ཁྱེད་ཀྱིས་ཨ་ཡཱན་སི་ཐན་གྱི་སྤྱིར་བཏང་མ་ཡིན་པའི་གོམས་གཤིས་ལས་ཅི་ཞིག་སྦྱོང་ཐུབ་བམ།

ཨ་ཡཱན་སི་ཐན་ཉིན་ལྟར་ཆུ་ཚོད་ ༡༠ ལྷག་ལ་གཉིད་ཁུག་པ་དང་རྐང་ཤུབ་གྱོན་སྲོལ་མེད། འདི་ནི་ཤེས་རབ་ཅན་གྱི་མི་ཞིག་ལ་མཚོན་ན་གསང་བ་ཞིག་མ་ཡིན་ནམ།

གྲགས་ཆེ་བའི་གསར་གཏོད་པ་དང་དངོས་ཁམས་ཚན་རིག་པ་ནཱ་ཁོ་ལཱ་ཊེ་སི་ལཱ་ (Nikola Tesla) ཡིས་རྒྱུན་པར་དགོང་མོ་རྐང་པའི་མཛུབ་མོ་རེ་རེ་བཞིན་ཐེངས་བརྒྱ་ལྷག་ལ་འཕུར་མཉེད་བྱས་ཏེ་ལུས་རྩལ་སྦྱོང་གི་ཡོད། རྩོམ་པ་པོ་མཱར་ཇེ་སི་ཧྥིར་(Marc J Seifer)ལགས་ཀྱིས་ལུས་རྩལ་སྦྱོང་བརྡར་དེས་ཡང་སྙིང་ཅི་ཞིག་ལ་ཕན་གྱི་ཡོད་མེད་ཆ་མ་འཚལ་ཞེས་བརྗོད་ཡོད་ཀྱང་། ཊེ་སི་ལཱ་ཡིས་ལུས་རྩལ་དེས་ཀླད་པའི་རྩ་ཕྲན་གྱི་འགུལ་ནུས་ལ་ཕན་སྐོར་བཤད་ཡོད།

དུས་རབས་ཉི་ཤུའི་ནང་གི་ཆེས་བླ་ན་མེད་པའི་གྲངས་རིག་མཁན་པོ་པོལ་ཨེ་ཊོལ་སི་ (Paul Erdos) ལགས་སུ་གཞན་དང་མ་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་ནི་ཁོང་གིས་ཉི་མ་རེར་ཆུ་ཚོད་ ༢༠ ལྷག་ལ་གྲངས་རིག་རྩིས་ནས་སྡོད་ཐུབ་ཀྱི་ཡོད། ཁོའི་གྲོགས་པོ་ཚོས་ཁོ་ནི་ལས་ཀ་མ་བྱས་པར་སྡོད་ཐུབ་མཁན་དེ་མིན་སྟབས། གལ་ཏེ་ཁོས་ཟླ་བ་གཅིག་ལ་གྲངས་རིག་ལས་ཀ་མཚམས་འཇོག་ཐུབ་ན་ཨ་སྒོར་ ༥༠༠ སྤྲོད་ཆོག་ཅེས་ལབ་པར། རྗེས་སུ་ཨེ་ཊོལ་སི་ཡིས་ལས་ཀ་མཚམས་བཞག་པས་རྒྱལ་ཁ་ཁོ་ལ་ཐོབ་ཡོད་ན་ཡང་། ཁོས་གྲོགས་པོར་ངའི་གྲངས་རིག་གི་ལས་ཀ་ཟླ་བ་གཅིག་ལ་རྗེས་ལུས་ཐེབས་སོང་ཞེས་འཁང་ར་བྱས་ཡོད།

ཚན་རིག་པ་ནེ་ཊོན་(Newton) གྱིས་གཉེན་སྒྲིག་སོགས་མ་བྱས་པར་ཚངས་སྤྱོད་ལ་གནས་པའི་ཁེ་ཕན་སྐོར་སྤོབས་པ་ལྡན་པའི་ཐོག་ནས་བཤད་ཡོད། ༡༧༢༧ ལོར་ཁོང་སྐུ་གཤེགས་ཏེ་རང་བྱུང་ཁམས་ལ་གསལ་རྟོག་ངེས་པའི་ཡིག་འབྲུ་ས་ཡ་ ༡༠ ལྷག་ཡོད་པའི་ཟིན་ཐོ་ཞིག་ཤུལ་དུ་བཞག་ཡོད། ཁོང་གིས་ཚངས་སྤྱོད་ལ་གནས་པའི་ཁེ་ཕན་རྟོགས་པ་བཞིན་མི་ཚེ་ཧྲིལ་བོར་དེ་ལྟར་གནས་ཡོད་པ་རེད། (ཊེ་སི་ལཱ་ཡང་ཚངས་སྤྱོད་པ་ཞིག་ཡིན་མོད། རྗེས་སུ་ཁོང་ཕུག་རོན་ཞིག་ལ་བརྩེ་དུང་ཆགས་པར་བཤད།)

