རྒྱ་ནག་གི་གནོན་བཙིར་འོག་ནས་ཧོང་ཀོང་གི་མི་མང་པོ་ཞིག་ཕྱིའི་རྒྱལ་ཁབ་ཁག་ལ་གནས་སྤོ་བཞིན་འདུག

ཕྱི་ཟླ་ ༧ ཚེས་ ༡ ཉིན་ཏེ་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་ལོ་ངོ་ ༢༠ འཁོར་བའི་མཛད་སྒོའི་སྟེང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས། དམར་ཤོག་ཚོགས་པའི་སྲིད་དབང་འོག་རྒྱ་ནག་མི་མང་གིས་འཛམ་གླིང་རྒྱལ་ཁབ་ཡོངས་ཀྱི་རྗེས་ཟིན་ཡོད་ཚུལ་བཤད་ཀྱང་། ཧོང་ཀོང་མི་མང་གིས་རྒྱ་ནག་གཞུང་ལ་ཡིད་ཆེས་མེད་ཅེས་ཕྱིའི་རྒྱལ་ཁབ་ཁག་ཏུ་གནས་སྤོ་བཞིན་ཡོད་འདུག

ཁ་སང་ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡ ཉིན་དབྱིན་ཇིའི་གཞུང་གིས་ཧོང་ཀོང་ཕྱིར་རྒྱ་ནག་ལ་རྩིས་སྤྲད་དེ་ལོ་ངོ་ ༢༠ འཁོར་བའི་མཛད་སྒོའི་སྟེང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཞུགས་ཏེ། ཉིན་དེར་ཧོང་ཀོང་གི་སྤྱི་ཁྱབ་གསར་པ་ལྕམ་ཁཱ་རེ་ལཱམ་ལགས་ཀྱིས་ལས་འཁུར་དམ་འབུལ་ཞུས་ཡོད་འདུག

