ཁཱ་ཐ་ལོ་ནེ་ཡཱ་རང་བཙན་བྱེད་མིན་མང་མོས་འོས་བསྡུ་བྱ་རྒྱུ་རེད།

ཁཱ་ཐ་ལོ་ནེ་ཡཱ་(Catalonia)འཛིན་སྐྱོང་ལྷན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་བ་ལྟར་ན། མི་རིང་བའི་ཕྱི་ཟླ་ ༡༠ པའི་ནང་ཁཱ་ཐ་ལོ་ནེ་ཡཱ་མི་མང་གིས་མང་མོས་འོས་བསྡུ་བྱས་ཏེ་ཁཱ་ཐ་ལོ་ནེ་ཡཱ་སི་པན་ལས་ལོགས་སུ་རང་བཙན་བྱེད་མིན་ཐག་གཅོད་བྱ་རྒྱུ་ཡིན་པ་དང་། གལ་ཏེ་འོས་ཤོག་ཐོབ་པ་ཡིན་ན་གང་མགྱོགས་ཁཱ་ཐ་ལོ་ནེ་ཡཱ་རང་བཙན་བྱ་རྒྱུ་ཡིན་འདུག

ཁཱ་ཐ་ལོ་ནེ་ཡཱ་ནི་སི་པན་རྒྱལ་ཁབ་ཀྱི་བྷར་སི་ལོ་ནཱ་(Barcelona)དང་། གྷེ་རོ་ནཱ་(Girona)ཊཱ་རཱ་གྷོ་ནཱ་(Tarragona)སོགས་མངའ་སྡེ་ཆེན་པོ་གསུམ་གྱིས་གྲུབ་ཡོད་པ་དང་། བྷར་སི་ལོ་ནཱ་ནི་ས་གནས་ཆེ་ཤོས་དང་ཁཱ་ཐ་ལོ་ནེ་ཡཱའི་ས་གནས་སྲིད་གཞུང་གི་རྒྱལ་སའང་ཡིན་འདུག ས་ཆ་དེ་ནི་ཡུ་རོབ་ཀྱི་བཟོ་ལས་དང་ཚོང་གཉེར་གྱི་ལྟེ་བ་ཡིན་པ་མ་ཟད། སི་པན་ནང་གི་ཡུལ་སྐོར་སྤྲོ་འཆམ་པའི་ལྟེ་བ་ཞིག་ཀྱང་ཆགས་ཡོད་པ་རེད།

ཡུལ་དེའི་ལྷོ་བྱང་ས་ཁུལ་གྱི་མི་མང་ཚོས་དུས་ཡུན་རིང་པོ་ནས་སི་པན་ནས་ལོགས་སུ་གྱེས་འདོད་ཀྱི་འཐབ་རྩོད་བྱས་ཡོད་པ་དང་། ཁོ་ཚོར་རང་གི་སྐད་ཡིག་རིག་ཞུང་དང་ཡུལ་སྲོལ་གོམས་གཤིས་སོགས་ཡོད་པའི་ལོ་རྒྱུས་ཡུན་རིང་ཡོད་པའི་མི་རིགས་ཤིག་ཆགས་ཡོད་འདུག

ད་ལྟ་ཁཱ་ཐ་ལོ་ནེ་ཡཱའི་རང་བཙན་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། དེ་ནི་སི་པན་ལ་མཚོན་ན་དཔལ་འབྱོར་ཐོག་གྱོང་གུད་ཆེན་པོ་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་གཅིག་གྱུར་གྱི་ཆབ་སྲིད་གནས་སྟངས་ལའང་ན་ཟུག་ཆེན་པོ་ཞིག་ཆགས་ཡོད་པ་རེད། འབྱུང་འགྱུར་ཕྱི་ཟླ་ ༡༠ བའི་ནང་མང་མོས་འོས་འཕེན་གྱི་ལམ་ནས་ཐག་གཅོད་བྱ་རྒྱུ་ཡིན་པ་དང་། མང་མོས་འོས་བསྡུའི་འོས་ཤོག་སྟེང་ (ཁྱེད་ཀྱིས་ཁཱ་ཐ་ལོ་ནེ་ཡཱ་སྤྱི་མཐུན་རང་བཙན་རྒྱལ་ཁབ་ཅིག་བྱ་འདོད་ཡོད་དམ།)ཞེས་བྲིས་ཡོད་འདུག

