རྒྱ་དཀར་ནག་བར་ས་མཚམས་རྩོད་གླེང་གི་དམག་འཁྲུག་ཐེངས་གཉིས་པ་འབྱུང་སྲིད།

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཚགས་པར་གྱིས་ ༢༠༡༧།༧།༥ ཉིན་སྤེལ། པེ་ཅིན་གཞུང་གིས་རྒྱ་དཀར་ནག་གི་མཐའ་མཚམས་རྩོད་རྙོག་དེ་སྔར་གྱི་ཕྱི་འབྲེལ་སྲིད་བྱུས་ཤིག་ལ་བརྟེན་ནས་སེལ་དགོས་པའི་རེ་བ་བྱེད་ཀྱི་ཡོད་ཀྱང་། རྒྱ་གར་གཞུང་གི་དཔོན་རིགས་ཚོའི་གླེང་ཕྱོགས་དེས་པེ་ཅིན་གཞུང་ལ་དོགས་གཞི་ཆེན་པོ་ཞིག་བསླངས་ཡོད་ཅེས་རྒྱ་ནག་གཞུང་གིས་བཤད་འདུག 

རྒྱ་ནག་གཞུང་ཚབ་ཀྱིས། རྒྱ་དཀར་ནག་གི་ས་མཚམས་རྩོད་གླེང་དེ་ཕྱོགས་གཉིས་བར་ཀྱི་འདས་པའི་ལོ་ངོ་ ༣༠ ལྷག་རིང་གི་རྩོད་རྙོག་ཛ་དྲག་ཆེ་ཤོས་དེ་ཡིན་ལུགས་བཤད་འདུག

རྒྱ་གར་ནང་རྟེན་གཞི་བྱེད་པའི་རྒྱ་ནག་གཞུང་ཚབ་ལུའུ་ཀྲོ་ཧྭེ་ (LuoZhaohui) ཡིས་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ། རྒྱ་གར་མཐའ་སྲུང་དམག་མི་རྒྱ་ནག་གི་ས་ཁོངས་སུ་འཛུལ་ཏེ་ས་ཆ་བདག་བཟུང་བྱས་པ་དེས་རྒྱ་ནག་ལ་ཁོང་ཁྲོ་ཆེན་པོ་བསླངས་ཡོད་པ་དང་། རྩོད་རྙོག་དེ་ཕྱོགས་གཉིས་བར་གྱི་དེ་སྔའི་ཕྱི་འབྲེལ་སྲིད་བྱུས་ལ་བརྟེན་ནས་སེལ་དགོས་ལུགས་བཤད་འདུག

རྒྱ་གར་དམག་ཁུལ་གྱི་གནས་ཚུལ་ལྟར་ན། རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མི་ ༣༠༠༠ ལྷག་བོད་མཐོ་སྒང་གི་ཡུལ་མཐའ་འཁོབ་ཏུ་གདོང་ཐུག་བྱུང་ཡོད་པ་དང་། མཐའ་ཁུལ་དེ་ནི་བོད་དང་འབྲས་ལྗོངས། འབྲུག་གསུམ་གྱི་ས་མཚམས་ཆགས་ཡོད་འདུག

༡༩༦༢ ལོར་རྒྱ་དཀར་ནག་བར་དམག་འཁྲུག་བྱུང་རྗེས་ཕྱོགས་གཉིས་བར་མངའ་ཁོངས་རྩོད་གཞི་ཇེ་ཆེར་ཕྱིན་ཡོད་པ་དང་། ས་མཚམས་དེའི་རིང་ཚད་ལ་སྤྱི་ལེ་ ༣༥༠༠ ཡོད་ཅིང་། ད་ལྟའི་བར་རྒྱ་དཀར་ནག་གཉིས་ཀྱིས་ས་མཚམས་དེ་ཐུན་མོང་དུ་བདག་བཟུང་བྱས་ཡོད།

