས་ཏེ། རྒྱ་ནག་ནང་ཨ་རིའི་གླང་ཤ་དང་འབྲས། མ་རྨོས་ལོ་ཏོག་སོགས་ནང་འདྲེན་བྱ་རྒྱུའི་ཐད་ལ་གྲོས་མོལ་བྱ་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

 

བསྐྱར་བཅོས།: ༢༠༡༧/༠༦/༢༨

Leave a Reply