པར་ལེན་སྒྱུ་རྩལ་ཞེས་པའི་དུས་དེབ་ཅིག་དབུ་འབྱེད་གནང་སོང་།

དེ་རིང་པར་རིས་སྒྱུ་རྩལ་སྐོར་གྱི་དུས་དེབ་ཅིག་དབུ་འབྱེད་གནང་བའི་ནང་སྒྱུ་རྩལ་རང་བཞིན་གྱི་པར་སྣ་ཚོགས་དང་བོད་པའི་རྩོམ་པ་པོ་ཚེ་རིང་འོད་ཟེར་གཙོའི་པའི་བོད་ཕྱི་ནང་གཉིས་ཀྱི་པར་དང་རྩོམ་ཡིག་བཀོད་ཡོད་འདུག

དེ་རིང་ཕྱི་ཟླ་ ༣ པའི་ཚེས་ ༤ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་པའི་ཐོག་བཞུག་སྒར་དྷ་སའི་བོད་ཀྱི་གསོལ་མགྲོན་ཁང་དུ་བོད་མི་པར་བ་སྐལ་བཟང་འཇིག་མེད་ལགས་ཀྱིས་པར་ལེན་སྒྱུ་རྩལ་ཞེས་པའི་དུས་དེབ་ཞིག་དབུ་འབྱེད་གནང་སོང་། དུས་དེབ་དབུ་འབྱེད་ཀྱི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ཕེབས་འདུག

སྐལ་བཟང་འཇིགས་མེད་ལགས་ཀྱིས་དུས་དེབ་ངོ་སྤྲོད་གནང་བ་ལྟར་ན། དུས་དེབ་ཅིག་ལ་མཚོན་ན། མི་མང་གིས་དགའ་མོས་བྱེད་མིན་དེ་དུས་དེབ་ཀྱི་ཆེད་སྒྲིག་གི་སྐོར་ཡིན་པ་དང་། ཁོང་གི་དུས་དེབ་དེའི་ཆེད་སྒྲིག་པ་ནི། དམིགས་བསམ་ཆེད་སྦྱོང་ཡོད་པའི་བོད་རིགས་གཞོན་སྐྱེས་བསྟན་འཛིན་ཚེ་རྣམ་ལགས་ཡིན་འདུག དུས་དེབ་དེ་པར་རིས་སྣ་ཚོགས་དང་དབྱིན་ཡིག་གི་རྩོམ་ཡིག་གཉིས་ལས་གྲུབ་ཡོད་ཅིང་། དུས་དེབ་ནང་གི་པར་དང་རྩོམ་ཡིག་ཚང་མ་བོད་པ་རང་གིས་བླངས་པ་དང་བྲིས་པའི་བརྩམས་ཆོས་རྐྱང་ཡིན་འདུག

དུས་དེབ་དབུ་འབྱེད་མཁན་སྐལ་བཟང་འཇིག་མེད་ལགས་ཀྱིས་དུས་དེབ་དེ་འདྲ་ཞིག་བཏོན་པའི་དམིགས་ཡུལ་སྐོར་ལ། དེང་སང་འཛམ་གླིང་ཡོངས་ནས་པར་ལེན་སྒྱུ་རྩལ་ལ་དོ་སྣང་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིར། བོད་ཀྱི་པར་ལེན་སྒྱུ་རྩལ་བ་ཚོར་རང་གི་སྒྱུ་རྩལ་གྱི་ལམ་ནས་བླངས་པའི་པར་རིས་བརྩམས་ཆོས་དག་སྤྱི་ཚོགས་ལ་སྟོན་སའི་སྡིངས་ཆ་ཞིག་དགོས་པར་མཐོང་བ་དང་། གཉིས་ནས་ང་རང་ལ་མཚོན་ན༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་དཀའ་དྲིན་ལ་བརྟེན་ནས་ཤེས་ཡོན་ཞིག་ཐོབ་པ་ཡིན་སྟབས། རང་གིས་དེ་དག་ལ་དྲིན་ལན་ཞིག་འཇལ་འདོད་དུས་རང་གི་ཆེད་ལས་དང་འཚམ་པའི་པར་ལེན་སྒྱུ་རྩལ་གྱི་ལམ་ནས་བོད་ཀྱི་ད་ལྟའི་གནས་བབ་དང་ལོ་རྒྱུས་སོགས་གསལ་སྟོན་ཐུབ་པར་དམིགས་ནས་དུས་དེབ་འདི་དབུ་འབྱེད་བྱས་པ་ཡིན། ཞེས་བརྗོད་སོང་།

དེ་རྗེས་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་མཆོག་གིས་གསུངས་དོན། ང་རང་ལ་མཚོན་ན་པར་ལེན་སྒྱུ་རྩལ་གྱི་སྐོར་ལ་སྦྱང་བ་གང་ཡང་མེད་

