ཨེ་ཤ་ཡའི་སྟོབས་ཆེན་རྒྱལ་ཁབ་ཅིག་གིས་རྒྱལ་ཁབ་ཆུང་ཆུང་ཞིག་ལ་འཇིག་ཉེན་བསླངས།

སྐུ་ཞབས་བྷར་མཱ་ཆིལ་ལ་ནེ་ (Brahma Chellaney)ཡིས་སྤེལ།
པདྨ་རྒྱལ་གྱིས་བོད་བསྒྱུར།

རྒྱ་ནག་གིས་ཧི་མ་ལ་ཡའི་བོད་དང་འབྲུག རྒྱ་གར་བཅས་ཀྱི་མཐའ་མཚམས་ཁུལ་དུ་གཞུང་ལམ་འཛུགས་སྐྲུན་བྱས་ཏེ་ས་མཚམས་བཅད་བཟུང་བྱེད་བཞིན་པ་དེར་འཛམ་གླིང་ཐོག་གི་རྒྱལ་ཁབ་ཆུང་གྲས་འབྲུག་གིས་ངོ་རྒོལ་བྱས།

རྒྱལ་ཁབ་གསུམ་གྱི་ས་མཚམས་འབྲོག་ལམ་(Doklam)ཁུལ་དུ་རྒྱ་ནག་གིས་གཞུང་ལམ་འཛུགས་སྐྲུན་བྱེད་ཀྱིན་ཡོད་པ་དང་། འབྲུག་གིས་རྒྱ་གར་དང་ལྷན་དུ་ས་མཚམས་སྲུང་སྐྱོབ་ལ་གྲ་སྒྲིག་བྱེད་བཞིན་ཡོད་སྟབས། རྒྱ་དཀར་ནག་གི་མཐའ་སྲུང་དམག་མིའི་བར་གདོང་ཐུག་ཡོང་གི་ཡོད། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་རྒྱལ་ཁབ་གསུམ་གྱི་ས་མཚམས་རྩོད་གླེང་དེའི་རྐྱེན་པས་རྒྱ་དཀར་ནག་གི་མཐའ་སྲུང་དམག་དཔུང་བར་དམག་འཁྲུག་འབྱུང་སྲིད་པའི་ཉེན་བརྡ་བཏང་ཡོད།

འབྲུག་གཞུང་གིས་ “རྒྱ་ནག་གིས་འབྲུག་གི་མངའ་ཁོངས་སུ་གཞུང་ལམ་འཛུགས་སྐྲུན་བྱས་ཏེ། དེ་སྔོན་པེ་ཅིན་གཞུང་དང་ལྷན་དུ་བཞག་པའི་ས་མཚམས་གྲོས་ཆོད་ཁག་ལ་ཐད་ཀར་རྡོག་རོལ་བཏང་ཡོད།” ཅེས་བརྗོད་ཡོད་ཀྱང་། རྒྱ་ནག་གིས་དེ་སྔའི་ས་མཚམས་གྲོས་ཆོད་ལ་རྒྱ་གར་གཞུང་གིས་བརྩི་འཇོག་མ་བྱས་སྐོར་བརྗོད་དེ་མཐའ་མཚམས་དེར་སིམ་འཛུལ་བྱེད་ཀྱིན་ཡོད། མཐའ་མཚམས་དེ་ནི་བོད་དང་རྒྱ་གར་འབྲས་ལྗོངས་གཉིས་ཀྱི་ས་མཚམས་ཡིན་པ་མ་ཟད་འབྲུག་གི་ས་མཚམས་སུའང་ཁེལ་གྱི་ཡོད།

རྒྱ་ནག་གཞུང་གིས་གསང་བའི་སྒོ་ནས་དམག་ཤུགས་རྒྱ་བསྐྱེད་དེ་ལྷོ་ཤར་ཨེ་ཤ་ཡའི་མཚོ་ཁུལ་རྩོད་གླེང་ཐད་གཡུལ་བཤམས་ཡོད་པ་མ་ཟད། ཧི་མ་ལ་ཡའི་མཐའ་མཚམས་ཁག་ཏུའང་སིམ་འཛུལ་གྱིས་མི་ཊར་རེ་རེ་དང་སྤྱི་ལེ་རེ་རེ་བཞིན་ས་ཆ་བདག་བཟུང་བྱས་ཏེ་གཞུང་ལམ་འཛུགས་སྐྲུན་བྱེད་བཞིན་ཡོད།