རྒྱ་ནག་གི་བཙན་འཛུལ་འོག་འབྲོག་ལམ་ (Doklam) ཞེས་པའི་ས་གནས་དེ་རྒྱ་དཀར་ནག་གི་རྩོད་གཞི་ཆེ་ཤོས་ཆགས་ཡོད་པ་དང་། མཐའ་ཁུལ་དེར་རྒྱ་གར་བྱང་ཤར་ས་མཚམས་ཁག་ཡོངས་སུ་འབྲེལ་ཡོད་སྟབས། ལྡི་ལི་གཞུང་གིས་ས་མཚམས་དེར་དོ་སྣང་དང་ལྟ་ཞིབ་ནན་མོ་བྱེད་བཞིན་ཡོད་འདུག

ཟླ་སྔོན་མ་ནས་བཟུང་རྒྱ་ནག་གིས་མཐའ་ཁུལ་དེར་གཞུང་ལམ་འཛུགས་སྐྲུན་བྱེད་མགོ་བརྩམས་ཡོད་པ་དང་། འབྲུག་གིས་མཐའ་ཁུལ་དེ་ནི་འབྲུག་གི་མངའ་ཁོངས་ཡིན་ལུགས་ཤོད་བཞིན་སྟབས། མཐའ་ཁུལ་དེའི་རྩོད་གླེང་སྔར་ལས་ཆེ་རུ་ཕྱིན་ཡོད། འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་། འབྲུག་དང་རྒྱ་ནག་གཉིས་ཀྱིས་ཞི་འགྲིག་གི་ཐོག་ནས་ས་མཚམས་བཅད་བགོས་ཀྱི་གྲོས་ཆོད་མང་པོ་བཞག་ཡོད་ཀྱང་། ཐེངས་འདིའི་རྩོད་རྙོག་ཁྲོད་འབྲུག་རྒྱལ་ཁབ་ཀྱིས་རྒྱ་གར་གྱི་རོགས་སྐྱོར་འཚོལ་བཞིན་ཡོད་པ་དང་། རྒྱ་གར་གྱིས་ཀྱང་མཐོ་སྒང་མཐའ་ཁུལ་དེར་དྲག་ཆས་དམག་མི་མངགས་གཏོང་བྱས་ཡོད།

གཟའ་མིག་དམར་ཉིན། ལྡི་ལིའི་རྒྱ་ནག་གཞུང་ཚབ་པ་ལུའུ་ཀྲོ་ཧྭེ་ཡིས་རྒྱ་གར་གསར་ཁང་ (PTI) ལ། རྒྱ་གར་མཐའ་སྲུང་དམག་མི་འབྲོག་ལམ་ནང་སིམ་འཛུལ་བྱས་པ་དེས་ཕྱོགས་གཉིས་བར་ས་མཚམས་རྩོད་གླེང་གི་མེ་རོ་སླར་གསོ་བྱས་ཡོད་ཚུལ་བརྗོད་འདུག

