རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཧོང་ཀོང་དུ་འབྱོར།

དེ་རིང་སྔ་དྲོར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཧོང་ཀོང་གནམ་ཐང་དུ་འབྱོར་ཏེ་གསར་འགོད་པ་ཚོར་ཧོང་ཀོང་མུ་མཐུད་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་འོག་འཛིན་སྐྱོང་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

དེ་རིང་ཕྱི་ཚེས་ ༢༩ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཧོང་ཀོང་དབྱིན་གཞུང་གི་འོག་ནས་རྩིས་ལེན་བྱས་ཏེ་ལོ་ངོ་ ༢༠ འཁོར་བའི་དུས་སྟོན་ལ་བསླེབས་ཡོད་པ་དང་། དེ་ནི་ཁོ་རྒྱ་ནག་གི་སྲིད་འཛིན་ཆགས་རྗེས་ཀྱི་ཧོང་གོང་ནང་སྐོར་སྐྱོད་བྱས་པ་ཆེས་ཐོག་མ་དེ་ཆགས་ཡོད་པ་རེད། སྐབས་དེར་ཧོང་ཀོང་གི་སྤྱི་ཁྱབ་ཟུར་བ་ལེན་ཀྲིན་ཡེ་དང་ཏོན་ཅིན་ཧྭ་སོགས་གནམ་ཐང་དུ་ཕེབས་བསུར་བཅར་ཡོད་འདུག

མི་རིང་བར་གཞུང་འབྲེལ་མཛད་སྒོ་ཚོགས་རྒྱུ་ཡིན་པ་མ་ཟད། ཕྱི་ཟླ་ ༧ ཚེས་ ༡ ཉིན་ཧོང་ཀོང་གི་དུས་སྟོན་མཛད་སྒོར་ཞུགས་ཏེ་གཏམ་བཤད་སྤེལ་རྒྱུ་ཡིན་འདུག འོན་ཀྱང་། ཧོང་ཀོང་གི་གྲོང་ཁྱེར་ཁག་ཏུ་རང་དབང་དང་དམངས་གཙོ་དོན་གཉེར་གནང་མཁན་ཚོས་ཁ་སང་ནས་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་བྱེད་བཞིན་ཡོད་འདུག

ཧོང་ཀོང་སློབ་མའི་ཚོགས་པའི་སྣེ་ཁྲིད་པ་རྗོ་ཤོ་ཝཱང་(Joshua Won)གཙོ་བྱས་པའི་སློབ་མ་མང་པོ་ཞིག་གིས་ཧོང་གོང་གི་ཁང་བརྩེགས་འདྲ་སྐུའི་མདུན་དུ་ངོ་རྒོལ་སྐད་འབོད་སྟ་གོན་བྱེད་ཀྱིན་ཡོད་པ་དང་། ཧོང་ཀོང་གྲོང་ཁྱེར་ལྟེ་བའི་མེ་ཏོག་དབྱིབས་ཀྱི་གསེར་མདོག་གི་རྡོ་རིང་དེ་ནི་རྒྱ་ནག་གཞུང་གིས་ཧོང་ཀོང་རྩིས་ལེན་བྱས་པའི་མཚོན་རྟགས་ལ་ལེགས་སྐྱེས་སུ་སྤྲད་པ་ཡིན་འདུག ཞི་ཅིན་ཕིན་མ་བསླེབ་པའི་སྔར་ཉིན་ནས་ངོ་རྒོལ་བྱེད་མཁན་མང་པོ་ཞིག་འཛིན་བཟུང་བཀག་བསྐྱིལ་བྱེད་བཞིན་ཡོད་འདུག

ད་ལྟ་སི་ཨིན་ཨིན་(cnn)དྲ་བའི་ཐད་གཏོང་བརྙན་འཕྲིན་ལྟར་ན། ཞི་ཅིན་ཕིན་དང་ཁོང་གི་སྐུ་ལྕམ་ཕིན་ལེ་ཡོན་(Peng Liyuan)གཉིས་ཉིན་གུང་ཆུ་ཚོད་ ༡༢ སྟེང་ཧོང་ཀོང་རྒྱལ་སྤྱིའི་གནམ་ཐང་ལ་བབ་ཡོད་པ་དང་། ཁོང་གཉིས་ཀྱི་སྡོད་གནས་མགྲོན་ཁང་གྲོང་ཁྱེར་དཀྱིལ་དབུས་སུ་ཡོད་པ་དང་། དེའི་ཉེ་འཁོར་ཡོང་ཉེན་རྟོག་པ་མང་པོས་སྐོར་ཡོད་འདུག

ཞི་ཅིན་ཕིན་གྱིས་ད་ནང་ཧོང་ཀོང་གནམ་ཐང་དུ་འབྱོར་བ་དང་ “ཧོང་ཀོང་རྩིས་ལེན་གྱི་དུས་དྲན་འདི་ནི་རྒྱལ་ཁབ་ལ་མཚོན་ན་ཧ་ཅང་གལ་ཆེ་བའི་མཛད་སྐོ་ཞིག་ཡིན་ལ། ཁོ་བོས་འདས་པའི་ལོ་ངོ་བཅུ་ཕྲག་གཉིས་རིང་གི་ཧོང་ཀོང་ལེགས་འགྲུབ་ལ་བསྔགས་བརྗོད་ཞུ་བཞིན་ཡོད་པ་དང་། ཧོང་གོང་སྔར་བཞིན་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ཐོག་ནས་རང་སྲིད་རང་རང་སྐྱོང་དང་རང་དབང་གིས་སྐྱོང་རྒྱུར་ཁེག་ཐག་བྱེད་རྒྱུ་ཡིན”ཞེས་བརྗོད་ཡོད་འདུག

