བོད་དང་རྒྱ་ནག་གི་འདས་པའི་ལོ་ངོ་ ༦༦ དང་འབྱུང་འགྱུར་གྱི་གནས་སྟངས་གླེང་བ།

རའོ་བྷར་ཌི་བྷར་ཎེ་ཌི་(Robert Barnett)བརྩམས།
བློ་བཟང་ཡེ་ཤེས་ཀྱིས་བསྒྱུར།

རྒྱ་ནག་བཅིངས་འགྲོལ་དམག་མི་བོད་ནང་བསླེབས་ཏེ་ལོ་ངོ་ ༦༦ འགྲོ་བཞིན་པ་དང་། བོད་དང་རྒྱ་ནག་བར་བཞག་པའི་མགོ་བཏགས་གྲོས་མཐུན་དེ་ཁ་འཐོར་ཞིག་ཏུ་ཕྱིན་རྗེས། ༧གོང་ས་ཏྰ་ལའི་བླ་མ་མཆོག་དང་བོད་མི་ ༨༠༠༠༠ ལྷག་རྒྱ་གར་ལ་བྲོས་བྱོལ་དུ་གྱར་ཏེ་ད་བར་ལོ་ངོ་ ༥༨ བཞུད་ཟིན། བཙན་བྱོལ་དུ་འབྱོར་བ་རྣམས་དང་དེ་དག་གི་མི་རབས་རྗེས་མ་རྣམས་ད་དུང་ཕྱི་རྒྱལ་ཁག་ཏུ་ལྷག་ཡོད། བོད་མི་བཙན་བྱོལ་བ་རྣམས་ཕྱིར་རང་ཡུལ་དུ་ལོག་རྒྱུའི་རེ་བ་ནི་འདས་པའི་ལོ་ ༣༠ རིང་གི་གནས་སྟངས་གཅིག་མཚུངས་ལྟར་ཁ་གསལ་མེད་པར་ལུས་ཡོད། དེ་བཞིན། ཕྱི་ཕྱོགས་ནས་བོད་ནང་འབྲེལ་བ་བྱེད་རྒྱུ་དེ་རྒྱ་ནག་གི་ས་ཁོངས་གཞན་དག་ལས་ཧ་ཅང་གིས་ཁག་པ་དང་། བོད་མི་མང་ཆེ་བར་ཕྱི་སྐྱོད་ལམ་ཡིག་ཐོབ་ཁག་པོ་ཆགས་ཡོད། ད་དུང་མི་མང་གང་བྱུང་འཛིན་བཟུང་བྱེད་ཅིང་ཞི་བའི་རྔམ་སྟོན་ཁྲོམ་སྐོར་དང་རང་ལུས་མེར་བསྲེགས་སོགས་ཀྱི་གནས་ཚུལ་རིམ་པ་བཞིན་ཕྱི་ལོགས་སུ་འཐོན་བཞིན་པའི་སྒང་རེད།

སྤྱི་ཚོགས་ཚན་རིག་པ་ཚོས་དུས་ཡུན་རིང་པོའི་དཀའ་རྙོག་གང་ཞིག་ཡིན་ཡང་སྟབས་བདེ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། རྒྱ་ནག་ཉིན་རེ་བཞིན་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་པའི་སྟེང་ལ། སྲིད་འཛིན་ཞི་ཅིན་ཕིན་གྱིས་གཞི་རྩའི་ཐོབ་ཐང་དང་གུ་ཡངས་ཀྱི་ལྟ་བར་སྣང་འཇོག་ཙམ་ཡང་བྱེད་ཀྱི་མེད་པའི་སྐབས་འདིར་༧གོང་ས་ཏྰ་ལའི་བླ་མ་མཆོག་ཀྱང་དགུང་ལོ་བགྲེས་པོར་ཕེབས་ཟིན་ཡོད། དེ་ལྟར་ཆབ་སྲིད་དབྱེ་ཞིབ་པ་མང་པོ་ཞིག་གི་མིག་མདུན་གྱི་གནས་སྟངས་ལ་གཞིགས་ཏེ། བོད་དོན་ཐོག་བློས་འཁེལ་བའི་བཟང་ཕྱོགས་ཀྱི་གྲུབ་འབྲས་ཡོང་བ་ཤིན་ཏུ་ཁག་པོར་བརྩི་བཞིན་ཡོད། མིག་མདུན་གྱི་གནས་སྟངས་དེ་དག་ཁྲོད་ནས་ང་ཚོར་རེ་བ་བཟང་པོ་ཞིག་རྙེད་མི་སྲིད་མོད། འོན་ཀྱང་གནད་དོན་འདིར་མངོན་གསལ་མེད་པའི་ཆ་གཞན་ཞིག་ཡོད་སྟབས། དཀའ་རྙོག་འདི་སེལ་རྒྱུ་ལས་སླ་རུ་འགྲོ་མི་སྲིད་པ་གཏན་ནས་མ་རེད།

