བོད་ཀྱི་དུས་བབ་དྲ་བའི་མཉེན་ཆས་གསར་པ་བསླེབ་གྲབས་ཡོད།

གོ་ལ་ཧྲིལ་བོའི་བོད་ཀྱི་དུས་བབ་ཀློག་པ་པོ་ཡོངས་ལ་གསལ་བསྒྲགས་ཞུ་རྒྱུར། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༦ ཉིན་ཏེ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་བསྟུན་ཏེ། བོད་ཀྱི་དུས་བབ་དྲ་རྒྱའི་ལག་ཐོག་ཁ་པར་དང་ལག་འཁྱེར་གློག་དེབ་སོགས་ཀྱི་པར་གཞི་གསར་པའི་མཉེན་ཆས་ཐད་གཏོང་བྱ་རྒྱུ་ཡིན་པས། རྣམ་པ་ཚོས་ཉིན་དེའི་ཞོགས་པའི་ཆུ་ཚོད་ ༦:༠༠ པ་ནས་བཟུང་ཉིན་གྲངས་ ༡༠༠ རིང་རིན་མེད་ཐོག་སོ་སོའི་ཁ་པར་ནང་ཕབ་ལེན་གནང་ཆོག

བོད་ཀྱི་དུས་བབ་ཀྱི་མཉེན་ཆས་གསར་པ་(APP)འདི་ནི། འདས་པའི་ལོ་ངོ་གཅིག་དང་ཕྱེད་ལྷག་རིང་། དྷ་རམ་ས་ལའི་བོད་ཀྱི་བརྡ་འཕྲིན་ལས་ཁུངས་དང་། རྒྱ་གར་ལྷོ་ཕྱོགས་གྷོ་ཝར་རྟེན་གཞི་བྱས་པའི་ཀུ་ཤུ་འཆར་འགོད་བཟོ་གྲྭ་གཉིས་མཉམ་འབྲེལ་བྱས་ཏེ་བཟོས་ཤིང་། མཉེན་ཆས་འདི་ནི་(NDK) དང་ (SDK) ཞེས་པའི་རྨང་གཞིའི་ཐོག་ཀུ་ཤུ་(apple)དང་གྷོ་གྷིལ་(Google)གཉིས་ཀའི་ནང་གཅིག་གྱུར་ཚད་ལྡན་བཟོས་པའི་བོད་ཡིག་ཁ་པར་བརྒྱུད་ཁུངས་མཉེན་ཆས་ཐོག་མ་དེ་ཆགས་ཡོད།

སྐུ་ཉིད་ཀྱི་ལག་ཐོག་ཁ་པར་(Mobile)དང་ལག་འཁྱེར་གློག་དེབ་(ipad)སོགས་ནི། ཀུ་ཤུ་རྟགས་ཅན་(IOS)ཡིན་ན་ཕབ་ལེན་བྱེད་ཡུལ་(app store)དང་། ཨན་ཌོར་ཌི་རྟགས་ཅན་(Android)ཡིན་ན་ཕབ་ལེན་བྱེད་ཡུལ་(play store)སོགས་ནས་དུས་བབ་ཀྱི་མཉེན་ཆས་གསར་པ་འདི་ཕབ་ལེན་དང་བེད་སྤྱོད་གཅིག་གྱུར་བྱེད་ཐུབ་པ་མ་ཟད། མཉེན་ཆས་འདི་ཕབ་ལེན་གནང་རྗེས་དྲ་རྒྱའི་བརྒྱུད་ཁུངས་ཁག་ཏུ་འཚོལ་བཤེར་བྱེད་མི་དགོས་པར་ཐད་ཀར་བོད་ཀྱི་དུས་བབ་དྲ་ངོས་སུ་སྐྱོད་ཐུབ་པ་དང་། བེད་སྤྱོད་སྟབས་བདེ་ཞིང་བརྙན་ཡོལ་ངོས་གཙང་བ། ཆ་རྐྱེན་འཛོམས་ཤིང་། འཁོར་སྐྱོད་མགྱོགས་པ་བཅས་ཀྱི་ཁྱད་ཆོས་ཡོད།

བོད་ཀྱི་དུས་བབ་གསར་ཁང་ནས་ ༢༠༡༧ །༦ །༢༢ ཉིན།

བསྐྱར་བཅོས།: ༢༠༡༧/༠༧/༠༧

Leave a Reply