༢༠༡༤ ལོར་སི་ཁོ་ཊི་ལན་ཌི་(Scotland)ཡིས་དབྱིན་ཇིའི་འོག་ནས་རང་བཙན་བྱེད་འདོད་ཀྱི་མང་མོས་འོས་བསྡུ་བྱས་ཏེ་རང་བཙན་མི་དགོས་ཟེར་མཁན་འོས་བརྒྱ་ཆ་ ༥༥ དང་། རང་བཙན་དགོས་ཟེར་མཁན་གི་འོས་བརྒྱ་ཆ་ ༤༥ བཅས་ཐོབ་སྟེ་རང་བཙན་མི་བྱེད་པའི་ཐག་གཅོད་བྱུང་ཡོད་པ་རེད། ད་ལྟ་སི་པན་གཞུང་གིས་ཀྱང་དབྱིན་ཇི་གཞུང་དང་སི་ཁོ་ཊི་ལན་ཌའི་བར་གྱི་གནས་སྟངས་དེ་འབྱུང་ཐབས་ལ་འབད་བརྩོན་ཆེན་པོ་བྱེད་བཞིན་ཡོད་པ་རེད།

ད་ལྟ་ག་རེ་འབྱུང་གི་ཡོད་དམ།

ད་ལྟ་སི་པན་གྱི་རྒྱལ་ས་མཱ་ཌི་རེ་ཌི་(Madrid)དང་ཁཱ་ཐ་ལོ་ནེ་ཡཱའི་བར་གདོང་ཐུག་ཆེན་པོ་བྱུང་སྟེ། ཕྱོགས་སོ་སོར་ལངས་ཏེ་མུ་མཐུད་གྲོས་མོལ་བྱེད་བཞིན་ཡོད་པ་རེད།

ད་ལོའི་ལོ་གསར་སྐབས་ཁཱ་ཐ་ལོ་ནེ་ཡཱའི་དབུ་ཁྲིད་ཆཱར་ལེ་པོག་ཌེ་མོན་ཊི(Carles Puigdemont)ཡིས་གཏམ་བཤད་སྤེལ་སྐབས། ཁྲིམས་མཐུན་དང་ཁྲིམས་སྲུང་གི་ཐོག་ནས་རང་བཙན་བྱེད་འདོད་ཡོད་མེད་ལ་འོས་བསྡུ་བྱེད་ཆོག་ཅེས་ཁས་ལེན་བྱས་ཡོད་ཀྱང་། སི་པན་གཞུང་གིས་སྐད་ཆ་དེས་སི་པན་རྒྱལ་ཁབ་ཀྱི་མཐུན་ལམ་ལ་གནོད་སྐྱོན་བཟོས་ཡོད་སྐོར་བརྗོད་དེ། སི་པན་སྲིད་བློན་(Mariano Rajoy)ལགས་ཀྱིས་ཁྲིམས་རྩོད་པ་སྐད་བཏང་སྟེ་ལས་དོན་དེར་བཀག་འགོག་བྱེད་དགོས་པར་སྐུལ་ཡོད་འདུག