འདི་ནི་རྒྱ་ཆེ་ས་ནས་བཤད་ན། དཀའ་རྙོག་འདིའི་རྩ་བ་དམག་དོན་མ་ཡིན་པར་ཆབ་སྲིད་ཀྱི་དཀའ་རྙོག་ཅིག་ཡིན་པ་དང་འབྲེལ་བ་ཡོད། གཞི་རྩའི་ཆ་ནས་ཐོག་མ་ལོ་ངོ་ ༢༠ ལྷག་གི་རིང་བོད་མི་ཚོས་དམག་ཤུགས་ལ་བརྟེན་ཏེ་རང་བཙན་རྩོད་ལེན་བྱས་པ་དངོས་ཡོད་ཡིན་རུང་། ཕྱི་ལོ་ ༡༩༧༠ ཙམ་ནས་གནད་དོན་འདི་རང་སྐྱོང་གི་འཐབ་རྩོད་ཅིག་ལ་འགྱུར་མགོ་བཙུགས་པ་རེད། དེ་དང་འབྲེལ་ནས་བོད་མི་ཚོས་མང་མོས་ཐོག་རང་བཙན་གཙང་མའི་དགོས་འདུན་དོར་ཏེ། རྒྱ་ནག་དང་གྲོས་མོལ་བྱ་རྒྱུའི་བློ་ཐག་བཅད་པ་རེད། ༢༠༡༠ ལོའི་གྲོས་མོལ་སྐབས་རྒྱ་ནག་ནས་བོད་མིའི་དགོས་འདུན་ཚང་མར་ཉན་འཇོག་བྱས་མེད་ལ། དུས་དེ་ནས་བཟུང་ད་བར་རྒྱ་ཕྱོགས་ནས་བཙན་བྱོལ་བོད་མི་ཚོ་དང་གྲོས་མོལ་བྱ་འདོད་ཀྱི་རྣམ་འགྱུར་བསྟན་མེད། གལ་ཏེ་གྲོས་མོལ་ཡང་བསྐྱར་བྱས་ཚེ་བགྲོ་གླེང་གི་བརྗོད་གཞི་གཙོ་བོ་དེ་རང་སྐྱོང་གི་འགྲེལ་བཤད་མི་འདྲ་བའི་སྟེང་འབབ་རྒྱུ་ཡིན་པ་ཕྱོགས་གཉིས་ཀར་མངོན་གསལ་ཆགས་ཡོད། རྒྱ་ཕྱོགས་ནས་བོད་པར་རང་སྐྱོང་གི་ཐོབ་ཐང་ཡོད་ཚུལ་ཤོད་བཞིན་ཡོད་ཀྱང་། དེ་ནི་མིང་ཙམ་གྱི་རང་སྐྱོང་ཞིག་ལས་དོན་ཐོག་ལ་གང་ཡང་མེད། དེ་ལྟར་ཕྱོགས་གཉིས་པོའི་ཡིག་ཐོག་གི་སྐད་ཆའི་དགོས་འདུན་མཚུངས་ཀྱང་བོད་ཀྱི་གནད་དོན་འདི་ནི་སྤྱིར་བཏང་གི་མི་རིགས་དང་རྒྱལ་ཁབ་ཅིག་གི་རྩོད་རྙོག་གི་ཚད་གཞི་ལས་བརྒལ་ཡོད།

ད་སྔ་བོད་དོན་ཐོག་རྒྱལ་སྤྱིའི་རྒྱབ་སྐྱོར་ག་ཚོད་ཐོབ་ཡོད་རུང་། དེ་ནི་བཟང་སྤྱོད་དང་སེམས་འཁུར། ཡང་ན་མཚོན་དོན་ཙམ་ལས་དམག་དོན་ཐོག་རྒྱབ་སྐྱོར་ཐོབ་རྒྱུ་ཕར་ཞོག རྒྱ་ནག་ལ་ཆེད་མངགས་སྡིགས་ར་ཙམ་ཡང་བྱས་མྱོང་མེད། འདི་དག་ལས་རྒྱ་གར་ནི་དམིགས་བསལ་བ་གཅིག་པུ་དེ་ཆགས་ཡོད། རྒྱ་གར་གྱིས་༧གོང་ས་ཏྰ་ལའི་བླ་མ་དང་བོད་མི་སྐྱབས་བཅོལ་བ་ ༡༠༠༠༠ ལྷག་ལ་དམག་དོན་སྒང་ནས་གནས་ལེན་བྱས་ཡོད་སྟབས། རྒྱ་གར་ནི་གནད་དོན་འདིའི་ཐོག་ཕྱི་ཕྱོགས་ཀྱི་ཆ་ཤས་ལེན་མཁན་གལ་གནད་ཆེ་ཤོས་དེ་ཆགས་ཡོད། ཡིན་ཡང་རྒྱ་གར་གྱི་དགོས་གལ་དང་པོ་དེ་རྒྱ་ནག་གིས་རྩོད་བཞིན་པའི་ས་མཚམས་དག་བརྟན་སྲུང་བྱ་རྒྱུ་དེ་ཡིན་པ་ལས། བོད་དང་རྒྱ་ནག་གང་རུང་གི་ས་ཆ་རག་ཐབས་སམ་ཡང་ན་རྒྱ་ནག་གི་སྟོབས་ཤུགས་ཆུང་དུ་གཏོང་ཐབས་བྱེད་རྒྱུ་དེ་མིན།