གལ་ཏེ་ས་ཁུལ་དེ་དག་རྩོད་ལེན་དངོས་སུ་བྱས་ཚེ། རྒྱ་ནག་གིས་གཡོ་བྱུས་བཀོལ་ཏེ་ས་འབྲེལ་རྒྱལ་ཁབ་ཁག་ལ་འཇིགས་སྣང་བསླང་ངེས་ཡིན་པ་དང་། རྒྱ་ནག་གཞུང་དངོས་ཡོད་གནས་ཚུལ་ལ་གཡོལ་ཐབས་སུ་དྲག་པོའི་ཟིང་འཁྲུག་སློང་གི་ཡོད་པ་རེད། ད་ལྟ་རྒྱ་ནག་གཞུང་གིས་གཡོ་ཐབས་དེ་གཉིས་ལག་བསྟར་བྱས་ཏེ་ཆུ་འབི་ལུང་གཤོང་ (Chumbi Valley) ཀྱི་མཐའ་མཚམས་སུ་དྲག་ཆས་དམག་དཔུང་འགྲེམས་འཇོག་བྱས་ཡོད།

ཆུ་འབི་ལུང་གཤོང་ནི་འབྲུག་དང་འབྲས་ལྗོངས་ཀྱི་ས་མཚམས་སུ་ཁེལ་ཡོད་པ་དང་། ད་ལྟ་རྒྱ་ནག་གི་སྟངས་འཛིན་འོག་ཡོད། ད་དུང་རྒྱ་གར་མངའ་ཁོངས་ཀྱི་བྱ་སྐེ་ (Chicken Neck)ཞེས་པ་དང་ས་འབྲེལ་ཆགས་ཡོད།

ཉེ་བའི་ལོ་ཤས་རིང་རྒྱ་ནག་གིས་མཐའ་མཚམས་དེར་དྲག་ཆས་དམག་དཔུང་རྒྱ་སྐྱེད་གཏོང་གི་ཡོད་སྟབས། གལ་ཏེ་རྒྱ་དཀར་ནག་བར་ས་མཚམས་རྩོད་གླེང་གི་དམག་འཁྲུག་བྱུང་ཚེ། རྒྱ་ནག་དམག་གིས་འབྲུག་གི་ས་མཚམས་ཁག་ཡོངས་རྫོགས་བཙན་བཟུང་བྱེད་ཐུབ་པ་མ་ཟད། རྒྱ་གར་བྱང་ཤར་གྱི་ས་མཚམས་ཁག་ཀྱང་བཅད་བཟུང་བྱེད་ཐུབ་པ་བཟོས་ཡོད།

འབྲུག་དང་རྒྱ་གར་གྱི་མཐའ་སྲུང་མཉམ་འབྲེལ།

ད་ལྟ་འབྲུག་ལ་མི་འབོར་ ༧༥༠༠༠༠ ཙམ་ལས་མེད་པ་དང་། འབྲུག་དང་རྒྱ་གར་བར་དེ་སྔ་ཕྱི་འབྲེལ་ཆིངས་ཡིག་བཞག་ཡོད་པ་ལྟར། རྒྱ་གར་མཐའ་སྲུང་དམག་དཔུང་གིས་འབྲུག་རྒྱལ་ཁབ་ཀྱི་དམག་མིར་རོགས་འདེགས་བྱས་ཏེ། འབྲུག་དང་རྒྱ་ནག་གི་ས་མཚམས་བརྟན་སྲུང་བྱེད་བཞིན་ཡོད།