གཟའ་ལྷག་པའི་ཉིན། ལུའུ་ཀྲོ་ཧྭེ་ཡིས་རྒྱ་ནག་གཞུང་ཚབ་ཁང་གི་དྲ་ཚིགས་སྟེང་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། “རྒྱ་གར་གྱིས་འབྲོག་ལམ་མངའ་ཁུལ་བདག་བཟུང་བྱས་པ་དེས་རྒྱ་ནག་ལ་ཁོང་ཁྲོ་ཆེན་པོ་བསླངས་ཡོད། རྒྱ་ནག་གཞུང་གིས་གནོན་ཤུགས་ཆེན་པོ་ཞིག་ལ་གདོང་ལེན་བྱེད་དགོས་བྱུང་ཡོད།” ཅེས་དང་། “པེ་ཅིན་གཞུང་གིས་རྒྱ་དཀར་ནག་བར་གྱི་ས་མཚམས་རྩོད་རྙོག་དེ་ཕྱི་འབྲེལ་གྲོས་ཆོད་ལ་བརྟེན་ཏེ་སེལ་ཐུབ་པར་རེ་བ་བྱེད་ཀྱིན་ཡོད་ཀྱང་། རྒྱ་གར་གཞུང་གི་དཔོན་རིགས་ཚོའི་གླེང་ཕྱོགས་དེས་པེ་ཅིན་གཞུང་ལ་དོགས་པ་བསླངས་སོང་།” “རྒྱ་གར་དམག་མི་ས་མཚམས་དེར་མ་སླེབས་སྔོན་ལ། རྒྱ་གར་དམག་དཔོན་གྱིས། རྒྱ་གར་གྱིས་ (2.5 front war) དམག་འཁྲུག་ལ་གྲ་སྒྲིག་བྱས་ཡོད་ཚུལ་བཤད་འདུག་པ་དང་། དེའི་རྗེས་ལ་རྒྱ་གར་དཔོན་རིགས་ཤིག་གིས་སླར་ཡང་། དེ་རིང་གི་རྒྱ་གར་ནི་ ༡༩༦༢ ལོའི་རྒྱ་གར་དེ་རྩ་བ་ནས་མིན་ཞེས་བརྗོད་འདུག་པ་སོགས་རྒྱ་ནག་གཞུང་ལ་བརྡ་ལན་ཅི་ཞིག་སྤྲོད་ཀྱི་ཡོད་པ་རེད” ཅེས་སོགས་འཁོད་ཡོད་འདུག

ཟླ་སྔོན་མར་རྒྱ་གར་གྱི་དམག་སྤྱི་ཆེན་མོ་ར་ཝ་ཊི་ (BipinRawat) ཡིས། རྒྱ་གར་གྱིས་ ‘གཉིས་དང་ཕྱེད་ཀྱི་དམག་འཁྲུག’ ལ་གྲ་སྒྲིག་ཨང་གསར་བྱས་ཡོད་ཅེས་བརྗོད་ཡོད་ཅིང་། བརྡ་ལན་དེ་རྒྱ་ནག་དང་པ་ཀི་སི་ཐན་གང་ལ་སྤྲད་པ་གསལ་བཤད་བྱས་མེད་ཀྱང་། ལྡི་ལི་གཞུང་གིས་རྒྱ་གར་ལ་ཕྱི་སྲིད་དང་ནང་སྲིད་གང་ཐད་ནས་མངའ་ཁོངས་བདག་དབང་རྩོད་གླེང་ཐག་གཅོད་བྱེད་པའི་ནུས་པ་ཡོད་པའི་གོ་བརྡ་སྤྲད་ཡོད།

དེ་སྔོན་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་རི་ཀླུང་ཁུལ་དུ་འཐབ་འཁྲུག་རྒྱག་ཐུབ་པའི་ལྕགས་འཁྲབ་འཁོར་ལོ་གསར་བཟོ་བྱས་ཏེ་ཧི་མ་ལ་ཡའི་རི་ཁུལ་དུ་ཆེད་གཏོང་བྱས་ཡོད། ལྕི་ཚད་སྤྱི་རྒྱ་ ༣༥ ལྷག་ཡོད་པའི་རྒྱ་ནག་གི་ལྕགས་འཁྲབ་འཁོར་ལོ་དེ་བཅིངས་འགྲོལ་དམག་གི་ (T-96A) རྟགས་ཅན་གྱི་ལྕགས་འཁྲབ་འཁོར་ལོ་ཐོན་རིམ་གཉིས་པ་དང་། རྒྱ་གར་གྱི་ (90S) རྟགས་ཅན་གྱི་ལྕགས་འཁྲབ་འཁོར་ལོ་ལས་སྔོན་ཐོན་ཡིན་ལུགས་རྒྱ་ནག་དམག་ཁུལ་གྱིས་བསྒྲགས་ཡོད།