ད་ལྟའི་བོད་ཀྱི་གནས་སྟངས་ངོ་མ་དེ་བོད་མིའི་འཐབ་རྩོད་ཀྱི་འཁོས་བབ་ལས་ང་ཚོས་ཤེས་ཐུབ་སྟེ། ཕྱི་ལོ་ ༡༩༧༠ ཙམ་ནས་བོད་མིའི་འཐབ་རྩོད་དེ་རྔམ་སྟོན་ཁྲོམ་སྐོར་དང་ཉེ་དུས་སུ་རང་ལུས་མེར་བསྲེགས་ཁོ་ནར་རྟེན་བཞིན་པ་ལྟར་རེད། རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་དེ་ཛ་དྲག་དང་ནུས་ཤུགས་ཅན་ཞིག་ཏུ་མཐོང་ཡང་། འདི་དག་གི་དགོས་འདུན་གཙོ་བོ་དེ་ནི་རྒྱལ་ཡོངས་དང་རྒྱལ་སྤྱིའི་དོ་སྣང་འགུག་ཐབས་ཙམ་ལས་ཐད་ཀར་རྒྱ་ནག་གི་དབང་བསྒྱུར་ལ་ཁ་གཏད་བྱེད་པ་ཞིག་མིན། བོད་མིའི་ངོ་རྒོལ་ལ་རྣམ་པ་འདྲ་མིན་འཐོན་བཞིན་ཡོད་ཀྱང་དྲག་ཤུགས་ཀྱི་ལས་འགུལ་ཧ་ཅང་ཉུང་ཉུང་རེད།

འདས་པའི་ལོ་ངོ་ ༣༠ ལྷག་གི་རིང་བོད་མི་ཚོས་ངོ་རྒོལ་འདྲ་མིན་བྱས་ཡོད་ཀྱང་ཕ་རོལ་པོ་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་ ༢༠ ཙམ་དང་། དེ་དག་ལས་ཀྱང་ཕྱེད་ཀ་ཙམ་ནི་སྟེས་དབང་གིས་འདས་གྲོངས་སུ་ཕྱིན་པ་ཤ་སྟག་རེད། གལ་སྲིད་ང་ཚོས་རྒྱ་ནག་གི་བདེ་འཇགས་དམག་མིའི་ལག་འོག་ནས་རྐྱེན་ལམ་དུ་སོང་བའི་བོད་མིའི་གྲངས་འབོར་ལ་བལྟས་ན། རོབ་རྩིས་བྱས་ཀྱང་འདས་པའི་ལོ་ ༣༠ ལྷག་གི་ནང་བོད་མི་ ༢༠༠ ནས་ ༥༠༠ ལྷག་གི་ཚེ་སྲོག་ཤོར་ཡོད། འདི་དག་ནི་སྲིད་གཞུང་གི་དབང་བསྒྱུར་ལ་ཐད་ཀར་ཁ་གཏད་བྱེད་མཁན་མ་ཡིན་པར་བོད་མིའི་སྤྱི་ཚོགས་དང་འཚོ་བར་འབྲེལ་ཡོད་སྲིད་བྱུས་ཁག་ལ་མ་འདོད་པའི་རྣམ་འགྱུར་བསྟན་པ་ཙམ་རེད། འོན་ཀྱང་དེ་དག་གིས་བོད་མི་ཚོས་རང་བཙན་ལ་ཡིད་ཆེས་བྱེད་ཀྱི་མེད་པ་མཚོན་མི་ཐུབ་སྟེ། བོད་མི་མང་པོས་ད་དུང་རྒྱ་བོད་ཁ་ཁ་དང་རང་བཙན་གཙང་མ་འདོད་ཀྱི་ཡོད་པ་དངོས་ཡོད་གནས་ཚུལ་ཡིན་ཡང་། རྒྱ་ནག་གཞུང་གིས་དྲང་བདེན་གྱི་སྲིད་བྱུས་ལག་བསྟར་བྱེད་པ་དང་། བོད་མིར་བརྩི་མཐོང་བྱས་ན་བོད་མི་ཚོ་རྒྱ་ནག་འོག་འདུག་འདོད་མེད་ཀྱང་དེར་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་ཏུ་མཐོང་གི་ཡོད།

