ལ་དྭགས་གཞུང་མང་གཉིས་ནས་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས།

ཁ་སང་སྐུའི་འཁྲུངས་སྐར་ཉིན་༧གོང་ས་མཆོག་གིས་ཁྱེད་རང་ཚོས་གང་ཐུབ་ཀྱིས་སངས་རྒྱས་པའི་གཞུང་གི་སྤྱི་ལ་ཕན་ཐོགས་བྱེད་པའི་ཐབས་ལམ་རྣམས་ལག་བསྟར་བྱས་ཏེ་ངོས་ཀྱི་དཔུང་རོགས་ལྟ་བུ་ཞིག་གནང་ཐུབ་པ་བྱུང་ན་ངོས་ཀྱི་སྐྱེས་སྐར་དགའ་སྟོན་གྱི་ཕྱག་རྟགས་ལེགས་ཤོས་དེ་ཆགས་ཡོད་ཅེས་གསུངས་འདུག

ཁ་སང་ཕྱི་ཚེས་ ༦ ཉིན་ལ་དྭགས་ཞི་བའི་ཚལ་དུ་༸གོང་ས་མཆོག་དབུ་བཞུགས་ཐོག་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་དང་བསྟུན། ལ་དྭགས་ལྷོ་བྱང་བོད་མིའི་གཞིས་སྒར་བསོད་ནམས་གླིང་བོད་མི་ཡོངས་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་འདུག སྐབས་དེར་དགའ་ལྡན་ཁྲི་ཟུར་རི་རྫོང་རྒྱལ་སྲས་རིན་པོ་ཆེ་དང་། ཁྲིག་སེ་རིན་པོ་ཆེ་རྣམ་གཉིས་ཀྱི་དབུས་མཁན་སྤྲུལ་དགེ་འདུན་པའི་སྡེ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དེ་བཞིན་ལ་དྭགས་ས་གནས་དཔོན་རིགས། གཞན་ཡང་། ས་གནས་བོད་རིགས་མི་མང་དང་རྒྱ་ནག་སོགས་འཛམ་གླིང་གི་རྒྱལ་ཁབ་གང་ས་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་བཅས་མི་གྲངས་ཁྲི་ཚོ་བརྒལ་བ་འཛོམས་ཡོད་འདུག

བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོའི་ཐོག་༧གོང་ས་མཆོག་གིས་བཀའ་སློབ་བསྩལ་དོན། གྲོགས་པོ་རྣམ་པ་ཚོ་ངོས་ཀྱི་སྐྱེ་སྐར་དུས་ཚིགས་འཁེལ་ཡོད། ངོས་ཀྱི་ངོ་ཤེས་གྲོགས་པོ་ཆོས་དད་ཡོད་མིན་ལ་མ་ལྟོས་པར་མི་མང་པོ་ཞིག་འཛམ་གླིང་འདིའི་སྟེང་ཡོད། གྲོགས་པོ་ཚང་མས་འཛམ་གླིང་ས་ཁུལ་འདྲ་མིན་ཁག་ལ་ངོས་ཀྱི་སྐྱེ་སྐར་ལ་དྲན་གསོ་བྱེད་ཀྱི་ཡོད། ངོས་རང་ལ་དྭགས་སླེ་རུ་སླེབ་པའི་དུས་ཚོད་འཁེལ་ཏེ་དེ་རིང་འདིར་སྐྱེ་སྐར་གྱི་རྟེན་འབྲེལ་བྱེད་བཞིན་ཡོད། ཁྱེད་རང་ཚོ་སེར་སྐྱ་མི་མང་ཆོས་ལུགས་འདྲ་མིན་དང་། ཆོས་དད་ཡོད་མེད་དབྱེ་བ་མེད་པར་ངོས་ཀྱི་སྐྱེ་སྐར་དུས་དྲན་ལ་དགའ་སྤྲོའི་རྟེན་འབྲེལ་བྱེད་རྒྱུའི་ཉིན་མོར་བརྩིས་ཏེ་འཛོམས་པ་རེད། ཁྱེད་རང་ཚོ་ཚང་མར་འཚམས་འདྲི་དང་གྲོགས་པོའི་མཛའ་བརྩེའི་བསམ་པ་ཁྱེར་ནས་འདུས་པར་ཐུགས་རྗེ་ཆེ་ཞུ་གི་ཡོད་ལ། གཤམ་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་གནང་རྒྱུ་རེད། ངོས་ཀྱིས་སྨོན་ལམ་རྒྱག་གི་ཡིན། ཁྱེད་རང་ཚོས་དེ་དེ་བཞིན་ཐུགས་སྨོན་གནང་རོགས་གནང་ཞེས་གསུངས་ཡོད་པ་རེད།

