འཛམ་གླིང་གི་དབུ་ཁྲིད་ཚོས་མི་མང་གི་བདེ་འཇགས་འགན་སྲུང་བྱེད་དགོས།

མི་འགྱངས་པར་སྟོབས་ཆེན་རྒྱལ་ཁབ་ ༢༠ ཚོགས་ཆེན་འཇར་མན་ནང་འཚོགས་འཆར་ཡོད་པར་གོ་ལ་གཅིག་གྱུར་རིང་ལུགས་པ་སྟོང་ཕྲག་མང་པོས་ལྟ་བ་མཁྲེགས་འཛིན་བྱེད་མཁན་དབུ་ཁྲིད་དང་དེ་དག་གི་སྲིད་བྱུས་ལ་ངོ་རྒོལ་བྱས།

རེའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་ ༧ དང་ ༨ ཉིན་གཉིས་རིང་། འཇར་མན་གྲོང་ཁྱེར་ཧམ་བྷག་(Hamburg)ཏུ་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ ༢༠ ཚོགས་འདུ་(G20)འཚོགས་འཆར་ཡོད་པ་དེར་ཟླ་འདིའི་ཚེས་ ༢ ཉིན་ནས་མི་གོ་ལ་གཅིག་གྱུར་རིང་ལུགས་པ་མང་སྟོང་ཕྲག་མང་པོས་རྒྱལ་སྤྱིའི་མགོ་ཁྲིད་ཚོར་གོ་ལ་སྲུང་སྐྱོབ་དང་དཔལ་འབྱོར་འདྲ་མཉམ་ཀྱི་དགོས་འདུན་བཏོན་ཏེ་ངོ་རྒོལ་ལས་འགུལ་སྤེལ་ཡོད་འདུག

ཇར་མན་ཉེན་རྟོག་པས་བརྗོད་པ་ལྟར་ན། ཕྱི་ཚེས་ ༢ ཉིན་གོ་ལ་གཅིག་གྱུར་གྱི་ལས་འགུལ་བ་ཁྲི་ ༡ ལྷག་གིས་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་ཏེ་རྒྱལ་སྤྱིའི་མགོ་ཁྲིད་ཚོར་གོ་ལའི་ཚ་དྲོད་སྙོམས་སྒྲིག་དང་དཔལ་འབྱོར་འདྲ་མཉམ། ཐོན་སྐྱེད་མཛད་སྤྱོད་བདེ་འཇགས་བཅས་ཀྱི་འབོད་ཚིག་བསྒྲགས་ཡོད་པ་མ་ཟད། ཁོ་ཚོས་ཕྲེད་དར་སྟེང་ “རྒྱལ་ཁབ་ ༢༠ ཚོགས་ཆེན་ལ་ངོས་ལེན་མེད།” ཅེས་དང་། “རྒྱལ་སྤྱིའི་དབུ་ཁྲིད་ཚོ་དམྱལ་བའི་ནང་ཕེབས་བསུ་བྱེད།” ཅེས་པ་སོགས་ཀྱི་འབོད་ཚིག་བསྒྲགས་ཏེ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།

ཇར་མན་སྲིད་བློན་ཨན་ཇི་ལ་མཱ་ཁེལ་(Angela Merkel)གྱིས། ད་ལོའི་རྒྱལ་ཁབ་ ༢༠ ཚོགས་ཆེན་སྟེང་ངོ་རྒོལ་མི་མང་གི་མངོན་འདོད་ལྟར། གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཐོན་ཁུངས་སྔོག་འདོན་དང་། དཔལ་འབྱོར་འདྲ་མཉམ། ཁྲོམ་རའི་རང་དབང་དང་མཛད་སྤྱོད་བདེ་འཇགས་སོགས་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་བགྲོ་གླེང་བྱ་རྒྱུ་ཡིན་ཞེས་བརྗོད་འདུག ད་དུང་ཁོང་མོས། འཛམ་གླིང་གི་དབུ་ཁྲིད་ཚོས་སོ་སོའི་ཁེ་ཕན་ཁོ་ན་མི་བསམ་པར་གོ་ལ་སྤྱིའི་དཔལ་འབྱོར་འཕེལ་རྒྱས་གཏོང་ཐབས་སུ་དཔུང་གདང་མཉམ་འབྲེལ་བྱེད་རྒྱུ་གལ་ཆེན་ཡིན་པ་མ་ཟད། མི་རེ་རེའི་ཉིན་རེའི་འཚོ་བའི་མཐུན་རྐྱེན་ཡང་འདྲ་མཉམ་ཡོང་རྒྱུར་དེ་བས་ཀྱང་གཙུག་ཆེན་བྱེད་དགོས་སྐོར་བརྗོད་ཡོད་འདུག