༢༠༠༧ ལོར་འབྲུག་དང་རྒྱ་གར་བར་ཕྱི་འབྲེལ་སྲིད་བྱུས་སྐོར་ལ་གྲོས་ཆོད་ཅིག་བཞག་སྟེ། ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་འབྲེལ་བའི་ལས་དོན་ཐོག་མཉམ་ལས་བྱ་རྒྱུ་བྱས་ཡོད། དེ་ནི་ ༡༩༤༩ ལོའི་ཕྱི་འབྲེལ་གྲོས་ཆོད་ལ་བཅོས་བསྒྱུར་བཏང་བ་ཞིག་ཡིན་ཞིང་། ༢༠༠༧ ལོར་འབྲུག་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་ལ་བཅོས་བསྒྱུར་བཏང་སྟེ། འབྲུག་ནི་འཛམ་གླིང་ཐོག་དམངས་གཙོའི་ལམ་ལུགས་ཐོག་སྐྱོད་པའི་རྒྱལ་ཁབ་གསར་ཤོས་དེ་ཆགས་རྗེས་གྲོས་ཆོད་དེ་བཞག་ཡོད། དེ་སྔོན་གྱི་གྲོས་ཆོད་ནང་འབྲུག་ནི་རྒྱ་གར་གྱི་སྲུང་སྐྱོབ་མངའ་ཁུལ་ཞིག་ཏུ་ངོས་འཛིན་བྱས་ཡོད་སྟབས་རྒྱ་གར་གྱི་ཕྱི་འབྲེལ་སྲིད་བྱུས་གལ་ཆེན་ཞིག་ཆགས་ཡོད།

ཉེ་ཆར་འབྲུག་དང་རྒྱ་གར། རྒྱ་ནག་གསུམ་བར་ས་མཚམས་རྩོད་གླེང་བྱུང་རྗེས། རྒྱ་ནག་བཅིངས་འགྲོལ་དམག་གིས་ཟླ་སྔོན་མའི་ཚེས་ ༡༦ ཉིན་ནས་བཟུང་འབྲུག་གི་མངའ་ཁོངས་འབྲོག་ལམ་ཁུལ་དུ་མཁོ་ཆས་འབོར་ཆེན་སྐྱེལ་འདྲེན་བྱས་ཏེ། མངའ་ཁུལ་དེར་གཞུང་ལམ་འཛུགས་སྐྲུན་བྱེད་མགོ་བཙུགས་ཡོད། རྒྱ་ཕྱོགས་ནས་འབྲོག་ལམ་མཐོ་སྒང་དེ་རྒྱ་ནག་གི་མངའ་ཁོངས་ཤིག་ཡིན་ལུགས་བཤད་དེ། མཐའ་ཁུལ་དེའི་མིང་ལའང་འབྲོང་ལུང་(Donglong)ཞེས་བཏགས་ཡོད།

རྒྱ་གར་མཐའ་སྲུང་དམག་གིས་ས་བབ་མཐོ་ཚད་ལ་སྨི་ ༣༠༠༠ ཡོད་པའི་ས་མཚམས་དེར་རྒྱ་ནག་གི་དམག་མིས་གཞུང་ལམ་འཛུགས་སྐྲུན་བྱས་ཏེ། འབྲུག་གི་མཐའ་སྲུང་དམག་དང་རྙོག་གྲ་འབྱུང་བཞིན་པར་བར་འདུམ་བྱེད་བཞིན་ཡོད།

རྒྱ་ནག་གཞུང་གིས་ཟླ་སྔོན་མའི་ཕྱི་ཚེས་ ༢༦ ཉིན་རྒྱ་གར་ལ་སྐྱོན་བརྗོད་གསལ་བསྒྲགས་མ་སྤེལ་བར་ས་མཚམས་རྩོད་གླེང་དེ་ཡོངས་གྲགས་ཆགས་མེད། འོན་ཀྱང་། སྐབས་དེར་རྒྱ་གར་སྲིད་བློན་མཱོ་ཌེ་ཡིས་ཕོ་བྲང་དཀར་པོའི་ནང་ཨ་རིའི་སྲིད་འཛིན་ཊི་རུམ་ཕིར་ཐུག་འཕྲད་ཀྱིས་དམག་དོན་སྐོར་ལ་གྲོས་མོལ་བྱེད་བཞིན་ཡོད། རྒྱ་ནག་གི་སྐྱོན་བརྗོད་ནང་། རྒྱ་གར་མཐའ་སྲུང་དམག་མི་རྒྱ་ནག་གི་མངའ་ཁོངས་འབྲོང་ལུང་ནང་ཧམ་འཛུལ་བྱས་ཏེ་གཞུང་ལམ་འཛུགས་སྐྲུན་ལ་བར་ཆད་བྱས་ཡོད་སྟབས། རྒྱ་གར་གཞུང་གིས་དམག་མི་དེ་དག་མྱུར་དུ་ཕྱིར་འཐེན་མི་བྱས་ཚེ་རྒྱ་ནག་གིས་དྲག་པོའི་འཁོན་ལན་སློག་ངེས་ཡིན་ལུགས་བསྒྲགས་ཡོད།

