ཨོ་སི་ཊོ་ལི་ཡའི་བལ་ཡུལ་གཞུང་ཚབ་གསར་པ།

ཉེ་ལམ་ཨ་སི་ཊོ་ལི་ཡའི་བལ་ཡུལ་གཞུང་ཚབ་ཆེན་མོར་མིང་ལ་ཀླུ་སྐྱིད་ཟེར་བའི་བལ་ཡུལ་ཤར་པའི་བུད་མེད་ཅིག་བསྐོ་བཞག་གནང་ཡོད་པ་དང་འབྲེལ་ཏེ་གནས་ཚུལ་དེའི་ཐད་བོད་པའི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གླེང་སློང་སྣ་ཚོགས་འབྱུང་བཞིན་འདུག

ཉིན་འདི་འགར་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་བུ་མོ་ལོ་ན་བཞི་ཅུ་ཡས་མས་ཅན་ཞིག་གིས་བོད་པའི་བུད་མེད་ཀྱི་ཕྱུ་པ་གྱོན་ཞིང་། པང་གདན་ཁྲ་བོ་བརྒྱབ་སྟེ་ཕྱི་རྒྱལ་དཔོན་རིགས་ཤིག་ལ་མཇལ་འཕྲད་གནང་གི་ཡོད་པ་དང་། སྐབས་དེར་ཁོང་མོར་ཕེབས་བསུ་ཞུ་མཁན་དང་། སྐུ་སྲུང་དམག་མི་སོགས་ཧ་ཅང་གྲ་རྒྱས་པོ་གནང་གི་ཡོད་པའི་པར་མང་པོ་ཞིག་ཁྱབ་བཞིན་ཡོད་པ་དེར། བོད་མི་འགའ་རེས་དེ་ནི་བལ་ཡུལ་གྱི་སྲིད་འཛིན་གཞོན་པ་རེད་ཟེར་བ་དང་། ཡང་ཁག་ཅིག་གིས་ཨོ་སི་ཊོ་ལི་ཡའི་བལ་ཡུལ་གཞུང་ཚབ་ཆེན་མོ་རེད་ཟེར་སོགས་ཀྱི་བགྲོ་གླེང་ཡོང་གི་ཡོད་པ་མ་ཟད། པར་སྟེང་གི་ཁོང་མོའི་གཟུགས་བྱད་དང་ཤ་མདོག ལུས་ཀྱི་གྱོན་ཆས་སོགས་ལ་བལྟས་ཏེ་ཁོ་མོ་བོད་པ་ཡིན་མིན་དང་། ད་ལྟ་བལ་ཡུལ་མངའ་ཁོངས་སུ་ཡོད་པའི་ཤར་པ་དང་དོལ་པོ། ལྷོ་པ་སོགས་བོད་རིགས་ཡིན་མིན་གྱི་རྩོད་པའང་འགྲོ་བཞིན་འདུག

བལ་ཡུལ་གཞུང་གི་ཕྱི་རྒྱལ་གཞུང་ཚབ་དྲ་ཚིགས་སྟེང་གནས་ཚུལ་འཁོད་པ་ལྟར་ན། ད་ལྟའི་བལ་ཡུལ་སྲིད་འཛིན་ལྕམ་བྷ་ཧན་ཌ་རེ་ (Devi Bhandari) ལགས་ཀྱིས་བལ་ཡུལ་བློན་ཆེན་ལྷན་ཚོགས་བརྒྱུད་དེ། ཟླ་སྔོན་མའི་ཕྱི་ཚེས་ ༡༨ ཉིན་ལྕམ་ཤར་པ་ཀླུ་སྐྱིད་དམ། ལྷ་སྐྱིད་ཤར་པ་(Lucky Sherpa)ཞུ་བའི་བུད་མེད་ཅིག་ཨོ་སི་ཊོ་ལི་ཡའི་ནང་གི་བལ་ཡུལ་གཞུང་ཚབ་ཆེན་མོར་བསྐོ་བཞག་བྱས་ཡོད་པ་ཉེ་ཆར་ཕྱག་ལས་དངོས་སུ་མགོ་འཛུགས་གནང་ཡོད་པ་དང་། དེ་ནི་བལ་ཡུལ་གཞུང་ཚབ་ལོ་རྒྱུས་ནང་བལ་ཡུལ་གྱི་བུད་མེད་ཅིག་ཕྱིའི་རྒྱལ་ཁབ་ཀྱི་བལ་ཡུལ་གཞུང་ཚབ་གནང་བ་ཐོག་མ་དེ་ཆགས་ཡོད་འདུག