ད་ལྟའི་ཆར་ཧོང་གོང་གི་གྲོང་ཁྱེར་ཕྱེད་ལྷག་དམ་དྲག་ཆེན་པོའི་འོག་གནས་ཡོད་པ་དང་། གྲོང་ཁྱེར་གཞུང་ལམ་དང་གྲོང་ཁྱེར་ལྟེ་བའི་སྤྱི་དམངས་འདུས་འདོད་ཁུལ་སོགས་སུ་ངོ་རྒོལ་བྱེད་པར་དོགས་ཏེ་མིའི་འགྲོ་སྐྱོད་གཏན་འགོག་བྱས་ཡོད་འདུག  ད་ལྟ་ཧོང་ཀོང་གཞུང་གིས་ཉེན་རྟོག་པ་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་གནད་ས་ཁག་ཏུ་བཀྲམས་ཡོད་པ་དང་། ཞི་ཅིན་ཕིན་གྲོང་ཁྱེར་ནང་འཛུལ་བར་ཁོང་གི་རླངས་འཁོར་གྱི་གཡས་གཡོན་དུ་བདེ་སྲུང་དམག་མི་མང་པོས་སྲུང་སྐྱོབ་བྱས་ཡོད་པ་རེད།

ཧོང་ཀོང་དེ་ཕྱི་ལོ་ ༡༩༩༧ ལོའི་ཟླ་ ༧ པའི་ཚེས་ ༡ ཉིན་དབྱིན་གཞུང་གིས་རྒྱ་ནག་ལ་རྩིས་སྤྲོད་བྱས་ཡོད་པ་དང་། སྐབས་དེར་པེ་ཅིན་གཞུང་གིས་(རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས།)ཞེས་པའི་སྲིད་བྱུས་འོག་ནས་ཧོང་ཀོང་དེ་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ངོ་བོར་འཛིན་སྐྱོང་བྱ་རྒྱུ་ཁས་ལེན་བྱས་ཡོད་པ་རེད།

ཐེངས་འདིའི་ཞི་ཅིན་ཕིན་གྱི་ལོ་རྒྱུས་རང་བཞིན་ལྡན་པའི་གཟིགས་སྐོར་དེས་ཧོང་ཀོང་གི་ཆབ་སྲིད་མཁའ་དབུགས་དེ་ཧ་ཅང་རྙོག་འཛིང་ཅན་ཞིག་བཟོས་ཡོད་པ་དང་། རྒྱ་ནག་གི་ཆབ་སྲིད་དམ་དྲག་གི་ཤུགས་རྐྱེན་གྱིས་ཧོང་ཀོང་གི་དམངས་གཙོ་དང་ཆབ་སྲིད་གནས་སྟངས་ལོ་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ལ། ལོ་རེ་བཞིན་ལས་འགུལ་བ་ཚོས་ཧོང་ཀོང་ལ་ཆབ་སྲིད་ཀྱི་རང་དབང་ཤུགས་ཆེ་ཙམ་དགོས་པའི་ངོ་རྒོལ་བསྟུད་མར་བྱེད་ཀྱི་ཡོད།

༢༠༡༢ ལོར་རྒྱ་ནག་གི་སྲིད་འཛིན་ཟུར་བ་ཧུའུ་ཅིན་ཐའོ་(Hu Jintao)ཧོང་གོང་རྒྱ་ནག་ལ་རྩིས་སྤྲད་དེ་ལོ་འཁོར་ ༡༥ འཁོར་བའི་དུས་དྲན་མཛད་སྒོར་བཅར་སྐབས། ངོ་རྒོལ་བ་སྟོང་ཕྲག་མང་པོས་རྔམ་སྟོན་ཁྲོམ་སྐོར་བྱེད་བཞིན་པར་གདོང་ཐུག་བརྒྱབ་ཡོད།

༢༠༡༤ ལོའི་ཟླ་ ༩ པའི་ནང་ཧོང་ཀོང་གྲོང་ཁྱེར་ལྟེ་བར་མི་མང་པོ་འདུ་འཛོམས་ཀྱིས་ཧོང་ཀོང་ལ་དམངས་གཙོ་ཡང་དག་པ་ཞིག་དགོས་པའི་རེ་འདུན་བཏོན་ཏེ། སློབ་ཕྲུག་གཙོས་པའི་མི་མང་ཁྲི་ ༤ ལྷག་གིས་ཉིན་ཞག་ཁ་ཤས་རིང་ངོ་རྒོལ་ལས་འགུལ་སྤེལ་ཡོད།

ཕྱི་ཟླ་ ༧ ཚེས་ ༡ ཏེ་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་ལོ་ ༢༠ འཁོར་བའི་དུས་དྲན་མཛད་སྒོའི་སྟེང་། ཞི་ཅིན་ཕིན་གྱིས་ཧོང་གོང་ལ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་འོག་ནས་རང་སྲིད་རང་སྐྱོང་གི་སྲིད་ཇུས་སོགས་ཀྱི་སྐོར་ནས་གཏམ་བཤད་བྱ་རྒྱུ་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༦/༢༩

Leave a Reply

One thought on “རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཧོང་ཀོང་དུ་འབྱོར།

  1. གཞུང་པ་ཚེ་དབང་བསོད་ནམས་

    ཁྲམ་དང་གཡོ་རྒྱུའི་ལས་ལ་སྦྱང་ཆུབ་ནས་།
    ཁྱིམ་ཚེས་རྒྱལ་ཁབ་ཧམ་བཤད་བཙན་འོག་བསྡུས་།
    མ་ཝོ་ཤི་བའི་འདྲེ་ངན་རྣམ་ཤེས་དེ་།
    རྒྱ་ནག་ཚང་གི་འགོ་འཁྲིད་རིམ་པར་ཐིམ་།