ད་ལྟའི་ཆར་ཁཱ་ཐ་ལོ་ནེ་ཡཱས་རང་བཙན་སྐོར་གྱི་ཁྲིམས་ཡིག་ཅིག་བཟོས་ཤིང་། སི་པན་གཞུང་གི་ཁྲིམས་ལུགས་དང་མཐུན་པར་ངོ་སྤྲོད་བྱས་ཏེ། སི་པན་གཞུང་གིས་དེ་ལ་ངོས་ལེན་བྱེད་མིན་ཚོད་ལྟ་བྱེད་བཞིན་ཡོད། ཕྱི་ཟླ་ ༨ པའི་ནང་ཁཱ་ཐ་ལོ་ནེ་ཡཱའི་ས་གནས་གྲོས་ཚོགས་འཛུགས་འཆར་ཡོད་པ་དང་། ཁཱ་ཐ་ལོ་ནེ་ཡཱ་ས་གནས་ཀྱི་ཚགས་པར་ཆེ་ཤོས་(La Vanguardia)ཞེས་པའི་སྟེང་། རང་བཙན་བྱེད་མིན་གྱི་མང་མོས་འོས་བསྡུ་དེ་ཡག་པོ་འགྲོ་ཐུབ་པ་ཡིན་ན། ཆུ་ཚོད་ ༤༨ ནང་ཐག་གཅོད་བྱ་ཐུབ་ཀྱི་ཡོད་སྐོར་འཁོད་ཡོད་འདུག

འདས་པའི་འོས་ཤོག་དེ་དག་ཅིའི་ཕྱིར་ལམ་ལྷོང་མ་བྱུང་བ་རེད།

ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༡༡ པའི་ནང་ས་གནས་སྲིད་གཞུང་གིས་འོས་བསྡུ་ཤིག་བྱས་སྐབས་འོས་འཕེན་པའི་བརྒྱ་ཆ་ ༨༠ ཡིས་རང་བཙན་ལ་རྒྱབ་སྐྱོར་བྱས་ཡོད། འོན་ཀྱང་། སྐབས་དེར་འོས་ཤོག་འཕེན་པའི་ཆ་རྐྱེན་ཚང་བའི་མི་གྲངས་ས་ཡ་ ༦.༣ ནས་ས་ཡ་ ༢.༢ ཙམ་ལས་འོས་འཕེན་མཁན་བྱུང་མེད་སྟབས། སི་པན་རྩ་ཁྲིམས་ལྷན་ཚོགས་ཀྱིས་འོས་བསྡུ་དེ་ཁྲིམས་མཐུན་ཆགས་མེད་སྐོར་བསྒྲགས་བྱས་ཡོད། གལ་ཏེ་འབྱུང་འགྱུར་ཕྱི་ཟླ་ ༨ པའི་ནང་གི་མང་མོས་འོས་བསྡུ་ལ་སི་པན་གཞུང་གིས་སྟངས་འཛིན་མ་བྱས་ཚེ་མི་མང་ག་ཚོད་ཅིག་འཛོམ་མིན་ཚོད་དཔག་བྱེད་དཀའ་བ་ཞིག་ཆགས་ཡོད།

༢༠༡༤ ལོར་འི་ས་གནས་ཀྱི་ཚོད་ལྟའི་འོས་བསྡུ་དེ་ཁཱ་ཐ་ལོ་ནེ་ཡཱ་ས་གནས་མགོ་ཁྲིད་ཨཱར་ཊུར་མཱ་སི་(Artur Mas)དང་སྲིད་འཛིན་ཟུར་བ་སོགས་ཀྱིས་སི་པན་གཞུང་གི་ཁྲིམས་ཞིབ་ལྷན་ཚོགས་ཀྱི་སྒྲིག་ཁྲིམས་མ་རྩིས་པར་ཉེས་ཆད་བཏང་སྟེ། སྐུ་ཞབས་ཨཱར་ཊུར་མཱ་སི་ལགས་གཞུང་གི་ལས་གནས་སུ་ཞུགས་མི་ཆོག་པ་བྱས་ཡོད། ༢༠༡༥ ལོར་ཁཱ་ཐ་ལོ་ནེ་ཡཱའི་རྒྱལ་ཞེན་ཚོགས་པར་ས་གནས་གྲོས་ཚོགས་ནང་རྐུབ་སྟེགས་ ༡༣༥ ཙམ་ཐོབ་ཡོད་སྟབས། སྐབས་དེ་ནས་བཟུང་ཁཱ་ཐ་ལོ་ནེ་ཡཱའི་རང་བཙན་ལ་མང་མོས་འོས་བསྡུ་བྱ་རྒྱུའི་ལས་རིམ་དེ་མགོ་བཙུགས་ཡོད་འདུག