ཇར་མན་གཞུང་གིས་ཉེན་རྟོག་པ་ ༢༡༠༠༠ ལྷག་ཆེད་གཏོང་གིས་ཚོགས་འདུའི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུ་ཡིན་པ་དང་། ཐེངས་འདིའི་ངོ་རྒོལ་ལས་འགུལ་དེར་ཚོགས་པ་ ༣༠ ལྷག་གིས་གཞུང་ལ་ཐོ་འགོད་བྱས་ཏེ་ལས་འགུལ་སྤེལ་བ་ཐོག་མ་དེ་ཆགས་ཡོད་འདུག ཐེངས་འདིའི་ངོ་རྒོལ་ཁྲོད་དྲག་སྤྱོད་དོན་རྐྱེན་འབྱུང་སྲིད་པའི་ཉེན་ཁ་ཆེན་པོ་ཡོད་པ་དང་། ཇར་མན་གཞུང་གི་ཉེས་དོན་ལས་ཁུངས་ཀྱིས་བརྗོད་པ་ལྟར་ན། མི་མང་ལས་འགུལ་བ་ཚོས་ཧམ་བྷག་གྲོང་ཁྱེར་ལྟེ་བའི་གྲུ་གཟིངས་དང་གནམ་གྲུ་འབབ་ཚུགས་སོགས་སུ་འགས་གཏོར་དོན་རྐྱེན་བཟོ་རྒྱུའི་དམིགས་ཡུལ་བཟུང་ཡོད་སྐོར་བརྗོད་ཡོད།

འབྱུང་འགྱུར་ཕྱི་ཟླ་ ༩ པའི་ནང་སྲིད་བློན་གྱི་ལས་ཡུན་ཐེངས་བཞི་བར་བསྐྱར་དུ་ལངས་འཆར་ཡོད་པའི་ལྕམ་མཱ་ཁེལ་གྱིས་མོ་རང་གི་ཟིན་བྲིས་ནང་། ཐེངས་འདིའི་རྒྱལ་ཁབ་ ༢༠ ཚོགས་ཆེན་སྟེང་དོན་ཚན་བཞིའི་ཐོག་གླེང་མོལ་བྱ་རྒྱུ་ཡིན་སྐོར་འཁོད་དོན་ “ང་ཚོས་རང་བྱུང་ཐོན་ཁུངས་ཀྱིས་ག་རེ་བྱེད་ཀྱིན་ཡོད་པ་དང་། དཔལ་འབྱོར་འདྲ་མཉམ་གྱི་ཁྲིམས་གང་དག་རེད། ཐོན་ཁུངས་སྔོག་འདོན་དང་དཔལ་འབྱོར་བགོ་འགྲེམ་གྱིས་མི་ག་ཚོད་ཅིག་དང་རྒྱལ་ཁབ་ག་ཚོད་ཅིག་ལ་ཁེ་ཕན་དང་ལས་གནས་སྐྲུན་བཞིན་ཡོད་དམ་” སོགས་ལ་དྲི་བ་འདོན་རྒྱུ་ཡིན་ཞེས་འཁོད་ཡོད་པ་དང་། ད་དུང་ཁོས་མོས་ཚོགས་ཆེན་འདི་བརྒྱུད་དེ་ང་ཚོ་ཚང་མར་ཐུན་མོང་གི་ཁེ་ཕན་ཞིག་འཐོབ་དགོས་ཅེས་བརྗོད་ཡོད་ཀྱང་། ཇར་མན་འཛིན་སྐྱོང་དང་ཁྲིམས་ལུགས་ལག་བསྟར་བྱེད་པའི་སྲིད་བློན་ཧི་ཁའོ་མཱ་སི་(Heiko Maas)ཡིས་མི་མང་ལས་འགུལ་བ་ཚོས་རླངས་འཁོར་མེ་བསྲེགས་གཏོང་བ་དང་ཉེན་རྟོག་པར་རྨས་སྐྱོན་བཟོ་བ་སོགས་ཀྱི་བྱ་སྤྱོད་སྤེལ་ཚེ། དེར་ཁྲིམས་མཐུན་གྱི་འགྲོ་ལུགས་མེད་སྟབས་ཁྲིམས་ཆད་ཕོག་རྒྱུ་ཡིན་སྐོར་བརྗོད་འདུག

བདུན་ཕྲག་སྔོན་མའི་ཇར་མན་གྲོས་ཚོགས་གཏམ་བཤད་ཅིག་གི་ནང་དུ་སྲིད་བློན་མཱ་ཁེལ་གྱིས་རྒྱལ་ཁབ་ ༢༠ ཚོགས་ཆེན་ཐོག་འཛམ་གླིང་གི་དབུ་ཁྲིད་ཁག་ཅིག་དང་ལྷན་དུ་ཚོང་འབྲེལ་རང་དབང་དང་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་སྐོར་ལ་ཨ་རིའི་སྲིད་འཛིན་ཊི་རུམ་ཕིའི་ཨ་རི་དང་པོ་ཞེས་བའི་སྲིད་ཇུས་ལ་ཁ་གཏད་ཅོག་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

