རྒྱ་གར་རྒྱལ་ཡོངས་ཀྱི་དངོས་ཟོག་དཔྱ་ཁྲལ་བཅོས་བསྒྱུར་བཏང་།

རྒྱ་གར་གཞུང་གིས་ཁེ་ལས་སྲི་ཞུ་དང་དངོས་ཟོག་གི་ཁྲལ་རིགས་བཅོས་བསྒྱུར་བཏང་སྟེ། རྒྱ་གར་རྒྱལ་ཡོངས་ཀྱི་དངོས་ཟོག་ཁྲོམ་ར་གཅིག་སྡུད་ཀྱི་རྣམ་པ་བཟོ་རྒྱུ་ཡིན་འདུག

བྷེ་བྷེ་སེ་གསར་ཁང་གིས་ ༢༠༡༧།༧།༡ ཉིན་སྤེལ། མདང་དགོང་རྒྱ་གར་གྲོས་ཚོགས་ཀྱིས་དམིགས་བསལ་ཚོགས་འདུ་བསྡུས་ཏེ་རྒྱ་གར་གྱི་ལོ་རྒྱུས་རང་བཞིན་ཀྱི་དཔྱ་ཁྲལ་སྲིད་ཇུས་ལ་བཅོས་བསྒྱུར་བཏང་ཡོད་འདུག རྒྱ་གར་གཞུང་གིས་ཁེ་ལས་སྲི་ཞུ་དང་དངོས་ཟོག་གི་དཔྱ་ཁྲལ་གསར་བ་ (GST) དེའི་ནང་། གཞུང་སྲོལ་དམ་འཛིན་ (red tape) རིགས་མེད་པ་བཟོ་རྒྱུ་དང་། གཞུང་ཁྲལ་འབབ་སྒོ་ (revenue) ཇེ་མཐོར་བཏང་སྟེ། དཔལ་འབྱོར་འཕེལ་རྒྱས་ཇེ་མཐོར་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག

རྒྱ་གར་དཔལ་འབྱོར་བློན་ཆེན་ཇེ་ཊ་ལེ་ (Arun Jaitley) ལགས་ཀྱིས། ཐེངས་འདིའི་དཔྱ་ཁྲལ་བཅོས་བསྒྱུར་དེས་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་བརྒྱ་ཆ་ ༢ ཇེ་མཐོར་གཏོང་ཐུབ་པར་བཤད་འདུག

རྒྱ་གར་ཚོང་ལས་སྡེ་ཁག་གིས། གཞུང་ཕྱོགས་ནས་དཔྱ་ཁྲལ་གསར་བ་དེ་ལག་ལེན་བསྟར་བར་ཆུ་ཚོད་མང་པོ་དགོས་ཀྱི་ཡོད་པ་དང་། ཁོ་ཚོས་གཞུང་གི་དཔྱ་ཁྲལ་གསར་བ་དེར་གྲ་སྒྲིག་གང་ཡང་མེད་པའི་སེམས་ཁྲལ་ཡོད་སྐོར་བརྗོད་འདུག་ལ། ཐ་ན་ཚོང་ལས་སྡེ་ཁག་མང་པོ་ཞིག་ལ་ཁེ་ལས་སྲི་ཞུ་དང་དངོས་ཟོག་གི་དཔྱ་ཁྲལ་གསར་བའི་འབྲེལ་མཐུད་བརྒྱུད་ (GST network) ནས་དཔྱ་ཁྲལ་གསར་བར་ཐོ་འགོད་བྱེད་པའི་གློག་ཀླད་ཀྱང་མེད་པའི་དཀའ་ངལ་འབྱུང་བཞིན་ཡོད་འདུག

རྒྱ་གར་གྱི་ (EY) ཚོང་གཉེར་ཁང་གི་འགན་འཛིན་ཧཱ་རེ་ཤཱན་ཀར་ (Harishankar) ལགས་ཀྱིས་བྷེ་བྷེ་སེ་གསར་ཁང་ལ་བཤད་རྒྱུར། “ད་ལྟའི་བར་རྒྱ་གར་ནང་དཔྱ་ཁྲལ་བཅོས་བསྒྱུར་འདི་འདྲ་བཏང་མྱོང་ཡོད་པ་མ་རེད” ཅེས་ཟེར།

ཐེངས་འདིའི་དཔྱ་ཁྲལ་གསར་བའི་འོག རྒྱ་གར་གྱི་གཞི་རྩའི་དཔྱ་ཁྲལ་གཏན་འབེབས་བཞི་ (5% 12% 18% 28%.) གཞིར་བཟུང་སྟེ་ཁེ་ལས་སྲི་ཞུ་དང་དངོས་ཟོག་ལ་ཁྲལ་རྒྱག་རྒྱུ་ཡིན་འདུག