མོད། སྤྱིར་པར་ལེན་སྒྱུ་རྩལ་དེ་དེང་རབས་དང་སྲོལ་རྒྱུན་གྱི་སྐད་ཆ་བཤད་ཡོང་དུས་དེང་རབས་ཀྱི་མཚོན་རྟགས་ཞིག་ཆགས་ཡོང་གི་ཡོད་པ་རེད། དེ་ཡིན་དུས་བོད་ཀྱི་གཞོན་སྐྱེས་ཚོར་མཚོན་ན་དེང་རབས་དང་མཐུན་པའི་གོམ་པ་མདུན་སྐྱོད་བྱ་དགོས་དང་བྱ་ཐུབ་པ་དེ་ཧ་ཅང་གལ་ཆེན་རེད། དེ་བཞིན། བོད་ཀྱི་གཞོན་སྐྱེས་ཚོས་༧གོང་ས་མཆོག་དང་བོད་མའི་སྒྲིག་འཛུགས་ལ་དཀའ་དྲིན་བསམ་ཤེས་དང་། རང་ལ་གང་ཐོབ་པའི་ཤེས་ཡོན་དེའི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་ཐབས་དང་དགོངས་པ་བཞེས་དགོས་པ་དེ་གལ་ཆེན་རེད། ང་རང་གིས་ནམ་རྒྱུན་བཤད་བསྡད་པ་བཞིན་བོད་མི་གཞོན་སྐྱེས་ཚོས་བརྗེད་མི་རུང་བ་གསུམ་སྟེ། སོ་སོ་བོད་པ་ཡིན་པ་བརྗེད་མི་རུང་བ་དང་༧གོང་ས་མཆོག་གི་དཀའ་དྲིན་བརྗེད་མི་རུང་བ། བོད་མིའི་སྒྲིག་འཛུགས་ཀྱི་དཀའ་དྲིན་བརྗེད་མི་རུང་བ་ཞེས་དེ་དག་ལ་བསམ་བློ་གཏོང་དགོས་པ་དེ་གལ་ཆེན་པོ་རེད།

དེ་བཞིན། ལས་དོན་འདིའི་རིགས་དེ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ལྟ་གྲུབ་གསུམ་སྟེ། ཆིག་སྒྲིལ། གསར་གཏོད། རང་ཁ་རང་གསོ་གསུམ་ལས་གསར་གཏོད་དང་རང་ཁ་རང་གསོ་གཉིས་ཏག་ཏག་འགྲུབ་བསྡད་ཡོད་པ་ཞིག་མཐོང་སོང་། བོད་མིའི་སྒྲིག་འཛུགས་ཀྱི་ལྟ་གྲུབ་གསུམ་ལས་གསར་གཏོད་དེ་ལྷག་ཏུ་གལ་ཆེན་རེད་ལ་༧གོང་ས་མཆོག་གིས་སྔོན་མ་བརྒྱད་ཅུ་གྱ་གྲངས་ནས་གཞུང་གི་ལས་བྱེད་ཚོར་གསར་གཏོད་ཀྱི་བསམ་བློ་ཡོད་པ་དང་། ལས་དོན་ག་རེ་བྱས་ན་གསར་གཏོད་ཀྱི་རྣམ་པ་ཡོད་པའི་བསམ་བློ་གཏོང་ཤོག་ཅེས་གསུངས་ཡོད་པ་རེད། ཅེས་སོགས་བརྗོད་སོང་།

དུས་དེབ་དབུ་འབྱེད་དང་བསྟུན་ཏེ་ ༢༠༡༦ ལོར་ཁོ་རང་གི་ངོས་ནས་བོད་པའི་སྤྱི་ཚོགས་སུ་པར་ལེན་སྒྱུ་རྩལ་གྱི་པར་རིས་འགྲན་བསྡུར་ཞིག་བྱས་པའི་བྱ་དགའ་དེ་རིང་གནང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༧/༠༤

Leave a Reply

One thought on “པར་ལེན་སྒྱུ་རྩལ་ཞེས་པའི་དུས་དེབ་ཅིག་དབུ་འབྱེད་གནང་སོང་།

  1. གཞུང་པ་ཚེ་དབང་བསོད་ནམས་

    ཤེས་བྱ་མཐའ་མེད་ནམ་མཁའ་སྟོང་པ་འདྲ་།
    འབད་བརྩོན་ཅན་གྱིས་རྡོ་ཡིས་རྒྱན་ཆ་བཟོ་།
    རིག་པའི་རྒྱུ་རྩལ་བརྒྱུད་ནས་གསར་གཏོད་རིགས་།
    རང་དང་གཞན་གྱིས་འཚོ་བའི་མདུན་ལམ་སྦྱིན་།