འཛམ་གླིང་གི་ཆེས་ཁྱད་དུ་འཕགས་པའི་ཚན་རིག་པ་དང་བསམ་བློ་བ་མང་ཆེ་བ་ཁྱད་མཚར་དང་ཡ་མ་ཟུང་རྐྱང་རྐྱང་ཡིན། (Pythagoras)ཀྱི་( ban on beans)ནས་(Benjamin Franklin)གྱི་(naked ‘air baths)བར་ཁྱད་མཚར་གྱི་གཏམ་རྒྱུད་རྐྱང་རྐྱང་ཡོད་པ་རེད། རླབས་ཆེན་གྱི་ལམ་བུར་སྙེགས་ཚུལ་ལ་བཅོས་ལྷད་མེད་པའི་ཁྱད་པར་ཅན་གྱི་གོམས་གཤིས་ཤིག་ཡོད་དགོས།

འོན་ཀྱང་དེ་དག་ནི་སྣང་ཚུལ་ཙམ་ལས་ཅི་ཞིག་ལ་བདེན་པ་རང་ལས་ནུས་སྟོབས་ཡོད་སོང་བ་ཡིན་ནམ། ཚན་རིག་པ་ཚོས་ཤེས་རབ་ཡོད་མེད་དེ་ང་ཚོས་བསམ་བློ་གཏོང་ཕྱོགས་ལྟར་རིགས་རྒྱུད་ཀྱི་ཁྱད་པར་མིན་པའི་གསལ་རྟོགས་ཇེ་ཆེར་འགྲོ་བཞིན་ཡོད། ཉེ་སྔོན་གྱི་དཔྱད་ཞིབ་གྲུབ་དོན་ལྟར་ན་བྱིས་དུས་ཀྱི་ཀླད་ནུས་བརྒྱ་ཆ་ ༤༠ ལྷག་ཁོར་ཡུག་གིས་བཟོ་བཞིན་ཡོད་པར་བཤད། གང་ལྟར། ང་ཚོའི་ཉིན་རྒྱུན་འཚོ་བའི་ཁྲོད་ཀྱི་གོམས་གཤིས་ཀྱིས་ང་ཚོའི་ཀླད་པར་ནུས་བ་ཁྱད་པར་བ་བཟོ་བཞིན་ཡོད་པ་མ་ཟད། ང་ཚོའི་ཀླད་པའི་འགུལ་ནུས་དང་འགྱུར་ལྡོག་སོགས་ཕྱོགས་མང་པོ་ཞིག་ལ་ཁྱད་པར་བཟོ་བཞིན་ཡོད།

ལོ་རྒྱུས་ཁྲོད་ཀྱི་རླབས་ཆེ་བའི་བསམ་བློ་བ་དག་ལ་སྤྱིར་བཏང་མ་ཡིན་པའི་བསམ་བློ་དང་གོམས་གཤིས་ཤིག་མཉམ་དུ་ཡོད་པ་དེ་ཨ་ཡན་སི་ཐན་(Einstein)རེད། ཅིག་བྱས་ན་ཁོང་གིས་ང་ཚོར་ཀླད་པའི་རྩ་ཕྲན་དག་ལ་རྩལ་སྦྱོང་ཇི་ལྟར་བྱ་དགོས་བ་ཁྲིད་སྟོན་བྱས་ཡོད་ཀྱང་སྲིད། ཨ་ཡན་སི་ཐན་གྱི་གཉིད་ཁུག་སྟངས་དང་ཟ་མ་ཟ་སྟངས། མཐའ་ན་གོན་པ་གྱོན་སྟངས་སོགས་ལས་ང་ཚོར་བསླབ་བྱ་དང་ཁེ་ཕན་ཅི་ཞིག་ལེན་རྒྱུ་ཡོད་དམ།