བོད་ཕྱི་ནང་གཉིས་ཀྱི་གཙོས་འཛམ་གླིང་གི་ཡུལ་ལུང་མང་པོའི་ནང་རྣམ་པ་འདྲ་མིན་གྱི་ཐོག་ནས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས་ཡད་པ་དང་། འཁྲུངས་སྐར་ཉིན་༧གོང་ས་མཆོག་གིས་བརྙན་འཕྲིན་གྱི་ལམ་ནས་བསྩལ་བའི་གལ་ཆེའི་གསུང་འཕྲིན་ཧྲིལ་པོ།

ཀ༽ དམིགས་བསལ་གྱི་འབྲེལ་བ་དང་། ཚེ་བསོད་ཀྱི་ཕན་རླབས།

ད་ལམ་ཀོ་རི་ཡའི་བོད་ཀྱི་ནང་བསྟན་ཆོས་ཚོགས་ནས་ངོས་ཀྱི་སྐྱེས་སྐར་གྱི་དུས་དྲན་ལ་ཁྱེད་རང་ཚོས་དད་པ་དང་། ལྷག་བསམ། དམ་ཚིག་སོགས་ཀྱི་ཐོག་ནས་གྲ་སྒྲིག་བྱས་པར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། སྤྱིར་ལས་མ་བྱས་པ་མི་འཕྲད་པ་དང་། བྱས་པ་ཆུད་མི་ཟ་བ་ཞེས་གསུང་སྲོལ་ཡོད་པ་ལྟར། རང་ཉིད་ཀྱི་ལས་དེ་རང་ཉིད་ཀྱིས་མྱོང་དགོས་པ་དང་། རང་ཉིད་ལ་མི་གཞན་གྱིས་བསགས་པའི་ལས་ཀྱི་མྱོང་བ་མྱོང་རྒྱུ་མེད་ཀྱང་། ཆོས་དང་ཟང་ཟིང་གི་འབྲེལ་བ་ཡོད་པ་དང་། ཡང་ན་གཉེན་གྱི་འབྲེལ་བ་སོགས་དམིགས་བསལ་གྱི་འབྲེལ་བ་ཡོད་ན། གཞན་ཞིག་གིས་དགེ་བ་བསྒྲུབས་ན་མི་གཞན་ལ་ཕན་ཐོགས་ཡོད་པ་ཞིག་ཆགས་ཀྱི་ཡོད། དེར་བརྟེན་དེ་རིང་ཁྱེད་རང་ཚོས་ལྷག་བསམ་རྣམ་དག་གི་ཐོག་ནས་རྗེས་དྲན་བྱས་པ་དེས་ངོས་ཀྱི་ཚེ་དང་བསོད་ནམས་འཕེལ་བ་སོགས་ལ་ཕན་ཐོགས་ཡོང་སྲིད་པ་ཞིག་རེད།