མཛད་སྒོའི་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་སྐར་མ་ ༣༠ རིང་གཏམ་བཤད་སྤེལ་ཏེ། “འདས་པའི་ལོ་ངོ་ ༢༠ ནང་རྒྱལ་གཅིག་ལམ་ལུགས་གཉིས་རྩ་འཛིན་དེ་ཆར་རླུང་ཁྲོད་ཀྱི་མྱུག་གསར་དང་འདྲ་བར་རིམ་གྱིས་འཚར་ལོངས་བྱུང་ཡོད། ལོ་ངོ་ཉི་ཤུའི་སྔོན་དང་བསྡུར་ན། ཧོང་ཀོང་གྲོང་ཁྱེར་གྱི་དམངས་གཙོའི་ཆབ་སྲིད་དང་ཁྲིམས་མཐུན་སྒྲིག་སྲོལ། དཔལ་འབྱོར་འཕེལ་རྒྱས། མི་མང་གི་འཚོ་གནས་སོགས་ཡར་རྒྱས་ཆེན་པོ་ཕྱིན་ཡོད། སྐམ་ས་ཆེན་མོའི་རྒྱབ་སྐྱོར་དང་དབུས་གཞུང་རོགས་འདེགས་མེད་ནའང་ཧོང་ཀོང་གྲོང་ཁྱེར་ཀྱི་བྱ་གཞག་འདི་དག་ལེགས་འགྲུབ་ཡོང་སྲིད་མོད། འོན་ཀྱང་གྲུབ་འབྲས་འདི་དག་མེས་རྒྱལ་ཆིག་སྒྲིལ་དང་ཧོང་ཀོང་དམིགས་བསལ་ས་ཁུལ་གཞུང་དང་། དེ་བཞིན་ཧོང་ཀོང་གི་རྒྱལ་གཅེས་བློ་མཐུན་རྣམས་པའི་མཛད་རྗེས་ལ་བརྟེན་ནས་བྱུང་བ་རེད། ཧོང་ཀོང་མི་མང་གིས་རང་ཉིད་ལ་ཡིད་ཆེས་བྱེད་དགོས། རྒྱ་ནག་མི་མང་ནི་དངོས་གནས་ངོ་མཚར་སྐྱེ་འོས་པ་ཞིག་རེད། ང་ཚོར་མི་ལོ་ ༥༠༠༠ ལྷག་གི་རྒྱུན་རིང་གི་ལོ་རྒྱུས་ཡོད། བྱུང་རིམ་ལོ་རྒྱུས་མང་པོ་ཞིག་གི་ནང་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་དང་སྒྱུ་རྩལ་སོགས་ཕྱོགས་མང་པོ་ཞིག་ནས་རྒྱ་ནག་མི་མང་སྔོན་ཐོན་ཆགས་ཡོད། དམར་ཤོག་ཚོགས་པའི་སྲིད་དབང་འོག རྒྱ་ནག་མི་མང་གིས་འཛམ་གླིང་རྒྱལ་ཁབ་ཡོངས་ཀྱི་རྗེས་ཟིན་ཡོད། ཧོང་ཀོང་གི་འཕེལ་རྒྱས་འདི་ནི་ཧོང་ཀོང་གི་རྒྱལ་གཅེས་མི་རབས་གསར་པ་ཚོའི་འབད་བརྩོན་ལ་བརྟེན་ནས་བྱུང་བ་ཞིག་རེད། ཧོང་ཀོང་མི་མང་གིས་སོ་སོའི་བློ་གྲོས་དང་རྣམ་དཔྱོད། ནུས་པ་དང་འཇོན་ཐང་བཅས་ལ་བརྟེན་ནས་ཧོང་ཀོང་འཕེལ་རྒྱས་བཏང་ཡོད་པ་མ་ཟད། ཁོ་ཚོས་མུ་མཐུད་རང་གི་མེས་རྒྱལ་དང་འཛམ་གླིང་ཡར་རྒྱས་གཏོང་བའི་ཞབས་འདེགས་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། དེར་བརྟེན། ཧོང་ཀོང་མི་མང་གིས་ཧོང་ཀོང་གྲོང་ཁྱེར་གྱི་སྒྲིག་སྲོལ་དང་ལམ་ལུགས་ལ་ཡིད་ཆེས་བྱེད་དགོས། ཧོང་ཀོང་ནི་མེས་རྒྱལ་གྱི་དཔལ་འབྱོར་གྱི་སྒོ་མོ་དང་འཐོན་སྐྱེད་ཀྱི་གླེང་སྟེགས་ལྟ་བུ་ཆགས་ཡོད། གལ་ཏེ་ཧོང་ཀོང་གྲོང་ཁྱེར་མུ་མཐུད་སྲ་བརྟན་དང་འཕེལ་རྒྱས་ཕྱིན་པ་ཡིན་ན། མ་འོངས་པར་ཧོང་ཀོང་ནི་གོ་ལ་གཅིག་གྱུར་ཕྱོགས་སུ་མདུན་སྐྱོད་བྱེད་པ་དང་མཉམ་ལས་བྱེད་པའི་གོ་སྐབས་ཡོད་ལ། ཡིད་འཕྲོག་རིག་རྩལ་རྒྱུན་གནས་ཐུབ་པ་མ་ཟད། མཐར་ཧོང་ཀོང་གཞི་རིམ་ས་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་ཁེ་ལས་འཚོལ་སྒྲུབ་གོང་འཕེལ་བཏང་སྟེ། བྲག་སེང་ (Lion Rock) གི་སྲིད་དབང་གི་འོག དཔལ་འབྱོར་འཕེལ་རྒྱས་ཀྱི་གཏམ་བརྒྱུད་གསར་བ་ཞིག་འབྲི་ངེས་ཡིན་པ་བསྙོན་མེད་རེད། འདས་མ་ད་གསུམ་གྱི་བྱུང་རིམ་ལ་མ་བལྟས་པར་མེས་རྒྱལ་དུས་ནམ་ཡང་ཧོང་ཀོང་གི་རྒྱབ་ཏུ་ལངས་ཡོད། རྒྱ་ནག་ནི་རང་གནས་ལས་མཆོང་སྐྱོད་ཆེན་པོ་བྱས་ཏེ་སྟོབས་འབྱོར་ཆེན་པོ་ཆགས་ཡོད། གལ་ཏེ་མེས་རྒྱལ་འཕེལ་རྒྱས་བྱུང་བ་ཡིན་ན། ཧོང་ཀོང་ཡང་འཕེལ་རྒྱས་ཡོང་གི་རེད” ཅེས་སོགས་བརྗོད་ཡོད་འདུག

