རྐང་སྤོལ་རྩེད་མཁན་གྲགས་ཆེན་མེ་སི་ཡི་དུས་རབས་འདིའི་གཉེན་སྟོན།

མེ་སི་ནི་ཨར་ཇན་ཊི་ནའི་ཁྱིམ་ཚང་དཀྱུས་མ་ཞིག་ནས་སྐྱེས་ཏེ་ཆུང་དུས་ནས་རྐང་སྤོལ་ལ་དགའ་ཞིང་། ད་ལྟ་ཁོང་འཛམ་གླིང་གི་རྐང་སྤོལ་རྩེད་མཁན་ཨང་དང་པོར་བརྩི་བཞིན་པའི་སྐབས་འདིར། ཁོ་བོ་ཕྱིར་རང་གི་ཕ་ཡུལ་དུ་ལོག་སྟེ་ཆུང་འདྲིས་བྱམས་པ་དང་ལྷན་དུ་གཉེན་སྒྲིག་བྱས།

སི་ཨིན་ཨིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་འཛམ་གླིང་གི་རྐང་རྩེད་སྤོ་ལོ་རྩེད་མཁན་གྲགས་ཆེན་སྐུ་ཞབས་ལཱོ་ནིལ་མེ་སི་(Lionel Messi)ལགས་ཀྱིས་ཁོ་རང་གི་སྐྱེས་ཡུལ་ཨར་ཇིན་ཊི་ནའི་གྲོང་ཁྱེར་རཱོ་ས་རའོ་(Rosario)ཞེས་པའི་ནང་། ཁོ་རང་གི་ཆུང་གྲོགས་ཨན་ཊོ་ནེ་ལཱ་(Antonella Roccuzzo)དང་ལྷན་དུ་གཉེན་སྒྲིག་གི་སྟོན་མོ་བྱས་ཡོད་འདུག

སྐུ་ཞབས་མེ་སི་ནི་ད་ལྟའི་ལོ་རབས་འདིའི་ནང་གི་འཛམ་གླིང་གི་རྐང་རྩེད་སྤོ་ལོ་རྩེད་མཁན་ཨང་དང་པོར་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། ཁོང་ལ་དགའ་རོགས་བསྒྲིག་འདོད་མཁན་དང་གཉེན་སྒྲིག་བྱེད་འདོད་མཁན་འཛམ་གླིང་ཐོག བུད་མེད་མཛེས་མ་དང་ཕྱུག་བདག འཁྲབ་སྟོན་མ་དང་སྒྱུ་རྩལ་པ། གཞས་མ་སོགས་ཧ་ཅང་མང་པོ་ཡོད་ཀྱང་། མེ་སི་ཡིས་ཨན་ཊོ་ནེ་མི་ཚ་གཏན་གྲོགས་སུ་བདམས་ཏེ་ཚེ་གང་བོར་ཁོང་མོ་དང་ལྷན་དུ་མི་ཚེ་བསྐྱལ་རྒྱུའི་མདུན་མ་བཅོལ་བ་དེས་འཛམ་གླིང་བརྩེ་དུང་ལྡན་པ་ཞིག་ཏུ་བསྒྱུར།

ཁོང་གཉིས་ཀྱི་གཉེན་སྒྲིག་གི་མཛད་སྒོའི་སྟེང་སྐུ་མགྲོན་ ༢༥༠ ལྷག་ཡོད་པ་དང་། དེའི་ཁྲོད་མེ་སི་རང་ཉིད་ཀྱི་བྷར་སི་ལཱོ་ནཱ་(Barcelona)རྐང་སྤོལ་རུ་ཁག་གི་རྩེད་རོགས་ཉི་མཱར་(Neymar)དང་ལུ་སི་སུ་རན་རྫི་(Luise Suarez)། དེ་བཞིན། གྷར་ཌི་པེ་ཁའེ་(Gerard Pique)དང་ཁོའི་སྐྱེས་མེད། ཁའོ་ལོམ་བྷི་ཡའི་(Colombia)གཞས་མ་གྲགས་ཅན་ཤཱ་ཁི་རཱ་(Shakira)སོགས་ཕེབས་ཡོད་འདུག