ཆུ་ཚོད་ ༡༠ ལ་གཉིད་ཁུག་པ་དང་སྐར་ཆ་གཅིག་ལ་གཉིད་ཅོག་རྒྱག་པ།

གཉིད་ཁུག་ན་ང་ཚོའི་ཀླད་པར་ཕན་ནུས་ཡོད་པ་དེ་སྤྱིར་བཏང་གི་རྒྱུན་ཤེས་ཤིག་རེད། ཡིན་ན་ཡང་ཨ་ཡཱན་སི་ཐན་གྱིས་བསླབ་བྱ་དེར་ཧ་ཅང་དོ་སྣང་ཆེན་པོས་ལག་ལེན་བསྟར་བཞིན་ཡོད། ཁོང་ཉིན་གཅིག་ལ་ཡང་ནས་བསྐྱར་དུ་ཆུ་ཆོད་གཅིག་དང་ཕྱེད་ལྷག་བྱས་ཏེ་ཆ་སྙོམས་ཆུ་ཚོད་ ༡༠ ཙམ་ཞིག་ལ་གཉིད་ཁུག་གི་ཡོད། དེང་སྐབས་ཨ་རིའི་མིའི་གཉིད་ཁུག་པའི་ཚད་གཞི་དེ་ཆུ་ཚོད་(6-8)བར་ཡིན། འོན་ཀྱང་། དོན་དངོས་ཐོག་གཉིད་ཉལ་བ་དེས་ང་ཚོའི་བློ་རིག་རྣོ་བོ་བཟོ་ཐུབ་ཀྱི་ཡོད་དམ།

རྩོམ་པ་པོ་རྗོན་སི་ཊན་བྷེ་ཁི་ (John Steinbeck) ལགས་ཀྱིས་བཤད་པ་ལྟར་ན། “ལས་དོན་མ་འགྲུབ་པ་དང་དཀའ་ངལ་འཕྲད་པ་སོགས་བཞག་ནས་དགོང་མོ་གཉིད་ཚད་ལོན་པ་ཞིག་ཁུག་པ་ཡིན་ན་ཕྱི་ཉིན་ལས་དོན་དེ་ལས་སླ་བོར་བསྒྲུབ་ཐུབ་པ་ནི་སྤྱི་ཡོངས་ཀྱི་ཉམས་མྱོང་ཞིག་རེད།”ཅེས་བརྗོད་ཡོད།

འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་ཆེས་རླབས་ཆེ་བའི་གསར་རྙེད་མང་པོ་ཞིག་ཡོད། དཔེར་ན། གྲུབ་རྫས་རེའུ་མིག་(periodic table)དང་། མིའི་རིག་རྒྱུད་ས་བོན་གྲུབ་ཚུལ་(structure of DNA)། དེ་བཞིན། ཨཱ་ཡན་སི་ཐན་གྱི་ལྟོས་གྲུབ་རིག་པའི་རྣམ་གཞག་སོགས་ནི། གསར་གཏོད་མཁན་པོ་དེ་དག་ལ་ནམ་རྒྱུན་གྱི་དྲན་ཤེས་མེད་སྐབས་དང་། གཉིད་ཁུག་པའི་སྐབས་སོགས་སུ་རྟོག་སད་བྱུང་བ་དང་དྲན་པ་རྐྱང་ཡིན་ལ། ཨཱ་ཡན་སི་ཏན་གྱིས་ཀྱང་རྨི་ལམ་དུ་བ་གླང་དག་གློག་འཁྱུད་ནས་གསོད་བཞིན་པ་རྨིས་པའི་སྐབས་ཤིག་ལ་དྲན་པ་ཡིན་ཚུལ་བཤད་ཀྱང་དེ་ནི་དོན་དངོས་སུ་བདེན་པ་ཡིན་ནམ།

༢༠༠༤ ལོར་ཚན་རིག་པ་ཚོས་འཇར་མན་ལུ་བྷེ་ཁི་ (Lubeck) གཙུག་ལག་སློབ་གྲྭར་བརྟག་དཔྱད་སྟབས་བདེ་ཞིག་བྱས་ཡོད། ཁོ་ཚོས་ཐོག་མ་སློབ་མ་དག་ལ་གྲངས་ཀའི་རྩེད་མོ་ཞིག་ལ་སྦྱོང་བརྡར་སྤྲད་པ་དང་། རྩེད་མོ་དེ་བློར་ངེས་རྗེས་ཆུ་ཚོད་ ༨ ལྷག་ལ་བསྐྱར་དུ་ཚོད་ལྟ་བྱས་པར། སློབ་ཕྲུག་གཉིད་ཁུག་བཅུག་པ་དང་མ་བཅུག་པའི་བར་བརྡབ་གཉིས་ཀྱི་ཁྱད་པར་ཤོར་ཏེ་གཉིད་ཁུག་པ་རྣམས་བློ་རིག་གསལ་བ་ར་སྤྲོད་བྱུང་ཡོད།