རྒྱ་ནག་གི་སྐྱོན་བརྗོད་དེས་བཅིངས་འགྲོལ་དམག་གིས་འབྲུག་གི་ས་ཁོངས་ལ་བཙན་འཛུལ་བྱས་པའི་དངོས་ཡོད་གནས་ཚུལ་གསང་བ་བྱས་ཡོད། རྒྱ་ནག་གཞུང་གི་དཔོན་རིགས་ཚོ་དང་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་རྒྱ་གར་མཐའ་སྲུང་དམག་དཔུང་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱིན་ཡོད་པ་མ་ཟད། རྒྱ་གར་གཞུང་གིས་འབྲུག་གི་བདེ་འཇགས་གླེང་བའི་ཐོབ་ཐང་མེད་སྐོར་ཡང་བརྗོད་ཡོད།

ཟླ་སྔོན་མའི་ཕྱི་ཚེས་ ༢༨ ཉིན། འབྲུག་གི་གཞུང་ཚབ་ཀྱིས་གསལ་བསྒྲགས་སྤེལ་ཏེ། རྒྱ་ནག་བཅིངས་འགྲོལ་དམག་མིས་འབྲུག་གི་མངའ་ཁོངས་བདག་དབང་ལ་རྡོག་རོལ་གཏོང་བཞིན་པ་དེར་འབྲུག་རྒྱལ་ཁབ་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། མཐའ་མཚམས་རྩོད་གླེང་དེའི་ཁྲོད་རྒྱ་གར་ཡང་ཚུད་ཡོད་པ་པེ་ཅིན་གཞུང་གིས་ཧ་གོ་དགོས་སྐོར་བརྗོད་ཡོད། དོན་དངོས་སུ་འབྲུག་རྒྱལ་ཁབ་རྒྱ་ནག་གི་ས་མཚམས་བཙན་འཛུལ་དེར་དངངས་འཚུབ་ཆེན་པོ་སྐྱེས་ཏེ། ཉིན་གྲངས་བརྒྱད་ནང་རྒྱ་ནག་དང་ཕྱི་འབྲེལ་ཡང་མཚམས་བཅད་ཡོད།

རྒྱ་ནག་གི་བཙན་གནོད།

རྒྱ་གར་གྱིས་རྒྱ་ནག་གི་གཞུང་ལམ་འཛུགས་སྐྲུན་བཀག་འགོག་བྱས་པར། རྒྱ་ནག་གིས་རྒྱ་གར་ལ་སྐྱོན་བརྗོད་བྱེད་པ་སྔར་ལས་ཛ་དྲག་གི་ངོ་བོར་འཕེལ་ཡོད། ཟླ་སྔོན་མའི་ཕྱི་ཚེས་ ༢༩ ཉིན་རྒྱ་ནག་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པས་ ༡༩༦༢ ལོའི་ས་མཚམས་རྩོད་གླེང་གི་དམག་འཁྲུག་ཁྲོད་རྒྱ་གར་ལ་ཕམ་ཉེས་བྱུང་ཡོད་སྟབས། རྒྱ་གར་མཐའ་སྲུང་དམག་གིས་ “ཡང་བསྐྱར་དམག་འཁྲུག་མི་སློང་བར། ལོ་རྒྱུས་ཀྱི་བསླབ་བྱར་ངེས་ཤེས་རྙེད་དགོས”ཞེས་བཤད་ཡོད་པར། རྒྱ་གར་རྒྱལ་སྲུང་བློན་ཆེན་གྱིས་ “དེ་རིང་གི་རྒྱ་གར་ནི་ ༡༩༦༢ ལོའི་རྒྱ་གར་དང་མི་འདྲ”ཞེས་བརྡ་ལན་སྤྲད་ཡོད།

