དགེ་འདུན་པ་ཞིག་ལ་ལོ་གསུམ་གྱི་ཁྲིམས་ཐག་བཅད།

ཉེ་སྔོན་ལོ་གཅིག་ལྷག་ལ་གར་ཡོད་ཅི་བྱུང་མེད་པར་གྱུར་བའི་རྔ་བ་རྫོང་བེ་རི་ཚང་ནས་ཡིན་པའི་དགེ་འདུན་པ་འཇམ་དབྱངས་བློ་གྲོས་ཞུ་བ་ཞིག་ལ་ལོ་གསུམ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

འདི་གར་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདས་ལོའི་ཕྱི་ཟླ་ ༥་ཚེས་ ༡༥ ཉིན་གྱི་བོད་ནང་གི་མཚན་མོའི་ཆུ་ཚོད་ ༨ པ་ཙམ་གྱི་ཐོག རྔ་བ་ཁུལ་གྱི་ལྟེ་གནས་འབར་ཁམས་རྫོང་ནས་རྔ་བ་རྫོང་རྩི་ནང་དགོན་པའི་དགེ་འདུན་པ་འཇམ་དབྱངས་བློ་གྲོས་ཞུ་བ་ཞིག

རྒྱ་གཞུང་ཉེན་རྟོག་པས་གློ་བུར་དུ་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། ཁོང་གི་ཁྱིམ་མི་གཉེན་འབྲེལ་རྣམས་ཀྱིས་འབྲེལ་ཡོད་ལས་ཁུངས་སུ་ཆེད་བཅར་གྱིས་རྩད་གཅོད་བྱས་ཡོད་ཀྱང་། ལོ་གཅིག་དང་ཟླ་གཉིས་མ་ཟིན་ཙམ་གྱི་རིང་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་པ་རེད། ཉེ་སྔོན་ཕྱི་ཟླ་ ༧ ཚེས ༤ ཉིན་སི་ཁྲོན་ཁྲོ་ཆུ་རྫོང་གི་ཁྲིམས་ཁང་ཞིག་ནས་རྒྱུ་རྐྱེན་ཅི་ཡིན་སོགས་གསལ་ཁ་གང་ཡང་མེད་པར་ཁོང་ལ་ལོ་གསུམ་བཙོན་འཇུག་ཁྲིམས་བཅད་ཡོད་པ་མ་ཟད། ཁོང་བཙོན་ཁང་གང་དུ་བཅུག་རྒྱུ་ཡིན་མིན་གསང་བ་བྱས་ཏེ་བཞག་ཡོད་འདུག

ཁོང་འཛིན་བཟུང་བྱེད་སྐབས་འཁྲིས་སུ་ཡོད་པའི་མི་ཚོས་བརྗོད་པ་ལྟར་ན། ཉེན་རྟོག་པ་ཚོས་སྐད་ཆ་གང་ཡང་མ་དྲིས་པར་གྲྭ་འཇམ་དབྱངས་བློ་གྲོས་ལགས་ཀྱི་མགོ་གཟན་གྱིས་བཏུམས་ཏེ། ལག་ལྕགས་བརྒྱབ་ནས་ཉེན་རྟོག་རླངས་འཁོར་ཞིག་གི་འཕོངས་སྒམ་ནང་བརྫངས་ཏེ་བཙན་འཁྲིད་བྱས་ཡོད་སྐོར་བརྗོད་འདུག

བོད་ནང་གི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས། གདུག་རྩུབ་ཅན་གྱི་བྱ་སྤྱོད་འདི་རིགས་ནི་རྒྱ་ནག་གཞུང་གི་རྒྱུན་ལྡན་གྱི་གསང་བའི་ལས་ཀ་བྱེད་སྟངས་ཤིག་གམ། ང་ཚོ་གྲངས་ཉུང་མི་རིགས་ལ་བཟུང་བའི་བྱ་སྤྱོད་དམིགས་བསལ་བ་ཞིག་ཡིན་ལ། དགེ་འདུན་པ་འཇམ་དབྱངས་བློ་གྲོས་ལགས་ལོ་གཅིག་ལྷག་ལ་གར་ཡོད་ཅི་བྱུང་མེད་པར་གྱུར་བའི་དུས་ཡུན་རིང་ཁོང་ལ་ཡ་ང་བའི་མནར་གཅོད་དང་། ཚད་ལས་བརྒལ་བའི་སྡུག་སྦྱོང་བཏང་ཡོད་པ་ནི་འདས་པའི་བོད་ཀྱི་བཙོན་པ་ཚོའི་ལོ་རྒྱུས་ལས་ཧ་ཅང་གསལ་པོ་རྟོགས་ཐུབ་སྐོར་བརྗོད་འདུག