ཁ༽ བྱམས་བརྩེ་ཁྱབ་སྤེལ་དང་། བླ་སློབ་ཀྱི་ལས་འགན།

གང་ལྟར་ང་ཚོ་ཚང་མ་ཆེ་ས་ནས་བཤད་ན། འཛམ་གླིང་འདིའི་ཐོག་གི་མི་གཅིག་གྱུར་ཆགས་ཡོད་ལ། ཆུང་ས་ནས་བཤད་ནའང་ང་ཚོ་ཚང་མ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་གཅིག་པ་ཆགས་ཡོད། དེར་བརྟེན་ང་ཚོ་ཚང་མས་སྨོན་ལམ་འདེབས་པ་དང་། འདོན་པ་བཏོན་པ་ཚང་མའི་ནང་དུ་མར་རྒན་སེམས་ཅན་ཐམས་ཅད་ཅེས་བརྗོད་དེ་སྨོན་ལམ་རྒྱག་བཞིན་ཡོད། དེར་བརྟེན་ངོས་ཀྱི་ངོས་ནས་ཆ་བཞག་ནའང་། འཛམ་གླིང་འདིའི་སྟེང་གི་སྲོག་ཆགས་གཞན་རྣམས་ལ་ང་ཚོས་བྱ་རྒྱུ་གང་ཡང་མེད། ང་ཚོ་མི་ཡི་འགྲོ་བ་ཡིན་སྟབས། མི་ཡི་འགྲོ་བ་ཀུན་ལ་འཕྲལ་དུ་བདེ་བ་དང་། ཕུགས་ལ་ཕན་པ་ཞིག་ཡོང་བའི་རྩ་བ་ཐུག་ས་སྙིང་རྗེའི་བསམ་པ་ཡིན་པར་བརྟེན། ངོས་ཀྱིས་འཛམ་གླིང་འདིའི་ཐོག་སྙིང་རྗེ་སྤེལ་དགོས་ཞེས་རྟག་ཏུ་བརྗོད་བཞིན་ཡོད། དེར་བརྟེན་ཁྱེད་རང་ཚོ་ཆོས་གྲོགས་རྣམས་ཀྱང་འཛམ་གླིང་འདིའི་སྟེང་གི་མི་གཅིག་གྱུར་ཆགས་ཡོད་པས། གང་ཐུབ་ཀྱིས་སྙིང་རྗེ་སྤེལ་ནས་འཛམ་གླིང་འདི་བྱམས་བརྩེ་ལྡན་པ་ཞིག་ཡོང་ཐུབ་པ་བྱ་རྒྱུ་ནི་ང་ཚོ་ཚང་མའི་ལས་འགན་རེད་སྙམ་པ་དྲན་གྱི་ཡོད། འདིའི་སྐོར་ཁྱེད་རང་ཚོར་ཞུ་འདོད་བྱུང་།

སངས་རྒྱས་པའི་ཆོས་པ་ཞིག་ཡིན་པའི་ངོས་ནས། དེ་ལྟ་བུའི་བྱམས་བརྩེ་གོང་ནས་གོང་དུ་སྤེལ་རྒྱུ་དེ་ཡང་། རིགས་པ་དང་རྒྱུ་མཚན་གྱི་ཐོག་ནས་བྱམས་བརྩེས་འཕྲལ་དུ་རང་ལ་གང་ཞིག་ཕན་པ་དང་། ཕུགས་སུ་རང་ཉིད་ལ་གང་ཞིག་ཕན་པ། ཡང་བྱམས་བརྩེའི་ལྡོག་ཟླ་ཞེ་སྡང་གིས་འཕྲལ་ལ་གང་ཞིག་གནོད་པ་དང་། ཕུགས་སུ་རང་ཉིད་ལ་གང་ཞིག་གནོད་པ་སོགས་དང་། རང་ཉིད་ལའང་བྱམས་བརྩེས་ཕན་པ་དང་། ཞེ་སྡང་གིས་གནོད་ཀྱི་ཡོད་ལ། རང་ཉིད་ལ་བྱམས་བརྩེ་ཡོད་ན་གཞན་ལ་འཕྲལ་དུ་སེམས་སྐྱིད་པ་ཞིག་ལས་མེད་ཀྱང་འཛུམ་ཤིག་ཤིག་གི་ཐོག་ནས་གྲོགས་པོ་བྱས་ཏེ་སྡོད་པ་སོགས་འཕྲལ་དུ་ཕན་གྱི་ཡོད་པར་མ་ཟད། ཕུགས་ལའང་བྱམས་བརྩེའི་ཚོར་བ་ཇི་ཙམ་ཁྱབ་སྤེལ་གཏོང་ཐུབ་པ་དེ་རྩིས་ཀྱིས་མི་མང་པོར་ཕན་གྱི་ཡོད།