འབྲུག་དང་རྒྱ་གར། རྒྱ་ནག་གསུམ་གྱི་ས་མཚམས་རྩོད་གླེང་ལ་བརྟེན་ཏེ་ ༡༩༦༢ ལོར་རྒྱ་ནག་གིས་ཧི་མ་ལ་ཡའི་ས་མཚམས་ཁག་ཏུ་བཙན་འཛུལ་བྱས་ཏེ། རྒྱ་གར་མཐའ་སྲུང་དམག་དཔུང་ཕམ་ཉེས་ཆེན་པོ་བཏང་ཡོད་པ་དང་། ལོ་ངོ་ ༥ ཡི་རྗེས་ཏེ་ ༡༩༦༧ ལོར་སླར་ཡང་རྒྱ་དཀར་ནག་གི་མཐའ་སྲུང་དམག་དཔུང་གདོང་ཐུག་བྱུང་ཡོད། ཡིན་ནའང་ ༡༩༦༢ ལོ་དང་མི་འདྲ་བར་ ༡༩༦༧ ལོའི་དམག་འཁྲུག་ཁྲོད་རྒྱ་ནག་གི་མཐའ་སྲུང་དམག་དཔུང་ལ་ཤི་རྨས་ཚབས་ཆེན་ཐེབས་ཡོད། སྐབས་དེར་རྒྱ་དཀར་ནག་བར་རྣ་སྟོད་ལ་ (Nathu La) དང་ཆུ་ལ་ (Cho La)མཐའ་མཚམས་རྩོད་གླེང་བྱུང་བ་རེད།

ད་ལྟ་རྒྱ་ནག་གིས་ལོ་རྒྱུས་རང་བཞིན་ལྡན་པའི་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོར་གནས་སྐོར་དུ་སྐྱོད་མཁན་རྒྱ་གར་བ་མང་པོ་བཀག་སྡོམ་བྱས་ཡོད། གནས་ཆེན་དེ་གཉིས་ལ་དད་མོས་བྱེད་མཁན་ཆོས་ལུགས་ཆེན་པོ་བཞི་ཡོད། དེ་དག་ནི་ཧིན་རྡི་ཆོས་ལུགས་དང་ནང་པའི་ཆོས་ལུགས། ཡེ་ཤུ་ཆོས་ལུགས་དང་། བོད་པའི་བོན་ཆོས་བཅས་ཡིན། མ་ཕམ་གཡུ་མཚོ་ (Manasarovar) ནི་ས་བབ་རྒྱ་མཚོའི་ངོས་ལས་སྨི་ ༤༥༥༧ ཡོད་པའི་འཛམ་གླིང་ས་མཐོའི་ཆུ་བོ་དྭངས་ཤོས་དེ་ཡིན།

ཧིན་རྡི་བ་ཚོས་གངས་རིན་པོ་ཆེ་ (Mount Kailash) ནི་སའི་གོ་ལའི་ཡབ་ཡུམ་ལྷན་ཆེན་དབང་ཕྱུག་ (Shiva)དང་། ལྷ་མོ་ཨུ་མ་ (Uma) གཉིས་ཀྱི་བཞུགས་གནས་ཡིན་པར་ངོས་འཛིན་བྱེད་པ་དང་། ནང་པ་ཚོས་སྟོན་པ་སངས་རྒྱས་ཀྱི་གནས་ཆེན་དུ་མཆོད་བཀུར་བྱེད་པ་མ་ཟད། ཧིན་རྡི་གཙང་པོ་ (Indus) དང་ཡར་ལུང་གཙང་པོ་ (Brahmaputra) ཚུད་པའི་ཨེ་ཤ་ཡའི་ཆུ་ཆེན་བཞིའི་འབྱུང་ཁུངས་ཀྱང་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་གཉིས་ཆགས་ཡོད།

རྒྱ་ནག་གིས་རྒྱ་གར་གྱི་གནས་མཇལ་བ་བཀག་སྡོམ་བྱས་པ་དེས། པེ་ཅིན་གཞུང་གིས་ལྡི་ལི་གཞུང་ལ་བོད་ཐོག་འཛིན་པའི་སྲིད་ཇུས་ལ་བསྐྱར་ཞིབ་དགོས་པའི་དྲན་གསོ་གཏོང་གི་ཡོད། ད་ལྟ་རྒྱ་གར་གྱིས་རྒྱ་ནག་གི་གནོན་ཤུགས་ལ་མ་ལྟོས་པར་བོད་ཀྱི་གནད་དོན་གླེང་སློང་མི་བྱེད་ཐབས་མེད་ཆགས་ཡོང་གི་ཡོད་པ་མ་ཟད། རྒྱ་ནག་གིས་འབྲུག་དང་རྒྱ་གར་གྱི་མཐའ་མཚམས་ཁག་ནི་བོད་དང་འབྲེལ་ཡོད་པ་དང་། བོད་ནི་ལོ་རྒྱུས་ཐོག་རྒྱ་ནག་གི་མངའ་ཁོངས་ཡིན་ལུགས་རྗོད་ཀྱི་ཡོད་སྟབས། རྒྱ་གར་གྱིས་ལོ་རྒྱུས་ཐོག་བོད་རྒྱ་ནག་གི་མངའ་ཁོངས་ཡིན་མིན་རྒྱ་ནག་ལ་དོགས་འདྲི་བྱེད་དགོས་པ་ཆགས་ཡོད།