ལྕམ་ཤར་པ་ཀླུ་སྐྱིད་ལགས་ ༢༠༠༨ ནས་ ༢༠༡༢ ལོའི་བར་བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་གནང་ཡོད་པ་དང་། བལ་ཡུལ་གྱི་སྲིད་དོན་ལོ་རྒྱུས་ནང་། ཤར་པ་མི་རིགས་ཀྱི་བུད་མེད་ཅིག་ཆབ་སྲིད་ཀྱི་སྡིངས་ཆའི་ཐོག་བསླེབས་པ་ཐེངས་དང་པོ་དེའང་ཆགས་ཡོད་འདུག ཁོང་མོ་དེ་སྔོན་བལ་ཡུལ་གྲོས་ཚོགས་ནང་ཡོད་སྐབས། རྒྱལ་སྤྱིའི་འབྲེལ་མཐུད་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཅས་ཀྱི་ཚོགས་མི་ཡིན་པ་མ་ཟད། བལ་ཡུལ་གྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་ལྗང་མདོག་འཛུགས་སྐྲུན། དཔལ་འབྱོར་དང་འགྲོ་བ་མིའི་ཐོབ་ཐང་གོང་སྤེལ་ཚོགས་པ། དེ་བཞིན། ཕྱི་རྒྱལ་གྱི་རྒྱལ་སྤྱི་རང་བཞིན་གྱི་ཚོགས་སྡེ་ཁག་ཅིག་བཅས་སུའང་ཕྱག་ལས་མང་པོ་གནང་ཡོད་འདུག

ད་ཆར་ཁོང་མོ་ཨོ་སི་ཊོ་ལེ་ཡའི་ནང་རྟེན་གཞི་བྱེད་པའི་བལ་ཡུལ་གཞུང་ཚབ་ཆེན་མོ་ཡིན་པ་མ་ཟད། ད་དུང་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ། རང་བྱུང་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་རྒྱལ་སྤྱིའི་ཚོགས་སྡེ་ཁག་མང་པོ་ཞིག་གི་སློབ་སྟོན་པའི་འགན་མུ་མཐུད་དུ་འཁུར་བཞིན་ཡོད་པ་དང་། དེ་སྔ་ཁོང་མོར་བལ་ཡུལ་ནང་དང་ཕྱི་རྒྱལ་བཅས་ནས་བྱས་རྗེས་ལ་ངོས་འཛིན་གཟེངས་རྟགས་ཀྱང་མང་པོ་ཞིག་གནང་མྱོང་ཡོད་འདུག

༢༠༠༧ ལོར་ཨ་རིའི་ནང་ཡོད་པའི་རྒྱལ་སྤྱིའི་བུད་མེད་ཀྱི་འགྲོ་མིའི་ཐོབ་ཐང་ཚོགས་པ་(IWHRO) ཞེས་པས། ལྕམ་ཤར་པ་ཀླུ་སྐྱིད་ལགས་ལ་ “འཛམ་གླིང་ཞི་བདེ་ཡི་གཞོན་སྐྱེས་གཞུང་ཚབ” (Youth Ambassador for Peace) དང“བུད་མེད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཞོན་སྐྱེས་དབུ་ཁྲིད” (Young Women Human Rights Leader) བཅས་ཀྱི་གཟེངས་རྟགས་ཕུལ་ཡོད་འདུག

