དབུལ་ཕོངས་བཅོམ་མཁན་གྱི་རྒྱུ་ནོར་ཕྱིར་དབུལ་ཕོངས་ལ་སྤྲོད་དགོས།

རྒྱ་གར་གཞུང་གིས་དངོས་ཟོག་དཔྱ་ཁྲལ་བཅོས་བསྒྱུར་བཏང་སྟེ་ནག་ཚོང་དང་དཔྱ་ཁྲལ་ལ་གཡོལ་བའི་ཚོང་གཉེར་ཁང་ ༡༠༠༠༠༠ ལྷག་གི་དེབ་སྐྱེལ་ཕྱིར་བསྡུ་བྱས་འདུག

དེ་རིང་རེའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གཞུང་གིས་སྤྱི་ཚོགས་ནང་ཁྲིམས་མཐུན་མ་ཡིན་པའི་ཚོང་ལས་གཉེར་མཁན་ཚོགས་པ་དང་སྒེར་བ་འབུམ་གཅིག་ལྷག་གི་དེབ་སྐྱེལ་ཕྱིར་བསྡུ་བྱས་ཏེ། ཁྲིམས་མཐུན་མ་ཡིན་པའི་ཚོང་ལས་རིགས་དང་དཔྱ་ཁྲལ་གཡོལ་མཁན་གཙང་བཟོའི་ལས་འགུལ་ཞིག་སྤེལ་མགོ་བརྩམས་ཡོད་འདུག

ཐེངས་འདིའི་ལས་འགུལ་དེ་ན་ནིང་ཕྱི་ཟླ་ ༡༡ པའི་ནང་གློ་བུར་དུ་ཧིན་སྒོར་ལྔ་བརྒྱ་ལོ་དང་སྟོང་ལོ་གསར་བརྗེ་བྱས་པའི་ལས་འགུལ་དེའི་གྲུབ་འབྲས་ལ་གཞིགས་ཏེ་ལག་བསྟར་བྱས་པ་ཞིག་ཡིན་པ་དང་། སྐབས་དེར་ཞིབ་འཇུག་བྱས་པའི་སྙན་ཐོའི་ནང་རྒྱ་གར་གྱི་ཚོང་གཉེར་ཁང་འབུམ་གསུམ་ ༣༠༠༠༠༠ ལྷག་གིས་ཁྲིམས་འགལ་གྱི་ཚོང་ལས་ཉེར་གྱི་ཡོད་སྟབས། ཐེངས་འདིར་སྲིད་བློན་མུ་དྷི་ཡིས་དེ་དག་ཁྲོད་ཀྱི་ཁྲིམས་འགལ་ཚོང་གཉེར་ཁང་འབུམ་གཅིག་ལྷག་གི་མིང་ཕྱི་བསྒྲགས་མ་བྱས་པར་དེབ་སྐྱེལ་ཕྱིར་འཐེན་བྱས་ཡོད་འདུག
བདུན་ཕྲག་སྔོན་མའི་རེ་གཟའ་སྤེན་པའི་ཉིན་རྒྱབ་རྒྱ་གར་གཞུང་གིས་རྒྱ་གར་རྒྱལ་ཡོངས་ཀྱི་དངོས་ཟོག་དཔྱ་ཁྲལ་བཅོས་བསྒྱུར་བཏང་ཡོད་པ་དང་། སྐབས་དེར་སྐུ་ཞབས་མུ་དྷི་ཡིས། ཐག་གཅོད་དེ་ནི་རྒྱུན་ལྡན་ཞིག་མིན་ཞེས་དང་། ང་ཚོས་རྒྱ་གར་ནང་ཁྲིམས་འགལ་གྱི་ཚོང་ལས་གཉེར་མཁན་རིགས་མཚམས་འཇོག་བྱེད་ཆེད་ཁྲིམས་ཆད་ནན་མོ་གཅོད་རྒྱུ་ཡིན་ཞེས་བརྗོད་ཡོད།