ཁཱ་ཐ་ལོ་ནེ་ཡཱ་ལོགས་སུ་གྱེས་ཐུབ་བམ།

ཉེ་སྔོན་རང་ལ་ཁཱ་ཐ་ལོ་ནེ་ཡཱའི་ས་གནས་སྲིད་གཞུང་གིས་མུ་མཐུད་རང་སྐྱོང་བྱས་ཏེ་བསྡད་ན་བཟང་ངམ་ལོགས་སུ་གྱེས་ན་ཁེ་ཕན་ཡོད་ཅེས་པའི་ཐད་འོས་བསྡུ་ཞིག་བྱས་པར། མི་མང་བརྒྱ་ཆ་ ༤༨.༥ རང་བཙན་ལ་འདོད་མོས་མེད་པ་དང་། བརྒྱ་ཆ་ ༤༤.༣ གྱིས་ལོགས་སུ་གྱེས་འདོད་ཡོད་པའི་གནས་སྟངས་བྱུང་ཡོད་འདུག བྷར་སི་ལོ་ནཱའི་(El Periodico)ཞེས་པའི་ཚགས་པར་སྟེང་སྐབས་དེའི་འོས་གྲངས་བཏོན་ཡོད་པའི་ནང་། རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་མེད་སྐོར་འཁོད་ཡོད་ཀྱང་། ད་ལྟ་མི་མང་བརྒྱ་ཆ་ ༨༠ ཡིས་མང་མོས་ཐག་གཅོད་དགོས་པའི་བསམ་ཚུལ་འདོད་བཞིན་ཡོད།

སི་པན་སྲིད་བློན་གྱིས་ “ངས་དོན་དག་དེར་ཐག་གཅོད་གང་ཡང་བྱ་རྒྱུ་མིན། གནད་དོན་དེས་སི་པན་གྱི་མཐུན་བསྒྲིལ་དང་རང་སྐྱོང་ས་ཁུལ་ལ་གནོད་སྐྱོན་ཆེན་པོ་བཟོ་ངེས་རེད།”ཅེས་བརྗོད་ཡོད། ཁཱ་ཐ་ལོ་ནེ་ཡཱས་སི་པན་རྒྱལ་ཡོངས་མི་འབོར་གྱི་བརྒྱ་ཆ་ ༡༦ ཙམ་ལས་ཟིན་གྱི་མེད་ཀྱང་། ཁོ་ཚོས་རྒྱལ་ཡོངས་དངོས་ཟོག་ཐོན་སྐྱེད་ཐོག་བརྒྱ་ཆ་ ༡༩ ཙམ་ཟིན་གྱི་ཡོད་འདུག ཁཱ་ཐ་ལོ་ནེ་ཡཱའི་སྲིད་འཛིན་ཆཱར་ལེ་པོག་དྷེ་མོང་ཊི་ལགས་ནི། རང་བཙན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པ་དང་། ཁོས་ཁཱ་ཐ་ལོ་ནེ་ཡཱར་རང་བཙན་ཐོབ་ཐུབ་པ་མ་ཟད། མགྱོགས་མྱུར་ངང་ཐག་གཅོད་བྱུང་དགོས་པར་རྗོད་ཀྱི་ཡོད་པ་རེད།