ལྕམ་ཤར་པ་ཀླུ་སྐྱིད་ལགས་ནི་ ༢༠༠༡ ལོར་བལ་ཡུལ་ཊི་རེ་བྷུ་ཝན་གཙུག་ལག་སློབ་ཆེན་ (Tribhuvan University)ཞེས་པའི་དཔལ་འབྱོར་སྡེ་ཁག་ནས་སློབ་མཐར་ཕྱིན་ཡོད་པ་དང་། དེ་ནི་བལ་ཡུལ་ནང་གི་ཤར་པ་མི་རིགས་ཀྱི་བུད་མེད་ཅིག་གིས་ཞིབ་འཇུག་སློབ་མའི་ཐོབ་ཐང་བླངས་པ་ཐེངས་དང་པོ་དེ་ཆགས་ཡོད་འདུག དེའི་རྗེས་ཁོ་མོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ངལ་རྩོལ་སྒྲིག་འཛུགས་ (ILO) ཀྱི་མཐུན་འགྱུར་འོག ཨ་རིའི་ཧ་ཝར་ཌི་གཙུག་ལག་སློབ་ཆེན་ནང་ཞུགས་ཏེ་ཆབ་སྲིད་དབུ་ཁྲིད་གནང་ཕྱོགས་སྐོར་ལ་ཆེད་སྦྱོང་གནང་ཡོད་འདུག

བལ་ཡུལ་ནང་ཡོད་པའི་དོལ་པོ་ (Dolpo) དང་ལྷོ་བ་ (Lhopa)། སྙེ་ཤང་ (Nyeshyang) དང་མུ་ཁུམ་ (Mugum)། ནུབ་རི་ (Nubri) དང་ཡོལ་མོ་ (Hyolmo)། ཤར་པ་ (Sherpa) སོགས་གཙོ་བྱས་ཏེ། རྒྱ་བལ་འབྲུག་གསུམ་ནང་གི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་མང་པོ་ཞིག་བོད་མིའི་རིགས་རྒྱུད་ཡིན་པ་བྱུང་རབས་ལོ་རྒྱུས་དེབ་ཐེར་ཁག་ཏུ་གསལ་བོར་འཁོད་ཡོད་པ་མ་ཟད། ད་ལྟ་ད་དུང་མི་རིགས་དེ་དག་གི་སྐད་ཡིག་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་སོགས་བོད་པ་གཅིག་མཚུངས་ཆགས་ཡོད་ལ། བོད་ནང་དང་རྒྱ་གར་ནང་གི་བོད་པའི་དགོན་སྡེ་ཁག་དང་སློབ་གྲྭ་ཁག་ཏུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཚོས་བསླབ་པ་སློབ་གཉེར་གནང་བཞིན་ཡོད་པ་རེད།