རྒྱ་ནག་གི་ངོས་ནས་མཐུན་རྐྱེན་ཚང་མ་རང་ལ་ཡོད་བཞིན་དུ་བོད་ཀྱི་གནས་སྟངས་ཡར་རྒྱས་སུ་མི་གཏོང་དོན་གང་ཡིན་ནམ། ཞི་ཅིན་ཕིན་གྱིས་ཉིན་ཤས་ནང་བོད་ཀྱི་གནས་སྟངས་ལ་འཕོ་འགྱུར་གཏང་ཐུབ་ཀྱི་ཡོད། ནང་ཆོས་བསླབ་པ་སློབ་གཉེར་གྱི་རང་དབང་སྤྲོད་པ་དང་། སློབ་ཕྲུག་དང་ལས་བྱེད་ཚོར་རང་དབང་ཐོག་ཆོས་བྱེད་དུ་འཇུག་པ། གཞུང་གི་དཔོན་རིགས་ཚོས་༧གོང་ས་ཏྰ་ལའི་བླ་མར་གང་བྱུང་མཚན་སྨོད་བྱེད་པ་མཚམས་འཇོག་དང་། འབྲོག་པ་རྣམས་བཙན་ཤེད་ཀྱིས་གནས་སྤོ་རུ་འཇུག་པ་བཅས་ཀྱི་སྲིད་བྱུས་རྣམས་ལ་བསྐྱར་ཞིབ་དང་། ཞི་ཅིན་ཕིན་གྱིས་ཧོང་ཀོང་ལྟར་བོད་ནང་རྒྱ་མི་གནས་སྤོའི་སྲིད་བྱུས་ལའང་བསྐྱར་ཞིབ་བྱེད་ཆོག་ཆོག་ཡིན་ཡང་། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་དེ་འཐབ་རྩོད་རྒྱུན་རིང་དང་རྩུབ་པོ་ཞིག་ལ་ངོས་འཛིན་བྱས་ཏེ། དམག་དོན་དང་འབྲེལ་བ་གཏན་ནས་མེད་པའི་གནས་ཚུལ་ཁག་ལའང་དམག་མིས་ཐག་གཅོད་གང་ཐུབ་བྱེད་ཀྱི་ཡོད་སྟབས་མ་འོངས་པར་མུ་མཐུད་དེ་ངོ་རྒོལ་ཡོང་ངེས་རེད།

བོད་ཀྱི་སྲིད་བྱུས་སྐོར་ལ་ལས་ཀ་བྱེད་མཁན་ཚོས་ཀྱང་འུད་ཤོབ་དང་དགྲ་བོ་གང་མང་རྣམ་རྟོག་གིས་སྐྲུན་ཐབས་བྱེད་པ་དེས་ཀྱང་གནད་དོན་ཐག་གཅོད་ཡོང་བར་ཕན་ཐོགས་ལས་གནོད་སྐྱོན་ཆེན་པོ་བཟོ་བཞིན་ཡོད། མ་གཞི་དེ་ནི་ཁོང་ཚོའི་འཚོ་བའི་རྟེན་ས་གཙོ་བོ་དེའང་ཆགས་ཡོད་པ་རེད། འདི་ནི་འདས་པའི་ལོ་ ༢༠ ལྷག་གི་རིང་རྒྱ་ནག་གི་གསར་ལམ་ཁག་གིས་༧གོང་ས་ཏྰ་ལའི་བླ་མར་མཚན་སྨད་ཞུ་དོན་གཙོ་བོ་ཞིག་ཆགས་ཡོད་པ་མ་ཟད། རྒྱ་ནག་གི་མི་རབས་ཤིག་གིས་ཏཱ་ལའི་བླ་མ་ནི་འཇིགས་སྐུལ་བ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་དེའང་ཡ་མཚན་གྱི་གནས་ཡིན།