གཟའ་ལྷག་པའི་ཉིན། རྒྱ་ནག་ཕྱི་སྲིད་བློན་ཆེན་གྱིས་རྒྱ་གར་གཞུང་གིས་གང་མགྱོགས་ས་མཚམས་ཀྱི་དམག་དཔུང་ཕྱིར་འཐེན་བྱས་ཏེ། ཕྱོགས་གཉིས་བར་གྱི་རྩོད་རྙོག་སེལ་ཐབས་བྱེད་དགོས་ཚུལ་བཤད་ཡོད་ཅིང་། སྐད་ཆ་དེ་ལྡི་ལི་གཞུང་དང་པེ་ཅིན་གཞུང་གཉིས་ཀྱི་དཔོན་རིགས་འགས་ ༡༩༦༢ ལོའི་རྒྱ་དཀར་ནག་གི་དམག་འཁྲུག་སྐོར་ལ་གྲོས་མོལ་བྱས་པའི་བདུན་ཕྲག་གཅིག་གི་རྗེས་སུ་བཤད་ཡོད།

རྒྱ་ནག་གི་དཔོན་རིགས་ཚོས། རྒྱ་གར་གཞུང་གིས་ ༡༩༦༢ ལོར་བྱུང་བའི་ཕམ་ཁ་དང་དེའི་ལོ་རྒྱུས་རང་བཞིན་གྱི་བསླབ་བྱར་ངེས་ཤེས་སྐྱེད་དགོས་ལུགས་བཤད་འདུག རྒྱ་གར་རྒྱལ་སྲུང་བློན་ཆེན་རྗེ་ཊ་ལེ་ (ArunJaitley) ཡིས། ” ༢༠༡༧ ལོའི་རྒྱ་གར་ནི་ ༡༩༦༢ ལོའི་རྒྱ་གར་དང་མི་འདྲ་” ཅེས་རྒྱ་གར་གྱི་དྲག་ཆས་དམག་གི་སྟོབས་ཤུགས་གླེང་སྟེ་རྒྱ་ནག་གཞུང་ལ་བརྡ་ལན་སྤྲད་ཡོད།

རྒྱ་གར་རྒྱལ་སྲུང་བློ་འདོན་ལྷན་ཚོགས་ཀྱི་དབྱེ་ཞིབ་པ་ལྕམ་ར་རྗ་གྷོ་ཕཱ་ལཱན་ (Rajagopalan) ལགས་ཀྱིས། རྒྱ་གར་གྱི་ས་མཚམས་དམག་དཔུང་ཕྱིར་འཐེན་བྱས་ན་རྒྱ་གར་ལ་ཉེན་ཁ་ཆེན་པོ་ཡོད་ཚུལ་དང་། ས་མཚམས་རྩོད་རྙོག་ཇེ་ཆེར་བཏང་སྟེ་དམག་འཁྲུག་ཀྱང་བསླང་མི་རུང་ཚུལ་བཤད་འདུག ཁོང་མོས། “རྒྱ་ནག་གི་ཁོང་ཁྲོའི་རྣམ་འགྱུར་དེ་ལ་ལྡི་ལི་གཞུང་གིས་དོགས་གཞི་བྱེད་ཀྱིན་ཡོད། རྒྱ་ནག་གི་གླེང་ཕྱོགས་དེ་རྒྱ་གར་གྱིས་འབྲུག་གི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཆེད། རྒྱ་དཀར་ནག་གི་ས་མཚམས་རྩོད་གླེང་སེལ་ཐབས་བྱེད་ཀྱི་ཡོད་མེད་ལ་ཉམས་ཚོད་བླངས་པ་ཞིག་རེད” ཅེས་དང་། “རྒྱ་གར་གྱིས་འབྲུག་དང་རྒྱ་ནག་གི་ས་མཚམས་རྩོད་གླེང་ནང་ལག་པ་བརྐྱངས་དོན་གཙོ་བོ། ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཆུང་གྲས་ཚང་མར་གོ་བརྡ་སྤྲད་པ་ཞིག་ཡིན” ཞེས་ཟེར།

རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ། རྒྱ་གར་མཐའ་སྲུང་དམག་གིས་ ༡༩༦༢ ལོའི་རྒྱ་དཀར་ནག་གི་དམག་འཁྲུག་ཕམ་ཁར་འཁོན་ལན་སློག་གི་ཡོད་ཚུལ་འཁོད་འདུག རྒྱ་ནག་ཉིན་རེའི་ཚགས་པར་ཁང་གིས། “སྐབས་དེའི་དམག་འཁྲུག་ཁྲོད་རྒྱ་གར་ལ་ཕམ་ཉེས་ཆེན་པོ་བྱུང་བ་དེས་རྒྱ་གར་དམག་མི་ངོ་ཚ་ཁ་སྐྱེངས་བྱུང་ཡོད་སྟབས། ཐེངས་འདིར་ས་མཚམས་རྩོད་རྙོག་ལ་ཁ་གཡར་ཏེ་དམག་འཁྲུག་སློང་གི་ཡོད” ཅེས་འཁོད་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༧/༠༨

Leave a Reply

4 thoughts on “རྒྱ་དཀར་ནག་བར་ས་མཚམས་རྩོད་གླེང་གི་དམག་འཁྲུག་ཐེངས་གཉིས་པ་འབྱུང་སྲིད།

  1. གཞུང་པ་ཚེ་དབང་བསོད་ནམས་

    རྒྱ་དཀར་ནག་གཉིས་དམག་འཁྲུགས་མ་ཡོང་བ་ཤོག་།
    ཨ་རི་དང་བྱང་ཀོ་རིི་ཡ་གཉིས་གདོང་ཐུག་མ་ཡོང་བ་ཤོག་།
    འཛམ་གླིང་ཞི་བདེ་ཡུན་གནས་ཡོང་བ་ཤོག་།
    བོད་དོན་བདེན་མཐའ་གང་མྱུར་གསལ་བ་ཤོག་།
    གཞིས་བྱེས་མཉམ་འཛོམས་ཐུབ་པ་ཤོག་།
    གོང་ས་མཆོག་བོད་དུ་ཞབས་གསོར་གང་མགྱོགས་འཁོད་པ་ཤོག་།
    སངས་རྒྱས་བརྟན་པ་འཛམ་གླིང་ཡོངས་ལ་ཁྱབ་པ་ཤོག་།

  2. ལྷ་ནོར། བོད།

    དམག་འཁྲུག་བྱེད་དགོས་པ་རེད། རྒྱ་དཀར་ནག་གཉིས་ཀྱིས་བོད་ཀྱི་ས་ཆའི་བདག་དབང་ལ་དམག་འཁྲུག་བྱས་པ་ནི་ཕྲུ་གུ་བསམ་མེད་ཀྱིས་རྩེ་ཆས་ལ་འཁྲུག་རྩོད་བྱས་པ་དང་གཅིག་པ་རེད། རྒྱུ་མཚན་ནི་བོད་ཀྱི་ས་ཆ་ཧམ་འཕྲོག་བྱེད་འདོད་ཀྱི་ཀུན་སློང་ངན་པ་ཁོ་གཉིས་ལ་ཡོད། དེ་བས་དམག་འཁྲུག་བསླང་དགོས་པ་རེད། ཁོ་གཉིས་ཀྱི་སྡུག་གྱོང་ལས་མེད།

  3. དུས་བབ་ཡ་དུས་བབ། ཁྱོད་ཡོད་པས་ང་ཚོར་ཅི་ཡང་ཡོད་པར་གྱུར། དུས་བབ་ཀྱི་དཀའ་དྲིན་ལ་ང་ཚོས་དུས་རབས་ཀྱི་འགྱུར་འགྲོས་མཐོང་ཐུབ། ཐུགས་རྗེ། དུས་བབ་ཀྱི་གསར་འགོད་པ་ཚོའི་དཀའ་དྲིན་ནམ་ཡང་བརྗེད་མི་སྲིད། དུས་བབ་ནང་དུ་དངོས་ནས་གསར་འགོད་པ་ཙ་ཡ་ཁ་ཤས་འདུག ཁྱེད་ཚོ་ནི་བོད་མི་རིགས་ཀྱི་འཆི་གསོན་གྱི་སྐབས་འདིར་རླབས་ཆེ་བའི་མི་ཤས་ཡིན།