ཕྱི་རྒྱལ་གྱི་སྨན་པ་སྐད་བཏང་སྟེ་ལུའུ་ཞོ་པོ་ལ་སྨན་བཅོས་བྱས།

རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་སྐུ་ཞབས་ལུའུ་ཞོ་པོ་ཡི་མཆིན་པའི་ནད་གཞི་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྟབས་རྒྱ་ནག་གཞུང་གིས་ཨ་རི་དང་འཇར་མན་སོགས་ནས་ཆེད་མཁས་སྨན་པ་སྐད་བཏང་སྟེ་སྨན་བཅོས་བྱེད་བཞིན་ཡོད་འདུག

ཁ་སང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ལམ་ཀློད་གྲོལ་ཐོབ་མ་ཐག་པའི་རྒྱ་ནག་གི་ནོ་བྷལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལུའུ་ཞོ་པོ་ལགས་ཀྱི་མཆིན་པའི་སྐྲན་ནད་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྟབས། སྐུ་ཞབས་ལུའུ་ཡི་ནང་མི་དང་ཨ་རིའི་གཞུང་ཚབ་པ་སོགས་རྒྱལ་སྤྱིའི་མི་སྣ་མང་པོས་རྒྱ་ནག་གཞུང་ལ་རེ་སྐུལ་ཞུས་ཏེ། ལུའུ་ཞོ་པོ་ཕྱི་རྒྱལ་ལ་སྨན་བཅོས་བྱེད་པར་གཏོང་དགོས་པའི་རེ་འདུན་བཏོན་པར། རྒྱ་ནག་གཞུང་གིས་ཕྱི་རྒྱལ་ལ་སྨན་བཅོས་བྱེད་པར་བཏང་མེད་ཀྱང་། སྲིད་འཛིན་ཞི་ཅིན་ཕིན་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ ༢༠ ཚོགས་ཆེན་ལ་མ་ཞུགས་གོང་སྟེ། ཚེས་ ༥ ཉིན་ཨ་རི་དང་ཇར་མན་གྱི་མཆིན་པའི་སྐྲན་ནད་ཆེད་མཁས་སྨན་པ་གདན་འདྲེན་བྱས་ཏེ། སྐུ་ཞབས་ལུའུ་ཞོ་པོར་སྨན་བཅོས་བྱེད་བཞིན་ཡོད་འདུག

དེ་ཡང་རྒྱ་ནག་བྱང་ཤར་ཧྲིན་ཡང་གྲོང་ཁྱེར་སྨན་ཁང་ཞིག་གིས་སྐུ་ཞབས་ལུའུ་ཞོ་པོར་སྨན་བཅོས་བྱེད་བཞིན་ཡོད་པ་དང་། སྐུ་ཞབས་ཁོང་གི་མཆིན་པའི་ནང་གློ་བུར་དུ་མཁྲིས་ཁུ་ཇེ་མང་དུ་ཕྱིན་ཏེ་ནད་གཞི་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྐོར་བརྗོད་ཡོད། རེའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཡོད་པའི་རྒྱལ་སྤྱིའི་འབྲེལ་མཐུད་པ་ཁག་ཅིག་གིས་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་སྨན་པ་སྐད་བཏང་སྟེ་སྐུ་ཞབས་ལུའུ་ཞོ་པོ་ལ་སྨན་བཅོས་བྱེད་དོན་ནི་ཞི་ཅིན་ཕིན་ལ་རྒྱལ་ཁབ་ ༢༠ ཚོགས་ཆེན་ཐོག་སྐྱོན་བརྗོད་མི་ཡོང་ཆེད་ཡིན་སྐོར་བརྗོད་ཡོད་ཀྱང་། རྒྱ་ནག་གཞུང་གིས་སྐུ་ཞབས་ལུའུ་ཞོ་པོ་ཡི་ནང་མིའི་རེ་སྐུལ་ལྟར་སྨན་པ་སྐད་བཏང་ཚུལ་བརྗོད་ཡོད།