ཐེངས་འདིའི་གཏམ་བཤད་སྐབས་ཞི་ཅིན་ཕིན་གྱིས་ཧོང་ཀོང་གི་དམངས་གཙོའི་འཕེལ་རིམ་སྐོར་གང་ཡང་གླེང་མེད།

ཧོང་ཀོང་སྤྱི་ཁྱབ་གསར་བའི་དམ་འབུལ་གཏམ་བཤད་སྐབས། ལྕམ་ཁཱ་རེ་ལཱམ་གྱིས་ “ང་ཧོང་ཀོང་སྤྱི་ཁྱབ་པར་བསྐོ་བཞག་བྱས་པ་དེ་ནི་ང་རང་གི་མི་ཚེའི་གཟི་བརྗིད་ཅིག་ཆགས་ཡོད་པ་དང་། དེ་རིང་ངས་འགྲན་རྩོད་རང་བཞིན་གྱི་ཧོང་ཀོང་སྤྱི་ཁྱབ་གསར་བའི་འགན་དང་ལེན་བྱས་ཏེ། ཧོང་ཀོང་གཞུང་དང་མི་མང་ལ་ཞབས་འདེགས་ཞུ་རྒྱུར་གྲ་སྒྲིག་བྱེད་ཀྱིན་ཡོད། མ་འོངས་པའི་ལོ་ངོ་ ༥ ནང་ངས་ཧོང་ཀོང་མི་མང་དང་དབུས་གཞུང་གཉིས་ཀྱི་རྒྱབ་སྐྱོར་དང་ཡིད་ཆེས་ཆུད་ཟོས་སུ་གཏོང་རྒྱུ་མིན” ཞེས་དང་། “རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལ་བརྟེན་ཏེ་ཧོང་ཀོང་མ་རྩའི་ལམ་ལུགས་སུ་བསྒྱུར་དགོས། དེའི་ནང་ཨེ་ཤ་ཡའི་ཁེ་ལས་མ་འཛུགས་དངུལ་ཁང་ (AIIB) དང་། ཧོང་ཀོང་། ཀུང་ཏུང་། ཨོ་མན་གླིང་ཕྲན་བཅས་གྲོང་ཁྱེར་ཆེན་པོ་གསུམ་གྱི་དཔལ་འབྱོར་ལྟེ་གནས་ (G-H-M-BEA) བཅས་ཚུད་ཡོད། མི་མང་གི་སྟོབས་ཤུགས་དང་ཡིད་ཆེས་ནི། ང་རང་དང་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་ (HKSAR) གཞུང་གི་གནད་ཀྱི་འགན་འཁྲི་ཆགས་ཡོད། འོན་ཀྱང་མཚམས་ལན་རེར་མི་སྒེར་གྱི་འཁོན་འཛིན་ལ་བརྟེན་ཏེ། གཞུང་དང་མི་མང་ཕན་ཚུན་བར་ཡིད་མ་རངས་པའི་འགལ་རྐྱེན་ཡོང་གི་ཡོད་པ་དང་། དཀའ་རྙོག་དེས་ཧོང་ཀོང་ས་གནས་གྲོས་ཚོགས་ནང་ཁུལ་གྱི་མཛའ་འབྲེལ་ལའང་གནོད་པ་བཟོ་བཞིན་ཡོད་པ་མ་ཟད། གཞུང་གི་ལས་དོན་ལ་འགོག་རྐྱེན་འཕྲད་དེ་ང་ཚོའི་སྤྱི་ཚོགས་དང་དཔལ་འབྱོར་ཐོག་ཤན་ཤུགས་ཐེབས་ཀྱི་ཡོད” ཅེས་སོགས་བརྗོད་འདུག