རྒྱ་ནག་གི་ཆབ་སྲིད་དང་གསང་བའི་དམག་ཇུས་ཀྱི་འཇིགས་སྣང་འོག ད་ལྟ་རྒྱ་ནག་ཨེ་ཤ་ཡ་བརྟན་ལྷིང་མེད་པའི་འབྱུང་རྐྱེན་གཙོ་བོར་འགྱུར་བཞིན་ཡོད། རྒྱ་ནག་གི་གསང་བའི་དམག་ཇུས་ནང་མཐའ་མཚམས་ཁག་ཏུ་གཞུང་ལམ་འཛུགས་སྐྲུན་བྱས་ཏེ་རྒྱལ་ཁབ་གཞན་པའི་ས་ཁོངས་ནང་སིམ་འཛུལ་བྱེད་པར་སྟབས་ཇེ་བདེར་གཏོང་གི་ཡོད། དེ་ནི་རྒྱ་ནག་གིས་ས་མཚམས་ཁག་ཏུ་དམག་དཔུང་གི་རྟེན་གཞི་བཙུགས་ཏེ་མཐའ་མཚམས་བཅད་བཟུང་བྱེད་པའམ། ཡང་ན་བཙན་ཤེད་ལ་བརྟེན་ཏེ་མངའ་ཁོངས་རྒྱ་སྐྱེད་གཏོང་ཐབས་ཤིག་ཡིན།

ས་མཚམས་ཁག་ཏུ་སིམ་འཛུལ་བྱེད་ཐབས་དེ་ནི་མིག་མང་ (དམག་ཇུས་ལ་གོ་དགོས) རྩེད་མོ་གཞིར་བཞག་པ་ཞིག་མིན་པར། དེ་ནི་རྒྱ་ནག་གི་བདེ་འཇགས་དང་རྒྱལ་ཁ་དཀྱིལ་སྙིང་དུ་བཟུང་བའི་ཐབས་ཇུས་ཤིག་ཡིན། རྒྱ་ནག་གི་སྲོལ་རྒྱུན་མིག་མང་རྩེད་མོ་དེ་ཁེ་ཕན་དམིགས་འབེན་དུ་བཟུང་སྟེ་གོ་སྐབས་དང་བསྟུན་ཏེ་ཕ་རོལ་བོར་དྲག་པོའི་བཙན་འཛུལ་བྱེད་རྒྱུ་དེ་ཡིན།

རྒྱ་ནག་གིས་ “དམག་འཐབ་གཡོ་ཇུས་ལ་བརྟེན་དགོས”ཞེས་པའི་གནའ་བོའི་དམག་ཇུས་མཁན་པོ་སུན་ཙི་ (Sun Tzu) ཡི་ལེགས་བཤད་དེ་བེད་སྤྱད་དེ་གསང་བའི་གཡུལ་འཁྲུག་སློང་གི་ཡོད། ཨུ་རུ་སུ་དང་ཁེ་ན་ཌ། ཨ་རིའི་རྗེས་ཀྱི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཨང་བཞི་བར་གྲགས་པའི་རྒྱ་ནག་གིས་འབྲུག་རྒྱལ་ཁབ་ཆུང་ཆུང་ཞིག་གི་མངའ་ཁོངས་བཙན་བཟུང་བྱེད་ཀྱིན་ཡོད་ལ། འབྲུག་རྒྱལ་ཁབ་ཀྱིས་རྒྱ་ནག་གི་བཙན་འཛུལ་ཐབས་ཇུས་དེར་སྐྱོན་བརྗོད་བྱེད་བཞིན་ཡོད།

མ་རྩོམ་གྱི་འབྲེལ་ཐག http://www.japantimes.co.jp/opinion/2017/07/04/commentary/world-commentary/asias-colossus-threatens-tiny-state/#.WV9V8yN95aQ

བསྐྱར་བཅོས།: ༢༠༡༧/༠༧/༡༠

Leave a Reply