ཀ་ཐ་མན་ཌུ་ཆ་འཕྲིན་ (Kathmandupost) ཞེས་གསར་ཁང་གིས་སྤེལ་བའི་དཔྱད་རྩོམ་ཞིག་གི་ནང་། བལ་ཡུལ་ནང་ཡོད་པའི་དོལ་པོ་ (Dolpo) དང་ལྷོ་བ་ (Lhopa)། སྙེ་ཤང་ (Nyeshyang)། མུ་ཁུམ་ (Mugum)། ནུབ་རི་ (Nubri) དང་ཡོལ་མོ་ (Hyolmo)། ཤར་པ་ (Sherpa) སོགས་ཀྱི་ས་གནས་རིག་གཞུང་དེ་བོད་པའི་རིག་གཞུང་དང་འདྲ་བོ་ཡོད་ཀྱང་མི་རིགས་དེ་དག་བོད་རིགས་མིན་པ་དང་། འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ནང་ས་གནས་དེའི་མི་མང་གིས་འོས་ལངས་ངོ་རྒོལ་བྱས་ཏེ་མི་ ༡༨༠༠༠ ལྷག་གི་ཚེ་སྲོག་ཤོར་ཡོད་ཅིང་། གྲངས་ཉུང་མི་རིགས་དེ་དག་ཚང་མ་བལ་ཡུལ་གཞུང་གི་འཛིན་སྐྱོང་འོག་ཡོད་པ་མ་ཟད། ས་གནས་གྲངས་ཉུང་མི་རིགས་དེ་དག་ལ་བལ་ཡུལ་མི་མང་ཞེས་འབོད་ཀྱི་ཡོད་པ། ས་གནས་མི་མང་གིས་འོས་ལངས་བྱེད་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི། བལ་ཡུལ་ནང་གི་མི་ཕཱ་ཧཱ་ཌེ་ (Pahadi) མི་རིགས་ཚང་མ་བྷོ་ཊི་ (Bhote) དང་བོད་རིགས་ཡིན་མིན་གྱི་རྩོད་གླེང་བྱུང་བ་ཡིན་ལུགས་སོགས་འཁོད་འདུག

ཐེངས་འདིར་ཨོ་སི་ཊོ་ལི་ཡའི་བལ་ཡུལ་གཞུང་ཚབ་ཆེན་མོར་བསྐོ་བཞག་གནང་བའི་ཤར་པ་ཀླུ་སྐྱིད་ལགས་ཀྱི་ཨ་ཕའི་མིང་ལ་ཤར་པ་སུན་ཌར་ (Shyam Sundar Sherpa) ཟེར་བ་དང་། ཁོང་བལ་ཡུལ་གྱི་ཊི་རེ་བྷུ་ཝན་གཙུག་ལག་སློབ་ཆེན་ (Tribhuvan University) གྱི་དགེ་རྒན་ཆེན་མོ་ཞིག་ཡིན་ཞིང་། ཁོང་བལ་ཡུལ་ནང་གི་མའོ་དམར་ཤོག་ལ་ངོ་རྒོལ་ཁ་གཏད་གཅོག་མཁན་གཙོ་གྲས་ཤིག་ཀྱང་ཡིན་འདུག

གསར་འགོད་པ། པདྨ་རྒྱལ་གྱིས་བསྡུ་སྒྱུར་བྱས།

བསྐྱར་བཅོས།: ༢༠༡༧/༠༦/༢༩

Leave a Reply to ཨ་རིག་གནས་རྒྱམ། Cancel Reply

2 thoughts on “ཨོ་སི་ཊོ་ལི་ཡའི་བལ་ཡུལ་གཞུང་ཚབ་གསར་པ།

  1. ཧམ་པ་བཤད་ནི་མིན་ར། བོད་གདོང་འདྲ་བོ་ཞིག་གིས་བོད་ཆས་གྱོན་ནས་རྒྱལ་ཁབ་ཅིག་གི་གཞུང་ཚབ་པའི་མིང་ཐོག་ནས་ཕེབས་བཞིན་པ་དེ་མཐོང་ན་དགའ་ནི་ཞིག་རེད།

  2. ཨ་རིག་གནས་རྒྱམ།

    ལོ་རྒྱུས་ནི་ནམ་ཡང་ལོ་རྒྱུས་ཡིན། ཧི་མ་ལའི་ས་ཁུལ་འདི་དག་བོད་པ་ཡིན་མིན་སུ་ལ་ཡང་དོགས་པ་སྐྱེ་དགོས་དོན་མེད། འོན་ཀྱང་དེང་སང་ང་ཚོས་གནས་སྟངས་འདིས་དབང་གིས་སྐབས་འདི་འདྲ་ཞིག་ལ་སླེབས་པ་རེད། ད་ནི།རང་མགོ་མི་ཐོན་མང་པོའི་ཚོགས་དཔོན་བྱེད།།ཟེར་མ་རེད་དམ།