རྒྱལ་ཁབ་ ༧ ཚོགས་ཆེན་(G7)ཞེས་བ་ཚོགས་ཏེ་ཟླ་གཅིག་འགོར་རྗེས་སྟོབས་ཆེན་རྒྱལ་ཁབ་ ༢༠ ཚོགས་ཆེན་ཚོགས་བཞིན་ཡོད་པ་དང་། རྒྱལ་ཁབ་ ༧ ཚོགས་ཆེན་དེའི་སྐབས། ཨ་རིའི་སྲིད་འཛིན་ཊི་རུམ་ཕིས་གནམ་གཤིས་གྲོས་ཆོད་དང་ཚོང་འབྲེལ། གནས་སྤོ་བཀག་སྡོམ་སྲིད་ཇུས་སོགས་ཀྱིས་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་བར་འགལ་ཟླ་བཟོས་ཡོད།

སི་ཨིན་ཨིན་གྱི་གསར་འགྱུར་ཞིག་གི་ནང་། ཐེངས་འདིའི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་དང་བསྟུན་ཏེ། ཨ་རིའི་སྲིད་འཛིན་ཌོ་ནལ་ཊི་རུམ་ཕི་དང་ར་ཤི་ཡའི་སྲིད་འཛིན་ཊུ་ཊིན་གཉིས་ཐུག་འཕྲད་བྱ་རྒྱུ་ཡིན་པ་དེས་འཛམ་གླིང་གི་ཁ་ཕྱོགས་གཞན་ཞིག་ཏུ་བསྒྱུར་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་ཅིང་། སྲིད་འཛིན་ཊི་རུམ་ཕིས་ར་ཤི་ཡར་རྒྱབ་བརྟེན་བྱས་ཏེ་སྲིད་འཛིན་འོས་བསྡུར་རྒྱལ་ཁ་བླངས་སྐོར་གྱི་གླེང་རྙོག་དེས་ཐེངས་འདིའི་ཚོགས་ཆེན་སྐབས་འཛམ་གླིང་གི་གསར་འགོད་པ་ཚོའི་མདུན་དུ་མགོ་བོ་ཡར་བཀྱགས་ཏེ་འགྲོ་སྲོལ་མེད་ཀྱང་། ཨ་རི་དང་ར་ཤི་ཡའི་སྲིད་འཛིན་གཉིས་ཀྱིས་རྫིག་ཉམས་སྟོན་པ་དང་ཁ་གཏད་ལ་ཚོར་ཉེན་བརྡ་དང་འཇིགས་སྐུལ་གཏོང་ངེས་པ་སོགས་ཀྱིས་གསར་འགོད་པ་ཚོ་དོ་སྣང་འགུག་སྲིད་སྐོར་ཡང་འཁོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༠༧/༠༦

Leave a Reply

One thought on “འཛམ་གླིང་གི་དབུ་ཁྲིད་ཚོས་མི་མང་གི་བདེ་འཇགས་འགན་སྲུང་བྱེད་དགོས།

  1. གཞུང་པ་ཚེ་དབང་བསོད་ནམས་

    སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་གི་ཚོགས་འདུ་ལ་འཛམ་གླིང་མི་མང་ནས་རེ་བ་འཆང་བཞིན་པ་ལ་འགན་འཁུར་ཐུབ་པའི་ཆོད་སེམས་དང་ལྷག་བསམ་འཇོན་སྟངས་སོགས་ཡོད་མེད་ལ་མ་ལྟོས་པར་གོ་ལ་གཅིག་རྒྱུར་ལ་འགན་འཁུར་ཐུབ་པའི་སྤྱི་སེམས་ཅན་གྱི་འགོ་འཁྲིད་ཡོད་མེད་མི་ཤེས་ཀྱང་སོ་སོའི་རྒྱལ་ཁབ་ཀྱི་མཁེ་ཕན་གཙོ་བོར་འཛིན་མཁན་ཙམ་ལས་གོ་ལ་གཅིག་རྒྱུར་ལ་ལྷག་བསམ་གྱི་འགན་འཁུར་བཞེས་མཁན་ཞིག་ཡོད་ན་དེང་སྐབས་འཛམ་གླིང་ནང་མི་གསོད་ཁྲག་སྦྱོར་གྱི་ལས་ངན་ཐབས་སྡུག་འདི་རིགས་ནམ་ཡང་ཡོང་མི་སྲིད་དོ་།