ཞེ་སྡང་གི་ཐོག་ཏུ་ཕྱིན་ན་རང་ཉིད་མ་སྐྱིད་པར་གྲོགས་མེད་གཅིག་པུར་ལུས་པ་དང་། རོགས་པ་རྣམས་ལ་ཆ་མཚོན་ནའང་། ཞེ་སྡང་གི་རྣམ་འགྱུར་བསྟན་ནས་ཕྱིན་ན་རོགས་པ་རྣམས་ཀྱང་མ་སྐྱིད་པ་བྱས་ནས་སྡོད་དགོས་པས་རང་གཞན་གཉིས་ཀ་མ་སྐྱིད་པ་ཆོས་ཉིད་ཡིན། དེས་ན་སངས་རྒྱས་པའི་གཞུང་ནས་བྱམས་བརྩེ་ཞེས་པ་དེ་དཀོན་མཆོག་གི་དགོངས་པ་ཡིན་ཞེས་བརྗོད་པ་ཙམ་མིན་པར་རྒྱུ་མཚན་གྱི་ཐོག་ནས་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་ཡིན་སྟབས། ཁྱེད་རང་ཚོ་ཆོས་གྲོགས་རྣམས་ནས་ཀྱང་དེ་དག་དགོངས་པར་བཅངས་དགོས།

ག༽ སེམས་ཁམས་རིག་པ་དང་། འཛམ་གླིང་གི་དགོས་མཁོ།

ཀོ་རི་ཡ་ལོ་རྒྱུས་ཀྱི་ཐོག་ནས་སངས་རྒྱས་པའི་ཆོས་ཉམས་བཞེས་གནང་མཁན་ཞིག་ཆགས་ཡོད། རྩ་བ་ལུང་པ་དེའི་ནང་དུ་ཡེ་ཤུ་མང་དུ་ཡོད་ལ། ཆོས་ལུགས་མི་འདྲ་བ་གཞན་དང་གཞན་བྱེད་མཁན་ཏན་ཏན་ཡོང་ངེས་ཡིན། འོན་ཀྱང་སྤྱི་ཡོངས་ཀྱི་ཆ་ནས་ཀོ་རི་ཡའི་ལུང་པ་དེ་སངས་རྒྱས་པའི་ཆོས་བྱེད་མཁན་ཞིག་ཆགས་ཡོད། དེར་བརྟེན་སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་སེམས་ཁམས་རིག་པ་གཙོ་བོར་གྱུར་པའི་སེམས་སྦྱོང་བྱ་རྒྱུའི་རིགས་རྣམས་དམིགས་བསལ་སངས་རྒྱས་པའི་ཆོས་ཀྱི་ཉམས་ལེན་གྱིས་གྲས་སུ་མི་འཇོག་པར་སེམས་ཁམས་རིག་པ་དང་འབྲེལ་བའི་ཐོག་ནས་སེམས་ཞི་བདེ་བཟོ་རྒྱུ་ནི་འཛམ་གླིང་སྤྱི་ལ་ཕན་ཐོགས་ཡོད་པ་ཞིག་དང་། འཛམ་གླིང་སྤྱི་ལ་དགོས་མཁོ་ཡོད་པ་ཞིག་ཡིན་སྟབས། དེ་དག་གི་ཐོག་ལ་ཁྱེད་རང་ཚོས་དགོངས་པ་བཞེས་དགོས།