གསར་འགོད་པ་ ༡༥༠ ལྷག་གིས་ཁོང་གཉིས་ཀྱི་གཉེན་སྒྲིག་གི་ཆོ་ག་དེ་འཛམ་གླིང་ལ་བསྒྲགས་འདོད་ཡོད་ཀྱང་། ཁོ་ཚོ་གཉེན་སྒྲིག་མཛད་སྒོའི་སྟེང་ཐད་ཀར་ཞུགས་ཐུབ་མེད་སྟབས། ལས་རིམ་དེ་འཛམ་གླིང་ལ་ཐད་གཏོང་བྱེད་ཐུབ་མེད།

ཐེངས་འདིར་ཁོང་གཉིས་གཉེན་སྒྲིག་བྱེད་ཡུལ་དེ་ནི། ཨར་ཇན་ཊི་ནའི་ལཱ་སི་ཧྥི་ལཱོར་སི་(Las Flores)མངའ་སྡེའི་ནང་གི་ནག་ཚོགས་མང་སའི་གྲོང་ཁྱེར་ཉེན་ཁ་ཅན་ཞིག་ཡིན་སྟབས། ཨར་ཇན་ཊི་ན་གཞུང་གིས་དམིགས་བསལ་སྦྱོང་བརྡར་ཅན་གྱི་བདེ་སྲུང་དམག་མི་ ༣༥༠ འགྲེམས་འཇོག་གིས་གཉེན་སྒྲིག་སྟོན་མོའི་བདེ་འཇགས་སྲུང་སྐྱོབ་བྱས་ཡོད་འདུག

དེང་སྐབས་ཨར་ཇན་ཊི་ནའི་ནང་ཆབ་སྲིད་འཁྲུག་ཆ་རྒོད་ཅིང་། གསར་ལམ་ཁག་ཡོངས་རྫོགས་ནང་ཆབ་སྲིད་འོས་བསྡུའི་སྐོར་གླེང་སློང་ཤུགས་ཆེན་འགྲོ་བཞིན་ཡོད་ཀྱང་། མེ་སི་གཉེན་སྒྲིག་དེས་ཨར་ཇན་ཊི་ནའི་བརྒྱུད་ལམ་ཁག་གི་ཁ་ཕྱོགས་གཞན་ཞིག་ཏུ་བསྒྱུར་ཡོད་པ་རེད།

ལོ་ན་ ༣༠ ཡིན་པའི་རྐང་སྤོལ་ཆེད་མཁས་བ་མེ་སི་ཡིས་ཕྱིར་རང་གི་སྐྱེས་ཡུལ་དུ་གཉེན་སྒྲིག་བྱས་པ་དེའི་སྐོར་ལ་སྐུ་ཞབས་ཨེ་རི་ཁུ་(Enrique Dominguez)ལགས་ཀྱིས།  མེ་སི་མ་གཞི་ནས་མི་དུང་ཞེན་ཅན་ཞིག་ཡིན་ལ། ཐེངས་འདིར་ཁོས་རང་ཉིད་ཀྱི་ཆུང་གྲོགས་དང་ལྷན་དུ་ཕྱིར་རང་གི་སྐྱེས་ཡུལ་ནས་གཉེན་སྒྲིག་བྱེད་དོན་ནི། སི་པན་གྱི་རྐང་སྤོལ་ཚོགས་པའི་འགན་འཛིན་ཚོར་མེ་སི་ཁོ་རང་འཚར་བྱུང་སའི་ས་ཆ་དེར་ལྟོས་ཟེར་གྱི་ཡོད་པ་རེད། ཅེས་བརྗོད་ཡོད། སྐུ་ཞབས་ཨེ་རི་ཁུ་སྔོན་ཆད་མེ་སི་ཡི་རྐང་སྤོལ་སློབ་སྟོན་པ་ཡིན་འདུག