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སྐུ་ཞབས་ལུའུ་ཞོ་པོ་ལགས་ཀྱིས་ ༢༠༠༩ ལོར་རྒྱ་ནག་ནང་ཆབ་སྲིད་བཅོས་སྒྱུར་གྱི་དགོས་འདུན་བཏོན་སྟབས། རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བཙོན་འཇུག་བྱས་ཏེ་ལོ་ ༡༡ གི་ཁྲིམས་ཐག་བཅད་ཡོད། སྐུ་ཞབས་ལུའུ་ཞོ་པོ་ནི་ ༡༩༨༩ ལོའི་རྒྱ་ནག་པེ་ཅིན་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་གྱི་དྲུག་བཞིའི་དོན་རྐྱེན་སྐབས། དམངས་གཙོའི་འཐབ་རྩོད་ལས་འགུལ་གྱི་སྣེ་ཁྲིད་མཁན་གཙོ་གྲས་ཤིག་ཡིན་པ་དང་། ༢༠༡༠ ལོར་ཁོང་ལ་འཛམ་གླིང་ནོ་བྷལ་ཞི་བདེ་གཟེངས་རྟགས་ཐོབ་ཡོད་ཀྱང་། སྐབས་དེར་ཁོང་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་ཡོད་སྟབས་ད་བར་གཟེངས་རྟགས་དེ་བཞེས་མ་ཐུབ་པར་ལྷག་ཡོད།

ཧྲིན་ཡང་གྲོང་ཁྱེར་སྨན་ཁང་གིས་བརྗོད་པ་ལྟར་ན། སྐུ་ཞབས་ལུའུ་ཞོ་པོ་ཡི་མཆིན་པའི་ནང་མཁྲིས་ཁུ་ཇེ་མང་དུ་སོང་སྟེ་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་། མཁྲིས་པ་ནི་མཆིན་པར་བརྟེན་ནས་འབྱུང་གི་ཡོད་སྟབས། མཁྲིས་པ་ཇི་ཙམ་མང་དྲགས་ན་དེ་ཙམ་གྱིས་མཆིན་པར་གནོད་སྐྱོན་ཡོད་པ་མ་ཟད། མཐའ་ན་རྐྱེན་ལམ་དུའང་འགྲོ་སྲིད་པའི་ཉེན་ཁ་ཡོད་ཚུལ་བརྗོད་ཡོད་འདུག

བདུན་ཕྲག་འདིའི་རེ་གཟའ་ཕུར་བུའི་ཉིན་སྐུ་ཞབས་ལུའུ་ཞོ་པོ་ཡི་གྲོགས་པོ་ཁ་ཤས་ཀྱིས་རྒྱ་ནག་གཞུང་ལ་ཞུ་ཡིག་ཅིག་ཕུལ་ཏེ། ཁོ་ཚོ་སྐུ་ཞབས་ལུའུ་ཞོ་པོ་ལ་འཚམས་འདྲིའི་ཐུག་འཕྲད་བྱེད་འདོད་ཡོད་སྐོར་བརྗོད་པ་དང་། རྒྱ་ནག་གཞུང་གིས་སྐུ་ཞབས་ལུའུ་ཞོ་པོར་སོ་སོའི་ནང་མི་མ་གཏོགས་མི་གཞན་ལ་ཐུག་འཕྲད་བྱེད་མི་ཆོག་པར་བཟོས་ཡོད་འདུག

ལུའུ་ཡི་གྲོགས་པོ་དེ་དག་གི་ཞུ་ཡིག་ནང་། ང་ཚོ་སྐུ་ཞབས་ལུའུ་ཞོ་པོར་ཐུག་འཕྲད་མཐའ་མ་དེ་ཆགས་རྒྱུའི་ཉེན་ཁ་ཡོད་སྟབས། སྐུ་ཞབས་ཁོང་ལ་ཐུག་འཕྲད་བྱས་ཏེ་ནད་གཞི་དྲག་སྐྱེད་ཡོང་བ་དང་། གྲོགས་པོ་ཚོའི་བརྩེ་སེམས་སྟོན་པའི་དུས་ཚོད་ཅིག་རག་པར་རེ་སྒུག་ཆེན་པོ་བྱས་ཡོད་ཅེས་འཁོད་ཡོད་འདུག སྐུ་ཞབས་ལུའུ་ཡི་བཙོན་འཇུག་ཁྲིམས་ཆད་དུས་ཡུན་ད་དུང་ལོ་ ༣ ལྷག་གིས་རྫོགས་མེད་པ་དང་། དེ་སྔོན་སྐུ་ཞབས་ཁོང་གི་བཟའ་ཟླ་ཡང་བཟང་བཙོན་དུ་བཅུག་ཡོད་ཀྱང་ཉེས་ཆད་བཏང་མེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༠༧/༠༧

Leave a Reply