འོན་ཀྱང་གཞི་རྩའི་དོན་དག་ནི་བོད་ཀྱི་ས་བབས་དེ་ཆབ་སྲིད་དང་དམག་དོན་གྱི་ལྟེ་བ་ཞིག་ཡིན་པས་རེད། བོད་ཀྱི་ས་ཁྱོན་ནི་རྒྱ་ནག་གི་བཞི་ཆའི་གཅིག་ཙམ་ཟིན་ཡོད་པ་དང་། བོད་དེ་རྒྱ་ནག་གི་ཆུའི་ཐོན་ཁུངས་ཤིག་ཀྱང་ཆགས་ཡོད་སྟབས། རྒྱ་ནག་གིས་བོད་བརྒྱུད་དེ་སྟབས་བདེ་བོའི་ངང་ལྷོ་ནུབ་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་གནོན་བཙིར་བྱེད་ཐུབ། ཕྱི་རྒྱལ་ཁག་ཏུ་བོད་དོན་དེ་ཆུང་ཙག་གམ་འཆར་ཡན་མཚར་པོ་ཞིག་ཏུ་མཐོང་གི་ཡོད་མོད། རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བོད་ནི་ཧ་ཅང་གནད་འགག་ཅིག་ཆགས་ཡོད་པ་དང་། མགོ་ཁྲིད་ཚོས་བོད་ཀྱི་ས་བབས་ཀྱི་གལ་གནད་རང་བཞིན་རྟོགས་ཡོད་སྟབས། གནད་དོན་དེ་དང་འབྲེལ་བ་ཡོད་པའི་ཉེན་ཁ་ཆུང་ངུའི་རིགས་ལའང་འཛེམ་ཟོན་ཆེན་པོ་བྱེད་སྲིད་པ་རེད།

དེར་བརྟེན། ཕྱིའི་རྒྱལ་ཁབ་ཁག་གི་གནོན་ཤུགས་ཀྱིས་བོད་དོན་ལ་ནུས་པ་འཐོན་མི་ཐུབ་པ་ལྟ་བུར་མཐོང་ཡང་དོན་ཐོག་ལ་སྨིན་སྲིད་པ་ཞིག་རེད། ཕྱི་རྒྱལ་སྲིད་གཞུང་ཁག་གིས་ཕྱོགས་གཉིས་པོར་སྐུལ་འདེད་དང་། དམིགས་བསལ་རྒྱ་ནག་ལ་རྒྱལ་ནང་དང་ས་གནས་ལ་བདེ་འཇགས་ཡོང་བར་ནང་ཁུལ་དཀའ་རྙོག་རྣམས་སེལ་ཐབས་བྱེད་དགོས་པ་གལ་ཆེན་ཡིན་པར་སྐུལ་སློང་བྱེད་པ་དང་། ཞོར་དུ་བོད་རྒྱའི་དཀའ་རྙོག་ཐག་གཅོད་ཡོང་བར་སྐུལ་མ་བྱས་ཏེ། རྒྱ་ནག་ལ་ལྐོག་གཡོ་རིགས་གང་ཡང་མེད་པར་ཡིད་ཆེས་བསྐྲུན་དགོས།

བོད་དོན་ཐོག་ཆབ་སྲིད་ཐག་གཅོད་ཅིག་གང་མགྱོགས་ཡོང་དགོས་པའི་རྒྱུ་མཚན་གཞན་ཞིག་ནི། རྒྱ་ནག་གིས་བོད་དང་དཀའ་རྙོག་ཅན་གྱི་ཁྱིམ་མཚེས་ཤིན་ཅང་གཉིས་ཟུར་འདོན་བྱས་ཏེ། འཛིན་སྐྱོང་དང་སྟངས་འཛིན་སྟབས་བདེ་བོ་ཡོང་ཆེད་སྤྱི་ཚོགས་ཧྲིལ་བོར་དམ་དྲག་བྱས་ཏེ། མི་དམངས་ཀྱི་ཉིན་རེའི་འཚོ་བར་སྟངས་འཛིན་ཚད་མཐོ་བོ་བྱེད་བཞིན་ཡོད། སྤྱི་ཚོགས་དོ་དམ་པ་ཞེས་དགོན་པ་དང་གྲོང་ཚོ་ཚང་མའི་ནང་གཏན་སྡོད་འཐུས་མིའི་རུ་ཁག་བཙུགས་ཡོད། ས་གནས་ཀྱི་འཛིན་སྐྱོང་དང་ཁྱིམ་ཚང་གི་འགན་འཁྲི། དེ་བཞིན། ལམ་ཟུར་གྱི་སྟབས་བདེ་དམག་སྲུང་ས་ཚིགས་སོགས་སྤྱི་ཚོགས་ཀྱི་འབྲེལ་ལམ་མཐའ་དག་ལྕགས་སྒྲོམ་གྱི་ཐབས་ཇུས་ལ་བརྟེན་པ་ནི་བཙན་ཤེད་ཆེ་བའི་རྒྱ་ནག་ལ་ཡང་དམ་དྲག་ཆེ་དྲགས་ཡོད།