ཁཱ་ཐ་ལོ་ནེ་ཡཱའི་ལོ་རྒྱུས་གནད་བསྡུས།

ཁཱ་ཐ་ལོ་ནེ་ཡཱ་ནི་སི་པན་གྱི་བྱང་ཤར་ཕྱོགས་སུ་ཡོད་པ་དང་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་ཁ་ཆེ་བ་ཚོས་ཕེ་རེ་ནཱེ་སི་ལྷོ་ཁུལ་དུ་བཙན་གནོན་བྱེད་སྐབས། གྷོ་ཋཱ(Gothia)དང་ཧེ་སི་པཱ་ནེ་ཁུ་(Hispanic)ཞེས་པའི་ས་ཁུལ་གཉིས་མཉམ་འབྲེལ་གྱིས་ཁ་ཆེ་བ་ཚོ་འགོག་ཆེད་ཧྥ་རཱན་ཁེ་ཤི་རྒྱལ་ཕྲན་( Frankish kingdom)ཞེས་པ་ཞིག་བཙུགས་པ་དེ་རྗེས་སུ་ཁཱ་ཐ་ལོ་ནེ་ཡཱ་ཞེས་པའི་རྒྱལ་ཕྲན་དེ་ཆགས་ཡོད་པ་དང་། ༡༡༣༧ ལོའི་ནང་ཁཱ་ཐ་ལོ་ནེ་ཡཱའི་རྒྱལ་པོ་དང་ཨ་རཱ་གྷོན་རྒྱལ་ཕྲན་( Kingdom of Aragon)གྱི་རྒྱལ་མོ་གཉིས་གཉེན་སྒྲིག་བྱས་ཏེ་སྲིད་དབང་མཉམ་དུ་བསྐྱངས་ཡོད། (༡༤༦༩ ནས་ ༡༥༡༦)ལོའི་བར་ཁཱ་ཐ་ལོ་ནེ་ཡཱའི་རིག་གནས་དང་རྩོམ་རིག་ལ་དར་རྒྱས་ཆེན་པོ་བྱུང་ཡོད།

(༡༦༣༥ ནས་ ༡༦༥༩)ལོའི་བར་གྱི་ཧྥ་རན་སི་དང་སི་པན་གྱི་དམག་འཁྲུག་སྐབས། ཁཱ་ཐ་ལོ་ནེ་ཡཱས་ཉེ་འཁོར་རྒྱལ་ཁབ་དག་གི་དམག་ཤུགས་འགོག་ཆེད་འཐབ་རྩོད་ཡུན་རིང་བྱས་སྟབས། མཐར་ཁཱ་ཐ་ལོ་ནེ་ཡཱ་དེ་ཧྥ་རན་སའི་སྲུང་སྐྱོབ་འོག་ནས་སྤྱི་མཐུན་རྒྱལ་ཁབ་ཆགས་ཡོད་ཀྱང་། ཡུན་རིང་མ་འགོར་བར་ཧྥ་རན་སིས་ཁཱ་ཐ་ལོ་ནེ་ཡཱ་ཧྲིལ་བོར་དབང་བསྒྱུར་བྱས་ཡོད། རྗེས་སུ་སི་པན་གྱིས་ ༡༦༥༩ ལོའི་ཕེ་རེ་ནཱེ་སི་(Pyrenees)ཆིངས་ཡིག་འོག་ནས་ཁཱ་ཐ་ལོ་ནེ་ཡཱར་བསྐྱར་དུ་དབང་བསྒྱུར་བྱས་རྗེས་ཧྥ་རན་སི་དང་སི་པན་གྱི་དམག་འཁྲུག་མཚམས་བཞག་ཡོད། ༡༩༣༡ ནས་ ༡༩༣༩ ལོའི་བར་སི་པན་དམངས་གཙོ་དང་སྤྱི་མཐུན་ཚོགས་པ་ཆགས་རྗེས་ཁཱ་ཐ་ལོ་ནེ་ཡཱ་ལ་རང་སྲིད་རང་སྐྱོང་ཐོབ་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༧/༠༨

Leave a Reply