ཉིན་དེར་ཆར་གདུགས་འོག་གི་གསར་བརྗེ་ལས་འགུལ་གྱི་སྣེ་ཁྲིད་པ་རྗོ་ཤཱུ་ཝིང་(Joshua Won)གཙོས་པའི་ཧོང་ཀོང་ནང་གི་དམངས་གཙོ་དོན་གཉེར་བ་དང་གཞོན་སྐྱེས་སྟོང་ཕྲག་མང་པོ་སྲང་ལམ་དུ་འཛོམས་ཏེ། “ཧོང་ཀོང་གི་ཆེད་དུ་འཐབ་རྩོད་བྱེད” “ལོང་ཤོག ང་ཚོས་ཧོང་ཀོང་སྲུང་སྐྱོབ་བྱེད།” “ཧོང་ཀོང་རང་བཙན་ཡིན” “༡༩༩༧ ལོ་ནས་ཧོང་ཀོང་ཉམས་རྒུད་དུ་ཕྱིན་སོང་” “ལོ་ངོ་ ༢༠ རིང་གི་ཁ་དན་རྫུན་མ།” “ ང་ཚོར་བསམ་བློའི་རང་དབང་དང་། གསར་འགོད་རང་དབང་དགོས།” སོགས་ཀྱི་འབོད་ཚིག་འཁོད་པའི་འཕྲེད་དར་འཕྱེར་ཏེ་ངོ་རྒོལ་བྱས་ཡོད་པ་མ་ཟད། ལས་འགུལ་བ་ཁག་ཅིག་གིས། རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ལུའུ་ཞོ་པོ་དང་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་དོན་གཉེར་བ་སྐུ་ཞབས་ཨེ་ཧམ་ཊོ་ཊེ་ (Ilham Tohti) སོགས་མྱུར་དུ་ཀློད་གྲོལ་གཏོང་དགོས་པའི་སྐད་འབོད་ཀྱང་བྱས་ཡོད་འདུག

ལས་འགུལ་བ་རེ་འགས། “ཧོང་ཀོང་གི་དཀའ་རྙོག་འདི་ཞི་ཅིན་ཕིན་གྱིས་ཁྱེར་ཡོང་བ་རེད” “རང་བཙན་གྱི་གོ་དོན་ཅི་རེད། ང་ཚོ་སྲིད་གཞུང་གང་ལའང་བརྟེན་མེད། ང་ཚོ་ཧོང་ཀོང་གི་མི་ཡིན། ང་ཚོ་རྒྱ་མི་མིན” “ང་ཚོས་རང་གི་ས་ཆ་སྲུང་སྐྱོབ་བྱེད། ང་ཚོས་རང་གི་ཕ་ཡུལ་སྲུང་སྐྱོབ་བྱེད” ཅེས་སྐད་འབོད་བྱས་ཡོད་འདུག