མང་ཚོགས་ཀྱི་ཉིན་རེའི་མཁོ་དངོས་འོ་མ་དང་སྔོ་ཚལ་རིགས་ཀྱི་ཁྲལ་ཆག་ཡང་གཏོང་རྒྱུ་ཡིན་འདུག ཡིན་ནའང་དངོས་ཟོག་དེ་རིགས་གཞུང་གི་དཔྱ་ཁྲལ་ནང་ཚུད་ཡོད་པ་རེད།

རྒྱ་གར་གྱི་དཔལ་འབྱོར་དབྱེ་ཞིབ་པ་ཚོས། དཔྱ་ཁྲལ་གསར་བ་དེ་ལ་བརྟེན་ནས། རྒྱ་གར་གྱི་ཁེ་ལས་སྲི་ཞུ་དང་དངོས་ཟོག་གི་ཁྲལ་ཇེ་མཐོར་འགྲོ་རྒྱུ་ཡིན་པ་མ་ཟད། འབྱུང་འགྱུར་ཟླ་བ་ཁ་ཤས་རིང་རྒྱ་གར་དཔལ་འབྱོར་འཕེལ་རྒྱས་ཀྱི་འགྲོས་ཇེ་དལ་དུ་འགྲོ་སྲིད་ནའང་། མ་འོངས་པར་དཔྱ་ཁྲལ་བཅོས་བསྒྱུར་དེས་རྒྱ་གར་གྱི་དཔལ་འབྱོར་འཕེལ་ལ་ནུས་པ་ཆེན་པོ་འཐོན་རྒྱུ་ཡིན་པར་ཚོད་དཔག་བྱེད་ཀྱིན་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༧/༠༣

Leave a Reply

2 thoughts on “རྒྱ་གར་རྒྱལ་ཡོངས་ཀྱི་དངོས་ཟོག་དཔྱ་ཁྲལ་བཅོས་བསྒྱུར་བཏང་།

  1. གཞུང་པ་ཚེ་དབང་བསོད་ནམས་

    གནས་ཡུལ་རྒྱལ་ཁབ་ཀྱིས་དཔལ་འབྱོར་ཕྱི་གསལ་ནང་གསལ་དང་འཕེལ་རྒྱས་ལ་རྒྱོང་རྒུན་ཆེན་པོ་བཟོ་མཁན་གྱིས་ལྐོག་ཟ་རུལ་སྲུང་དང་ནག་ཚོང་སོགས་རྒྱོང་རྒུན་ཆེན་པོ་བཟོ་མཁན་དེ་དག་འགོག་ཐབས་སུ་སྔ་ལོ་དངུལ་ལོར་གསར་བརྗེའི་ལས་འགུལ་དང་འདི་ལོ་དངོས་ཟོག་དང་བསྐུལ་གླ་སོགས་ལ་ཡོངས་ཁྱབ་གཅིག་བརྒྱུར་གྱི་ཁྲལ་ཁྲིམས་གསར་པ་བརྒྱ་ཆ་ལྔ་ནས་བརྒྱ་ཆ་ཉི་ཤུ་རྩ་བརྒྱད་བར་ཡུལ་མིའི་དགོས་མཁོ་དང་དཔལ་འབྱོར་གནས་བབས་ལ་་ཞིག་པའི་བརྒྱ་ཆ་དམའ་འབྲིང་བར་མཐོ་བཅས་དུམ་བུ་བཞི་གཅིག་བསྡུས་ཁྲལ་ཁྲིམས་གཏན་འབེབས་གནང་བ་འདིའི་བརྒྱུད་ནས་བོད་མི་བཙན་བྱོལ་བའི་འཚོ་བའི་ལས་གཞི་ལ་བརྡོ་ཕོག་མི་འགྲོ་བའི་འགན་འཁུར་དབུས་བོད་མིའི་སྒྲིག་འཛུགས་དང་བལ་ཚོང་ཚོགས་པ་སོགས་ནས་མི་མང་ལ་གནས་ཡུལ་རྒྱལ་ཁབ་ཀྱིས་དངོས་ཟོག་དང་བསྐུལ་གླ་བཅས་པའི་ཁྲལ་ཁྲིམས་གསར་པ་དེ་དག་ངོ་སྤྲོད་དང་ཟབ་སྦྱོང་སོགས་ངོ་སྤྲོད་ཐུབ་པའི་ཁྱད་མཁས་མི་སྣ་མང་ཚོགས་མདུན་གདན་འདྲེན་ཞུ་དགོས་པ་དེ་ང་ཚོ་བོད་མི་ཚོ་གནས་ཡུལ་རྒྱལ་ཁབ་ཀྱིས་ཁྲལ་ཁྲིམས་གསར་པའི་འོག་ཁྲིམས་མཐུན་དུ་ཡུལ་མི་དང་མཉམ་འཚོ་ཐུབ་དགོས་པ་དེ་གལ་ཆེན་ཞིག་ལ་ངོས་འཛིན་ཞུ་གི་ཡོད་།