དེ་རིང་ཁམས་པའི་བརྙན་འཕྲིན་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་ ༤ ཉིན་གྱི་དགོང་མོའི་བོད་ནང་གི་ཆུ་ཚོད་ ༩ བ་ནས་བཟུང་སི་ཁྲོན་ཞིང་ཆེན་སྡེ་དགེ་རྫོང་གྲོང་དུ་དྲག་ཆར་བབས་ཡོད་པ་དང་། ཕྱི་ཚེས་ ༥ ཉིན་གྱི་ཐོ་རངས་ཆུ་ཚོད་ ༣ པའི་སྟེང་སྡེ་དགེ་རྫོང་གྲོང་གི་སློབ་ཆུང་གཉིས་དང་སྔོ་ཚལ་ཚོང་རྭ། ཡུལ་མིའི་སྡོད་ཁང་མང་པོ་ཆུས་བསྣུབས་པ་དང་རྡིབ་སྐྱོན་བྱུང་ཡོད་འདུག ཡིན་ནའང་མི་ཟོག་གི་ཚེ་སྲོག་ཤོར་ཡོད་མེད་འཁོད་མི་འདུག
སྡེ་དགེ་ཚོང་གྲོང་གི་ཆུ་ལོག་སྔོན་འགོག་ཚན་པ་དང་མི་མང་ ༥༠༠ ལྷག་གིས་ཆུ་ལོག་གི་གནོད་སྐྱོན་ཁྲོད་ཡུལ་མི་ ༢༠༠ ལྷག་གི་ཚེ་སྲོག་བསྐྱབས་ཡོད་པ་དང་། ཐེངས་འདིའི་ཆུ་ལོག་གི་གནོད་སྐྱོན་ཁྲོད་སྡེ་དགེ་རྫོང་འཁོར་ལོ་མདོ་ཤང་རོང་ཁ་གྲོང་སྡེ་དང་། རྡོ་རྩེ་མདའ་ཡི་ཞིང་དུད་ཁ་ཤས་ལའང་གནོད་སྐྱོན་ཐེབས་ཡོད་འདུག
རྫོང་གྲོང་དེའི་ཁྲོ་རོང་འགག་ལམ་ཆད་དེ་ད་ལྟ་འགྲིམ་འགྲུལ་འགག་ཡོད་སྟབས། ཤང་དང་གྲོང་སྡེའི་ལས་བྱེད་དང་མི་མང་རྩ་འཛུགས་བྱས་ཏེ་ཆུ་ལོག་གི་ཉེན་སེལ་ཐབས་བྱེད་བཞིན་ཡོད་འདུག
གསར་འགོད་པ། པདྨ་རྒྱལ།