དེ་དང་ཕྱོགས་མཚུངས་ད་ལྟ་རྒྱ་ནག་གིས་བོད་ཡིག་བཀོལ་སྤྱོད་ཀྱི་ཁྱབ་ཚད་ཆུང་དུ་གཏོང་རྒྱུའི་སྲིད་བྱུས་གསར་པ་ཞིག་ཨུ་ཚུགས་ཀྱིས་ལག་བསྟར་བྱེད་བཞིན་ཡོད། བྱིས་པའི་སྐད་གཉིས་སློབ་གསོ་ཟེར་པ་དེས་བོད་པའི་ཕྲུ་གུ་ལོ་གསུམ་ཟིན་པ་ཡོངས་རྫོགས་ངེས་པར་དུ་སྔོན་འགྲོའི་སློབ་གྲྭར་འཇུག་དགོས་པའི་བཙན་བཀའ་གཏོང་གི་ཡོད། སྐད་ཡིག་སློབ་གསོ་འདིར་མིང་སྙན་པོ་ཞིག་བཏགས་ཡོད་ཀྱང་། དོན་དངོས་ཐོག་བོད་པའི་བྱིས་པ་ཚོར་བོད་སྐད་ཀྱི་དོད་དུ་རྒྱའི་སྐད་ཡིག་སློབ་སྦྱོང་བྱེད་ཐབས་ཤིག་ཡིན། འདི་ནི་སློབ་གསོའི་སྲིད་བྱུས་མང་པོ་ཡོད་པའི་ནང་ནས་དཔེ་མཚོན་གཅིག་ཙམ་རེད། མང་པོ་ཞིག་ལག་བསྟར་བྱས་ཟིན་པ་དང་། གཞན་དག་ད་དུང་བགྲོ་གླེང་བྱེད་བཞིན་པ་དཔེར་ན། མི་རིགས་འདྲ་མིན་གྱི་བྱིས་པ་ཟླ་བསྒྲིལ་དང་རྒྱ་རིགས་དགེ་རྒན་ཇེ་མང་དུ་བཏང་སྟེ། གཞི་རིམ་གཏན་སྡོད་སློབ་གྲྭ་གསར་རྒྱག་བྱ་འཆར་ཡོད་པ་སོགས་རེད། སློབ་གྲྭ་དེ་དག་རྒྱ་ནག་སྐམ་ས་ཆེན་པོའི་ཧྭན་མི་རིགས་ཀྱི་སློབ་གྲྭ་ཁག་དང་མཉམ་འབྲེལ་བྱ་འཆར་ཡོད་པ་དེ་རྒྱ་རིགས་ལ་དགེ་མཚན་ལྡན་སྲིད་ཀྱང་། གྲངས་ཉུང་མི་རིགས་ཁག་ལ་སེམས་འཁྲལ་གྱི་སྲིད་བྱུས་ཤིག་ཆགས་ཡོད།

རྒྱ་ནག་གི་སྲིད་བྱུས་ལ་འགྱུར་ལྡོག་ཕྱིན་པ་ལྟར། བོད་ནང་གི་བོད་མི་ཚོའི་རྣམ་འགྱུར་ལའང་རིམ་པས་འགྱུར་བ་ཕྱིན་ཡོད། དུས་རབས་ཉེར་གཅིག་གི་མགོ་སྟོད་ཙམ་ལ་བོད་མི་ངོ་རྒོལ་བ་ཉུང་ཉུང་ལས་མེད། རྒྱ་ནག་གི་དམ་དྲག་དབུས་ཕྱོགས་ལས་ཆུང་བའི་ཤར་ཕྱོགས་ས་ཁུལ་ཁག་ཏུ་གནས་སྟངས་འདི་དེ་བས་བདེན་པ་ཆགས་ཡོད། ཡིན་ཡང་ཕྱི་ལོ་ ༢༠༠༨ པེ་ཅིན་ཨོ་རྩལ་འགྲན་ཚོགས་ཀྱི་མཚམས་ནས་བཟུང་༧གོང་ས་ཏྰ་ལའི་བླ་མ་དང་འབྲེལ་བའི་སྲིད་བྱུས་ཁག་དམ་དྲག་ཇེ་ཆེར་བཏང་ཡོད། ངོ་རྒོལ་ཁྲོམ་སྐོར་དོན་རྐྱེན་ ༡༥༠ ལྷག་བྱུང་ཡོད་པ་ལས་བརྒྱ་ཆ་ ༢༠ ཙམ་གཏོར་བརླག་དང་དྲག་པོའི་ཁོངས་སུ་གཏོགས། བོད་མི་ངོ་རྒོལ་བ་ཚོའི་སྟེང་དྲག་པོའི་དམག་དཔུང་བཏང་ཡོད་སྟབས། ངོ་རྒོལ་ལས་འགུལ་དག་ཀྱང་རིམ་གྱིས་མི་རིགས་ཀྱི་བདེ་སྡུག་མཚོན་དོན་ལྟ་བུའི་མི་སྒེར་གྱི་རང་བསྲེག་གི་ངོ་བོར་གྱུར་ཡོད། དེ་དག་ལས་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༡༩ ལྷག་འདས་གྲོངས་སུ་ཕྱིན།