ལིན་ཌརོ་(Leandro Macaya)ཡིས་བརྗོད་དོན་ “མེ་སི་ཡིས་གཉེན་སྒྲིག་ཟླ་བའི་སྟེང་ནས་རོལ་ཀྱང་ཆོག་ལ། འཛམ་གླིང་གི་ཡུལ་སྐོར་གླིང་ཁ་སྐད་གྲགས་ཆེ་ཤོས་ཌའོ་བྷེ་(Dubai)དང་སོགས་ས་ཆ་གང་ཞིག་ཏུ་གཉེན་སྟོན་བྱེད་འདོད་ཀྱང་། ཁོང་ལ་ཆ་རྐྱེན་ཆ་ཚང་འཛོམས་ཡོད་ཀྱང་། ཁོས་རང་གི་སེམས་ཀྱི་ས་ཆ་དེ་བདམས་སོང་”ཞེས་བརྗོད་ཡོད།

རྐང་སྤོལ་རྩེད་མཁན་ལཱོ་ཁ་སི་ཇི་ལི་ཡ་(Lucas Scaglia)ནི་མེ་སི་ཡི་ཆུང་དུས་ཀྱི་གྲོགས་པོ་ཡག་ཤོས་དེ་ཡིན་པ་དང་། ཁོང་གཉིས་ཆུང་དུས་ནའེ་ཝལ་(Newell) བྱིས་པའི་རུ་ཁག་ཏུ་རྐང་རྩེད་སྤོ་ལོ་མཉམ་དུ་རྩེད་བཞིན་པའི་སྐབས་སུ་མེ་སི་ནམ་རྒྱུན་རང་གི་གྲོགས་པོ་ཇི་ལི་ཡའི་ནང་དུ་སྡོད་བཞིན་ཡོད་པ་དང་། སྐབས་དེར་ཁོ་རང་གི་གྲོགས་པོའི་ཚ་མོ་ཨན་ཊོ་ནཱེ་ལཱ་ལ་སེམས་པ་ཤོར་ཡོད་འདུག

མེ་སི་ལོ་ན་ ༡༣ སྟེང་རང་གི་ནང་མི་དང་ཆུང་གྲོགས་སོགས་ཨར་ཇན་ཊི་ནའི་ནང་བཞག་སྟེ་སི་པན་དུ་རྐང་སྤོལ་རྩེད་བར་ཕྱིན་ཡོད་པ་དང་། ཁ་སང་མེ་སི་ཡིས་ལོ་ངོ་མང་པོའི་རྗེས་ལ་འཛམ་གླིང་གི་རྐང་སྤོལ་རྩེད་མཁན་གྲགས་ཆེན་ཨང་དང་པོའི་མིང་བྱང་བསྣམས་ཏེ་ཕྱིར་རང་གི་ཕ་ཡུལ་དུ་ཡོང་སྟེ་ཆུང་གྲོགས་ཨན་ཊོ་ནེ་ལཱ་དང་ལྷན་དུ་གཉེན་སྒྲིག་བྱས།

མེ་སི་ཡི་རྐང་སྤོལ་སློབ་སྟོན་པ་སྐུ་ཞབས་ཨེ་རི་ཁུ་ལགས་ཀྱིས་བརྗོད་དོན།  མེ་སི་ལ་གཉེན་སྒྲིག་གི་རེ་འདུན་འདོན་མཁན་མང་པོ་ཡོད་པ་དང་། ཁོས་འཛམ་གླིང་གི་མཛེས་མ་གྲགས་ཆེན་དང་ཕྱུག་བདག་རྒྱུ་ཆེན་སོགས་གང་འདོད་དུ་འདེམ་ཆོག་པ་མ་ཟད། འཛམ་གླིང་གི་ས་ཆ་སྐད་གྲགས་ཆེ་ཤོས་ཤིག་ཏུ་གཉེན་སྒྲིག་བྱས་ཀྱང་མཐུན་རྐྱེན་འཛོམས་ཡོད་ཀྱང་། ཁོས་རང་ཉིད་སྐྱེས་ས་དང་འཚོ་ས། འཚར་སའི་ཕ་ཡུལ་རཱོ་ས་རའོ་བདམས་པ་ནི་དོན་སྙིང་ལྡན་ཞིང་མཛེས་སྡུག་ལྡན་པ་ཞིག་རེད། ཅེས་བརྗོད་ཡོད།