ན་ནིང་རྒྱ་གར་གཞུང་གིས་རྒྱ་སྒོར་ ༥༠༠ ཅན་དང་ ༡༠༠༠ ཅན་གཉིས་གསར་བརྗེ་བྱས་ཏེ་རྒྱ་གར་རྒྱལ་ཡོངས་སུ་ལྐོག་ཟ་རུལ་སུངས་མཚམས་འཇོག་གི་ལས་འགུལ་སྤེལ་ཡོད་པ་དང་། སྐབས་དེར་རྒྱ་གར་གཞུང་གིས་རྒྱ་གར་རྒྱལ་ཡོངས་ཀྱི་སྒོར་མོའི་བརྒྱ་ཆ་ ༨༦ བསྡུ་རུབ་བྱེད་ཐུབ་ཡོད་པ་དེས་རྒྱ་གར་གྱི་ཚོང་པ་ཚོར་དཀའ་ངལ་ཆེན་པོ་ཞིག་འཕྲད་ཡོད་ལ། མི་མང་དཀྱུས་མ་ཚོར་ཡང་དཀའ་ངལ་གང་འཚམས་འཕྲད་ཡོད། འོན་ཀྱང་། སྲིད་བློན་མུ་དྷི་མཆོག་གིས་སྐབས་དེར་ཁོ་རང་གི་ཐག་གཅོད་དེ་དབུལ་ཕོངས་སྲུང་སྐྱོབ་ཀྱི་ལས་འགུལ་ཞིག་ཡིན་སྐོར་བརྗོད་ཡོད།

སྲིད་བློན་མུ་དྷི་ཡིས། སྤྱི་ཚོགས་ཞིབ་བཤེར་ལས་འགུལ་དེ་ན་ནིང་ཕྱི་ཟླ་ ༡༡ པ་ནས་མགོ་བཙུགས་ཏེ། ད་ལྟ་ད་དུང་མུ་མཐུད་དུ་འགྲོ་བཞིན་ཡོད། ཅེས་དང་། རྒྱ་གར་གཞུང་གིས་འདས་པའི་ཟླ་བ་ ༨ རིང་སྤྱི་ཚོགས་ལ་ཞིབ་བཤེར་དག་ཐེར་བྱས་བའི་ཁྲོད། ཉོ་ཚོང་གི་ཁེ་ལས་གཉེར་གྱི་མེད་ཀྱང་ཁྲིམས་འགལ་ཐོག་དངུལ་ཕར་སྤྲོད་ཚུར་ལེན་བྱེད་ཀྱི་ཡོད་པའི་ཚོགས་སྒེར་ ༣༧༠༠༠ ལྷག་ཡོད་པ་ཤེས་རྟོགས་བྱུང་ཡོད་སྟབས། མ་འོངས་པར་སྲིད་གཞུང་གིས་དེ་དག་ལ་གདོང་ལེན་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད། མུ་དྷི་མཆོག་གིས་ “མི་སུ་ཞིག་གིས་དབུལ་ཕོངས་བཅོམ་ཡོད་ན། དེས་ཕྱིར་དབུལ་ཕོངས་ལ་རྒྱུ་དངོས་སློག་དགོས་ཡོད་” ཅེས་བརྗོད་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༠༧/༠༣

Leave a Reply

3 thoughts on “དབུལ་ཕོངས་བཅོམ་མཁན་གྱི་རྒྱུ་ནོར་ཕྱིར་དབུལ་ཕོངས་ལ་སྤྲོད་དགོས།

  1. གཞུང་པ་ཚེ་དབང་བསོད་ནམས་

    དབུལ་ཕོངས་བཅོམ་པའི་དངུལ་དེ་དབུལ་ཕོངས་ཚོར་རང་འཇགས་རང་གི་ཡོད་དང་དབུལ་ཕོངས་དབུལ་ནག་དུ་ལྷག་གི་ཡོད་ད་ལྟའི་དངོས་ཟོག་དང་བསྐུལ་གླའི་ཁྲལ་གསར་འདི་དངོས་སུ་ལག་ལེན་ལྟར་སྐབས་གཞི་ནས་གསལ་པོ་ཤེས་ཐུབ་པ་ལས་འོས་ཤོག་ཐོབ་ཐབས་ལ་དངུལ་ལོར་བསྒྱུར་བཅོས་དང་དངོས་ཟོག་དང་བསྐུལ་གླའི་ཁྲལ་གསར་གཏན་འབེབས་གནང་ཐུབ་པ་ཙམ་གྱི་ལྐོག་ཟ་རུལ་སྲུང་འགོག་རྒྱུ་དང་ནག་ཚོང་གཙང་བཟོ་ཐུབ་པར་ཡིད་ཆེས་ནམ་ཡང་མི་ཐུབ་བོ་།