ཕྱི་ལོ་ ༢༠༡༦ ལོར་ང་རང་དང་རོགས་པ་གཞན་ཁག་ཅིག་གིས་ ༢༠༡༣ ལོ་ཙམ་ནས་བརྩིས་པའི་བརྙན་ཐོ་ཞིག་བཏོན་ཡོད་པའི་ནང་། ཆབ་སྲིད་ཀྱི་བཀག་ཉར་གནས་ཚུལ་ ༤༧༠ ལྷག་དང་ངོ་རྒོལ་ཆུང་གྲས་ ༦༨ ལྷག་ཐོན་འདུག ངོ་རྒོལ་གྱི་གྲངས་ཀ་ཇེ་ཉུང་ཡིན་ཡང་ངོ་རྒོལ་གྱི་རྣམ་པ་ཇེ་མང་དུ་འགྲོ་བཞིན་འདུག ས་ཆ་འདྲ་མིན་ནང་འབྱུང་བཞིན་པ་དང་མང་ཆེ་བ་གྲོང་གསེབ་ཆུང་ཆུང་དེ་སྔ་ངོ་རྒོལ་ལས་འགུལ་ནང་བཞུགས་མྱོང་མེད་ས་དག་ཀྱང་ཡོད་པ་རེད། འཁོར་ཡུག་སྲུང་སྐྱོབ་དང་གཏེར་ཁ་སྔོག་འདོན། ཆོས་ལུགས་རང་དབང་དང་ས་གནས་ཀྱི་བོད་རིགས་མགོ་ཁྲིད་ཚོར་བརྩི་བཀུར་དགོས་པ་སོགས་ངོ་རྒོལ་གྱི་དམིགས་འབེན་ཆེ་རུ་སོང་ཡོད།

དེ་ནས་དམ་དྲག་ཇེ་ཆེར་ཕྱིན་པ་དང་སུན་བཙེར་གྱི་དྲིལ་བསྒྲགས་ཀྱང་ཇེ་མང་དུ་བཏང་པ་རེད། དེ་ལྟར་ཕྱི་ཚུལ་ལ་མི་མང་ངོ་རྒོལ་གྱི་གྲངས་ཀ་ཇེ་ཉུང་དུ་ཕྱིན་ཡོད་མོད། དོན་དངོས་ཐོག་སྲིད་བྱུས་འདིས་དཀའ་རྙོག་དག་གཏིང་ཟབ་སར་སྤུངས་ནས་བཞག་པ་དང་གཉིས་སུ་མེད། གལ་ཏེ་༧གོང་ས་ཏྰ་ལའི་བླ་མ་མཆོག་མི་ཡུལ་ལུང་པར་སྐུ་ཚེའི་འཕེན་པ་རྫོགས་ཚེ་བོད་མི་ཚོའི་ཡུན་རིང་ནས་སེམས་ལ་གནག་པའི་ཞེ་འཁོན་ཕྱིར་འཐོན་ཡོང་ངེས་རེད།