ཐེངས་འདིའི་ཧོང་ཀོང་གི་མཛད་སྒོའི་སྔ་རྗེས་སུ་ཞི་ཅིན་ཕིན་གྱི་བདེ་འཇགས་ཆེད། ཧོང་ཀོང་ཉེན་རྟོག་པས་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་རྗོ་ཤཱུ་ཝིང་གཙོས་པའི་ལས་འགུལ་བ་ ༣༠ ལྷག་འཛིན་བཟུང་བྱས་ཡོད་པ་དང་། ལས་འགུལ་བ་ཁག་ཅིག་ལ་གཅར་རྡུང་ཡང་བཏང་ཡོད་འདུག རང་ལོ་ ༢༥ ཡིན་པའི་ཧོང་ཀོང་གི་ཡུལ་མི་ནཱ་གྷན་ (Dennis Ngan) ལགས་ཀྱིས་གསར་འགོད་པར། “གལ་ཏེ་ང་ཚོ་རྒྱ་ནག་གི་སྲིད་དབང་འོག་སྡོད་དགོས་བྱུང་བ་ཡིན་ན་ ༢༠༤༧ ལོར་ཆབ་སྲིད་ཟང་ཆ་ག་འདྲ་ཞིག་འབྱུང་སྲིད་མིན་ཚོད་དཔག་བྱེད་དཀའ་བ་ཞིག་རེད། དེར་བརྟེན། ང་ཚོས་གྲ་སྒྲིག་སྡུག་ས་ནས་བྱེད་ཀྱིན་ཡོད།” ཅེས་བརྗོད་འདུག

ཧོང་ཀོང་གྲོང་ཁྱེར་ཚོང་ལས་དོན་གཅོད་ཁང་གི་ཕྱི་འབྲེལ་མི་སྣ་ཞིག་གིས། “མི་མང་གིས་སེམས་ཁྲལ་བྱེད་ཀྱིན་འདུག ད་སྐབས་ཧོང་ཀོང་གྲོང་ཁྱེར་གྱི་རྒྱལ་ཁབ་གཞན་གྱི་གཞུང་ཚབ་ཁང་ཁག་ཏུ། ཧོང་ཀོང་མི་མང་གིས་མི་སེར་ལག་འཁྱེར་དང་ཐོངས་མཆན་ལག་འཁྱེར་ཞུ་མཁན་མང་དུ་འགྲོ་བཞིན་འདུག” ཅེས་བརྗོད་འདུག ཧོང་ཀོང་ནང་གནས་སྡོད་འབར་མའི་མི་སེར་ཁི་ཝེན་ (Kevin Hla) ལགས་ཀྱིས། “གལ་ཏེ་ཧོང་ཀོང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཚེ། མི་མང་གིས་སྐྱབས་བཅོལ་ས་ཞིག་འཚོལ་དགོས་སྟབས། ང་རང་གིས་དབྱིན་ཇིའི་གཞུང་གིས་གནས་སྟངས་འདི་ལ་དགོངས་བཞེས་པའི་རེ་བ་བྱེད་ཀྱིན་ཡོད། དབྱིན་ཇིའི་ནང་བྲོས་བྱོལ་བྱ་རྒྱུ་དེ་ང་ཚོའི་འདམ་ག་གཅིག་རེད། ང་རྒྱ་ནག་གཞུང་ལ་ཡིད་ཆེས་མེད”ཅེས་ཟེར།

དབྱིན་ཇིའི་མི་སེར་ཡིན་པའི་ཧོང་ཀོང་གི་ཡུལ་མི་ལྕམ་ཝང་ (Daisy Wong) ལགས་ཀྱིས། “རྒྱ་ནག་གཞུང་ལས་དབྱིན་ཇིའི་གཞུང་ཡག་པོ་འདུག ཁོང་ཚོས་ཧོང་ཀོང་མི་མང་ལ་འདམ་ག་འདི་སྤྲད་པ་རེད།” ཅེས་ཟེར།