ངོས་ནས་རྟག་ཏུ་འདི་ལྟར་བརྗོད་བཞིན་ཡོད། དད་པ་དང་སྐྱབས་འགྲོ་བཅས་ཀྱི་རང་རང་གི་ཆོས་ལུགས་ཀྱི་ཐོག་ནས་འགྲོ་དགོས་པ་ཞིག་ཡིན། འོན་ཀྱང་སངས་རྒྱས་པའི་གཞུང་ནས་གསུངས་པའི་སེམས་ཁམས་རིག་པ་དང་། ཚད་མ་རིག་པ་སོགས་ནི་འཛམ་གླིང་སྤྱི་ལ་ཕན་ཐོགས་ཡོད་པ་ཞིག་འདུག་ཅེས་ངོས་ནས་རྟག་ཏུ་བརྗོད་བཞིན་ཡོད། དེར་བརྟེན་ངོས་ཀྱི་ཆོས་གྲོགས་རྣམས་ནས་ངོས་ཀྱི་སྐྱེས་སྐར་གྱི་དུས་དྲན་ཐོག་མཉམ་དུ་འཛོམས་ནས་ངོས་ཀྱིས་དེའི་ཐོག་སྐད་ཆ་ཞིག་བཤད་རོགས་ཞེས་བརྗོད་པ་ལྟར་ངོས་ནས་འདི་ལྟར་ཞུ་འདོད་བྱུང་།

དེས་ན་ཁྱེད་རང་ཚོས་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་པ་དང་། སངས་རྒྱས་པའི་གཞུང་ནས་མི་སྤྱི་ལ་ཕན་ཐོགས་བྱེད་པའི་ཐབས་ལམ་ང་ཚོར་ཡོད་པ་དེ་དག་ལག་ལེན་བསྟར་ནས་ཁྱེད་རང་ཚོས་གང་ཐུབ་ཀྱི་ཐོག་ནས་ངོས་ཀྱི་དཔུང་རོགས་ལྟ་བུ་ཞིག་གནང་ཐུབ་པ་བྱུང་ན་ངོས་ཀྱི་སྐྱེས་སྐར་དགའ་སྟོན་གྱི་ཕྱག་རྟགས་ལེགས་ཤོས་དེ་ཆགས་ཡོད། དེ་མིན་རིན་ཐང་ཆེན་པོ་ཡོད་པའི་དངོས་པོ་ཞིག་འཁྱེར་ནས་ཡོང་ནའང་། སེམས་སུ་ཕྲག་དོག་དང་། འགྲན་སེམས་བཅངས་ཏེ་ཡོང་ན་དེ་ནི་ཕྱག་རྟགས་ལེགས་པོ་ཞིག་ཆགས་ཐབས་མེད།

དེར་བརྟེན་དེ་རིང་ངོས་ཀྱི་སྐྱེས་སྐར་གྱི་དུས་དྲན་འདི་ཉིད་ཁྱེད་རང་ཚོས་གལ་གནད་ཆེན་པོར་བརྩིས་ཏེ་འདི་ལྟར་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་པ་དང་ཆབས་ཅིག གང་ལྟར་ཁྱེད་རང་ཚོ་ངོས་ཀྱི་གྲོགས་པོ་ཡིན་པར་མ་ཟད། ངོས་ལ་མོས་པ་དང་བརྩེ་བ་ཡོད་སྟབས་ངོས་ཀྱི་བསམ་ཚུལ་དང་། འབད་བརྩོན་བྱེད་བཞིན་པ་འདི་དག་གི་ཐོག་ཏུ་ཁྱེད་རང་ཚོ་ཚང་མས་དགོངས་པར་བཅངས་ཏེ་གནང་རོགས་གནང་ཞེས་ཞུ་རྒྱུ་དེ་ཡིན། དེ་རིང་འདིར་འདུས་པའི་ཁྱེད་རང་ཚོ་གྲོགས་པོ་ཚང་མ་གཟུགས་ཁམས་བདེ་ཞིང་། སེམས་སྐྱིད་པ་དེ་དག་གི་ཐོག་ནས་འཕྲལ་དུ་བདེ་བ་དང་། ཕུགས་སུ་ཕན་པ་ཞིག་ཡོང་བ་ངོས་ཀྱིས་སྨོན་ལམ་རྒྱག་གི་ཡིན། ཞེས་གསུངས་འདུག

པདྨ་མཚོས་སྐུ་སྒེར་དྲ་བ་ལས་བཤུས།

 

བསྐྱར་བཅོས།: ༢༠༡༧/༠༧/༠༧

Leave a Reply

One thought on “ལ་དྭགས་གཞུང་མང་གཉིས་ནས་སྐུའི་འཁྲུངས་སྐར་སྲུང་གཙི་ཞུས།