ལོ་ངོ་ ༦༠ ལྷག་གི་རིང་བོད་ལ་དབང་བསྒྱུར་བྱས་པ་དེས་གཏམ་ངན་རྐྱང་རྐྱང་ལས་ཐོབ་མེད་པ་མ་ཡིན་ཏེ། ལོ་མང་རིང་འཛུགས་སྐྲུན་ལས་གཞི་ཁག་ལ་ཤུགས་སྣོན་བརྒྱབ་ཡོད་སྟབས།(སྲིད་བྱུས་འདི་ནི་སྐུལ་སློང་དང་སྡིགས་ར་གཉིས་ཀས་རྒྱུན་སྐྱོང་བྱས་ཡོད།) མཐའ་མ་དེར་བོད་ཀྱི་གྲོང་གསེབ་ཀྱི་སྦ་ཁུག་ནང་དངུལ་ལོར་བླུག་པའི་ཐབས་ལམ་གསར་པ་ཞིག་རྙེད་ཐུབ་པ་བྱུང་ཡོད། བོད་ཀྱི་དཔལ་འབྱོར་གནས་སྟངས་ཉིན་རེ་ནས་ཉིན་རེར་ཇེ་ཡག་ཏུ་འགྲོ་བཞིན་ཡོད་ཀྱང་། ༧གོང་ས་ཏྰ་ལའི་བླ་མ་དང་བོད་ཀྱི་ཆོས་ལུགས་ལ་མུ་མཐུད་བརྩི་མེད་རྡོག་རོལ་གཏོང་བ་དང་། སྤྱི་ཚོགས་དོ་དམ་དང་སྐད་ཡིག་སློབ་གསོ་དག་པེ་ཅིན་དང་ལྷ་སར་ཡོད་པའི་མགོ་ཁྲིད་ཀླད་རྙིང་མཁྲེགས་འཛིན་ཅན་དག་གི་ལག་པར་བཞག་པ་ཡིན་ན། རྒྱ་ནག་ལ་ཡོད་ཚད་རྐང་རྗེས་ལག་བསུབ་ལས་གང་ཡང་མེད་པ་ཆགས་རྒྱུ་ཉག་ཅིག་རེད། རྒྱ་བོད་གཉིས་ཀྱི་དཀའ་རྙོག་དེ་ལས་སླ་པོའི་ངང་སེལ་ཐབས་མེད་པ་མ་ཡིན་ཏེ། རྒྱ་བོད་ཕྱོགས་གཉིས་ཀའི་བར་ཡིད་ཆེས་ཕྲན་བུ་ཞིག་ལུས་ཡོད་པ་དེ་རྨེག་མེད་དུ་མ་ཕྱིན་གོང་ལ་རྒྱ་ནག་ལ་འབྲེལ་ལམ་གྱི་གནོན་ཤུགས་གཡོ་འགུལ་མེད་པར་སྤྲད་དེ། གང་མགྱོགས་ངང་རང་ཉིད་ཀྱི་ཁེ་ཕན་སླད་དུ་འགུལ་སྐྱོད་བརྒྱག་ཐུབ་པ་ཞིག་བཟོ་དགོས།

རའོ་བྷར་ཌི་བྷར་ཎེ་ཌི་ (Robert Barnett) ནི་ཁོ་ལོམ་བི་ཡ་གཙུག་ལག་སློབ་གྲྭའི་དེང་རབས་བོད་ཀྱི་རིག་གནས་སྡེ་ཚན་གྱི་འགན་འཛིན་ཡིན་པ་དང་། དེང་རབས་བོད་ཀྱི་རིག་གཞུང་དང་ལོ་རྒྱུས། གློག་བརྙན་དང་ཆབ་སྲིད་སོགས་ཀྱི་སྐོར་ལ་རྩོམ་ཡིག་མང་པོ་སྤེལ་མྱོང་ཡོད།

རྒྱ་ནག་གི་ཆབ་སྲིད་དབྱེ་ཞིབ་ལྟེ་གནས་ཁང་གི་དབྱེ་ཞིབ་རྩོམ་ཡིག (China Policy Institute: Analysis)

མ་རྩོམ་འབྲེལ་ཐག https://cpianalysis.org/2017/0 7/05/66-years-and-counting-tib et-and-china/amp/

 

བསྐྱར་བཅོས།: ༢༠༡༧/༠༧/༠༧

Leave a Reply

2 thoughts on “བོད་དང་རྒྱ་ནག་གི་འདས་པའི་ལོ་ངོ་ ༦༦ དང་འབྱུང་འགྱུར་གྱི་གནས་སྟངས་གླེང་བ།

  1. གཞུང་པ་ཚེ་དབང་བསོད་ནམས་

    ད་ལྟའི་རྒྱ་ནག་གི་འགོ་འཁྲིད་ཚོར་བོད་རྒྱའི་དཀའ་སྙོག་སེལ་ཐུབ་པའི་ནུས་པ་དང་མཆོད་སེམས་འགན་འཁུར་ལྷག་བསམ་བློ་ཁོག་ཡོད་པ་མཐོང་གི་མི་འདུག་།ིི

  2. གཞུང་པ་ཚེ་དབང་བསོད་ནམས་

    འབྱུང་གྱུར་བོད་རྒྱའི་གནས་དོན་དེ་ཁ་ཕྱོགས་གང་དུ་འགྲོ་མིན་རྒྱ་མིའི་
    ི་འགོ་འཁྲིད་ཚོའི་ལག་ཏུ་ཡོད་པ་ལས་ང་ཚོའི་ངོས་ནས་བབས་ས་ཡོད་ན་མ་རྟོགས་བབས་ཚར་བ་མ་རེད་དམ་?