འདས་པའི་ལོ་ངོ་ ༡༠ ནང་། ཁེ་ན་ཌའི་ནང་ཧོང་ཀོང་ནས་ཡོང་བའི་མི་སེར་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ༢༠༡༦ ལོ་གཅིག་པུར་ཐའེ་ཝན་ནང་ཧོང་ཀོང་གི་མི་སེར་ ༡༠༨༦ ལྷག་ཟིན་གྱི་ཡོད་པ་དང་། དེ་ནི་འདས་པའི་ལོ་ངོ་བཅུ་ཕྲག་གཅིག་རིང་གི་ཐའེ་ཝན་ནང་ཧོང་ཀོང་གི་མི་སེར་གནས་སྤོ་བྱས་པ་ཆེས་མང་ཤོས་དེ་ཆགས་ཡོད་འདུག དེ་བཞིན། ༢༠༠༧ ནས་ ༢༠༡༥ ལོའི་བར་ལྷོ་ཀོ་རི་ཡའི་ནང་ཧོང་ཀོང་གི་མི་སེར་གྱིས་ལྷོ་ཀོ་རི་ཡའི་མི་འབོར་སྤྱིའི་བརྒྱ་ཆ་ ༧ ཟིན་གྱི་ཡོད་པ་དང་། ༢༠༡༥ ནས་ ༢༠༡༦ བར་ཨ་རིའི་ནང་ཧོང་ཀོང་གི་མི་སེར་བརྒྱ་ཆ་ ༢༢ ཇེ་མང་དུ་ཕྱིན་ཡོད་འདུག

གསར་འགོད་པ། པདྨ་རྒྱལ་གྱིས་སྒྲིག་སྒྱུར་བྱས།

བསྐྱར་བཅོས།: ༢༠༡༧/༠༧/༠༤

Leave a Reply

2 thoughts on “རྒྱ་ནག་གི་གནོན་བཙིར་འོག་ནས་ཧོང་ཀོང་གི་མི་མང་པོ་ཞིག་ཕྱིའི་རྒྱལ་ཁབ་ཁག་ལ་གནས་སྤོ་བཞིན་འདུག

  1. གཞུང་པ་ཚེ་དབང་བསོད་ནམས་ལགས། ང་ཚོ་བོད་པ་རྣམས་ཆབ་སྲིད་སྐྱབས་བཅོལ་བ་ཞིག་ཡིན་པ་དང་། ང་ཚོའི་དཀའ་ངལ་ཡང་ཆབ་སྲིད་ཀྱི་དཀའ་ངལ་ཞིག་ཡིན་བཞིན་དུ་ཆབ་སྲིད་ཀྱི་མི་མང་ལ་མགོ་སྐོར་གཏོང་གི་ཡོད་པ་རེད་ཟེར་དོན་ཅི་རེད། ཁྱོད་ཀྱིས་གསུངས་པའི་དུག་སྦྲུལ་དཀར་ནག་གཉིས་གང་དང་གང་ལ་གོ་དགོས། སྐད་ཆ་འདི་རིགས་ཧ་ཅང་ཚབས་ཆེན་རེད།

  2. གཞུང་པ་ཚེ་དབང་བསོད་ནམས་

    ཆབ་སྲིད་མི་སྣའི་ཆབ་སྲིད་མགོ་བསྐོར་འོག་།
    ཞི་བའི་མི་མང་མགོ་འཐོམ་རང་དབང་ཤོར་།
    དུག་སྦྲུལ་དཀར་ནག་ཁ་མདོག་གང་ཡིན་ཀྱང་།
    དུག་གི་ནུས་པ་གཅིག་ལས་གཉིས་སུ་མེད་།

    འཇིག་རྟེན་མི་གི་མི་ལ་དབང་བསྒྱུར་སྐབས་།
    ཁ་སྙན་ངོ་དཀར་ཚིག་འཇམ་གཏམ་གྱིས་བསླུས་།
    ཕོ་ཁྲམ་པ་ཞིག་གི་བགོད་ཀྱི་བགོད་ཀྱི་བསླུ་།
    སྨན་ཁྲམ་མ་ཞིག་གི་ངུ་གི་ངུ་གི་བསླུ་།
    ཧཧཧཧཧ