དགེ་འདུན་པ་འཇམ་དབྱངས་བློ་གྲོས་ལགས་དགུང་ལོ་༣༦ ཡིན་ཤིང་། རྔ་བ་རྫོང་རྔ་སྟོད་རྩི་མདའ་ཡུལ་ཚོའི་བེ་རི་ཚང་གི་ཕ་ཚིག་ཐོག་དང་མ་རྫོགས་རེས་གཉིས་ཀྱིས་བུ་ཡིན་པ་དང་། ཁོང་ལ་མིང་སྲིང་བདུན་ཡོད་པའི་ནང་ཁོང་བུ་གསུམ་པ་དེ་ཡིན་འདུག ཁོང་ཆུང་དུས་ནས་རྩི་ནང་དགོན་པར་ཞུགས་ཏེ་གྲུབ་མཐའ་ཇོ་ནང་ཡིན་ཤིང་། ཁོང་གིས་འཛམ་ཐང་ཇོ་ནང་དགོན་ཆེན་སོགས་ནས་ནང་བསྟན་སྤྱི་དང་ཐུན་མོང་རིག་གནས་བཅས་ལ་ལོ་༣༠ ལྷག་སློབ་གཉེར་གནང་ཡོད་པ་དང་། ཁོང་ནི་གྲྭ་གཉོམ་ཆུང་ཚུལ་མཐུན་རྟག་པར་དཀར་ཟས་རོལ་མཁན་ཞིག་ཡིན་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༧/༠༥

Leave a Reply

2 thoughts on “དགེ་འདུན་པ་ཞིག་ལ་ལོ་གསུམ་གྱི་ཁྲིམས་ཐག་བཅད།

  1. གཞུང་པ་ཚེ་དབང་བསོད་ནམས་

    བོད་མི་རིགས་ཀྱི་ལས་དབང་རྒུད་ནས་རྒྱ་ནག་གིས་བོད་མིར་གདུག་རྩུབ་ཆེན་པོའི་སྲིད་ཇུས་ལག་ལྟར་གྱིས་བོད་མི་རྣམས་རང་གི་ཕ་མེས་ཀྱི་ལུང་པའི་ནང་གྲངས་ཉུང་དུ་བསྒྱུར་པ་མ་ཟད་བོད་མིའི་ཚེ་སྲོག་ལ་བུ་སྲིན་ཕྲ་མོའི་འདུ་ཤེས་ཙམ་མེད་པར་ནག་མེད་བོད་མི་གྲངས་ལས་འདས་པ་རྩོན་འཇུག་འོག་ཉེས་བརྡུང་དམར་གསོད་སོགས་མི་སྤྱོད་ལས་འདས་པའི་སྡུག་བསྔལ་མྱངས་དང་མྱོང་བཞིན་པ་འདི་དག་རྒྱ་ནག་གི་མཐོ་རིམ་མི་སྣའི་ཆབ་སྲིད་ཁ་སྙན་ཁོག་ནག་གི་སྲིད་ཇུས་འོག་བདུག་སྦྲུལ་དཀར་ནག་གི་བདུག་རླངས་བོད་མིར་གཡོགས་པ་འདི་དག་གི་ནུས་པ་ཇི་ཡོད་དགྲ་བོ་རྒྱ་ནག་རང་གི་མགོ་སྟེང་ལྷུང་རྒྱུ་ཡིན་པ་ནང་པའི་ཆོས་ཕྱོགས་ནས་ཞིབ་འབྲེལ་རྒྱབ་ན་ལས་འབྲས་མཛུབ་མོ་རྩེ་ལ་འཁོར་རྒྱུ་ཡོད་པ་བོད་མི་ཚོའི་ཡིད་ཆེས་བརྟན་པོ་བྱེས་ཆོག་།