མེ་སི་ཐོག་མར་བྷིར་སི་ལཱོ་ནཱའི་རུ་ཁག་ནང་ཞུགས་སྐབས་ཀྱི་ལོ་འགའི་རིང་ཁོས་རང་ཉིད་དང་ཨན་ཊོ་ནཱེ་ལཱའི་བར་གྱི་འབྲེལ་བ་གསང་བ་བྱས་ཡོད་ཀྱང་།  ཕྱི་ལོ་ ༢༠༡༠ ལོར་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྐབས། མེ་སི་དང་ཨན་ཊོ་ནཱེ་ལཱ་གཉིས་དགའ་རོགས་ཡིན་པ་ཆེས་ཐོག་མར་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཅིག་ནང་ཐོན་ཡོད། དུས་དེ་ནས་བཟུང་ཁོང་གཉིས་ཀྱི་བརྩེ་དུང་གི་འབྲེལ་བ་གཏིང་ཇེ་ཟབ་དང་རྒྱ་ཆེ་ཆེར་ཕྱིན་ཏེ་ད་ལྟ་ཁོ་གཉིས་ལ་བྱིས་པ་ལོ་ན་ ༤ ཅན་ཞིག་དང་ལོ་ན་ ༡ ཅན་བཅས་བྱིས་པ་གཉིས་ཡོད།

འཛམ་གླིང་རྐང་རྩེད་སྤོ་ལོའི་ལོ་རྒྱུས་ཁྲོད། མེ་སི་ནི་ཧྥི་ཧྥ་བྷ་ལཱོ་(FIFA Ballon d’O)ཞེས་བའི་གཟེངས་རྟགས་ཐེངས་ལྔ་ལ་ཐོབ་མྱོང་མཁན་གཅིག་པུ་དེ་ཆགས་ཡོད་པ་དང་། མེ་སི་ནི་སི་པན་གྱི་བྷར་སི་ལཱོ་ནཱ་རུ་ཁག་ནང་གི་ཨར་ཇན་ཊི་ན་རྒྱལ་ཁབ་ཀྱི་རྐང་སྤོ་རྩེད་མཁན་ཞིག་ཆགས་ཡོད། མེ་སི་ལ་རྒྱལ་སྤྱིའི་རྐང་སྤོལ་ཧྥི་ཧྥི་དང་ཨོ་ལམ་ཕིག་(Olympic)།  དེ་བཞིན། ཡུ་རོབ་རྐང་རྩེད་སྤོ་ལོ་འགྲན་སྡུར་སོགས་སུ་གསེར་གྱི་གཟེངས་རྟགས་ཐེངས་མང་ཐོབ་མྱོང་ཡོད་པ་དང་། ཐེངས་འདིའི་མེ་སི་ཡི་གཉེན་སྒྲིག་ལ་དུས་རབས་འདིའི་གཉེན་སྒྲིག་ཅེས་ཨར་ཇན་ཊི་ནའི་བརྒྱུད་ལམ་ཁག་ཏུ་བཀོད་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

 

བསྐྱར་བཅོས།: ༢༠༡༧/༠༧/༠༡

Leave a Reply

One thought on “རྐང་སྤོལ་རྩེད་མཁན་གྲགས་ཆེན་མེ་སི་ཡི་དུས་རབས་འདིའི་གཉེན་སྟོན།

  1. དེང་སྐབས་བོད་ཀྱི་དུས་བབ་ཀྱིས་གློག་བརྙན་སྐོར་དང་རྐང་རྩེད་སྤོ་ལོ་སོགས་ཀྱི་སྐོར་ནས་གསར་འགྱུར་འབྲི་བཞིན་པ་དེ་མདུན་སྐྱོད་ཆེན་པོ་ཞིག་རེད།