ང་ཚོ་གཉིད་ཁུག་པའི་སྐབས་སུ་ཀླད་པའི་འཁོར་སྐྱོད་དེ་གཉིད་ཡང་མོའི་ནང་དུ་སྐར་མ་ ༩༠ ནས་ ༡༢༠ བར་དུ་རེ་མོས་བྱས་ཏེ་འཕེལ་འགྲིབ་འགྲོ་བཞིན་ཡོད། རྨི་ལམ་རྨིས་པ་དེ་མིག་གི་འཁྱུག་སྡེབ་སྐབས་དང་གཉིད་ལྕི་མོའི་འཕེལ་རིམ་བར་ནས་ཡོང་གི་ཡོད། མིག་འཁྱུག་ལྡེབ་ཀྱིས་ང་ཚོའི་དྲན་ཤེས་ལ་ཕྱོགས་སྟོན་བྱེད་ཀྱིན་ཡོད། འོན་ཀྱང་ཚང་མ་དེ་ལྟར་ཡིན་པའི་ངེས་པའང་མེད། མིག་འཁྱུག་ལྡེབ་མི་བྱེད་པར་གཉིད་ཁུག་པ་དེ་ཅུང་ཙམ་ལྐོག་གྱུར་ཞིག་རེད། འོན་ཀྱང་ང་ཚོས་གཉིད་ཀྱི་བརྒྱ་ཆ་ ༦༠ ལྷག་འདི་རིགས་ཐོག་གཏོང་གི་ཡོད། ཨོ་ཏ་ཝ་ (Ottawa) གཙུག་ལག་སློབ་གཉེར་ཁང་གི་ཀླད་རྩའི་ཚན་རིག་པ་(Stuart Fogel)ལགས་ཀྱིས་དེ་ལྟར་བརྗོད་ཡོད།

མིག་འཁྱུག་ལྡེབ་མི་བྱེད་པར་གཉིད་ཁུག་པ་དེ་ཀླད་པའི་འགུལ་ནུས་ཧ་ཅང་སྐྱེན་པོ་ཡོད་པ་དང་། གཉིད་ཀྱི་ཚད་གཞི་འཕར་བའི་མགྱོགས་ཚད་སོགས་ཀྱིས་ཡིན། རྒྱུ་མཚན་གཉིད་ཀྱི་ཚད་རིམ་འཕར་བའི་གཟུགས་དེ་རྦ་རླབས་ལྟར་གཡོ་འཁྱོམ་ཅན་ཞིག་རེད། ནམ་རྒྱུན་གཉིད་ཁུག་པའི་དུས་སུ་སྐར་ཆ་གཅིག་གི་ནང་དུ་མགོ་ནས་མཇུག་བར་གཉིད་ཀྱི་ཚད་གཞི་འཕར་ཚད་སྟོང་ཕྲག་ལྷག་བྱེད་ཀྱི་ཡོད། དེ་ནི་གཉིད་ཀྱི་ཚད་རིམ་གྱི་སྒོ་གཙོ་བོ་ཡིན་སྟབས། ཁྱོད་རང་གཉིད་ག་ཚོད་ཁུག་ན་དེ་ཙམ་གྱིས་ཁྱོད་ལ་ཀླད་པའི་ཕང་འཁོར་མང་པ་འཁོར་སྐྱོད་བྱེད་ཀྱིན་ཡོད།

སུ་ཞིག་གིས་ཀླད་པའི་ཕང་འཁོར་ཚད་གཞི་མང་པོ་བྱེད་ཀྱི་ཡོད་ན་དེ་ལ་ཀླད་པའི་རྩ་ཕྲན་གྱི་ནུས་པ་ཆེ་བ་དང་། གནད་དོན་གང་ཞིག་ཤེས་སླ་བའི་ནུས་པ་ཡོད་པ་མ་ཟད། དཀའ་གནད་གསར་བ་གྲོལ་བའི་ནུས་པའང་ཆེ་བ་ཡོད། ཨ་ཡན་སི་ཐན་ལ་མཚོན་ན་དེ་ལྟ་བུའི་རྩོལ་བ་ཆེན་པོ་ལྡན་སྟབས། ཁོའི་ཤེས་ནུས་གཞན་ལས་མ་འདྲ་བ་ཡིན། དྲན་ཤེས་བརྟན་པ་དང་གནད་དོན་གང་ཞིག་ལ་བློ་རྩེ་གཅིག་ཏུ་བསྒྲིམ་ཐུབ་པ་རེད། དེའི་རྐྱེན་གྱིས་ཨ་ཡན་སི་ཐན་གྱིས་ཤེས་ཡོན་ལམ་ལུགས་སྐོར་ལ་སྐད་ཆ་བཤད་སྐབས། “ཁྱེད་ཀྱིས་དུས་ནམ་ཡང་རང་གིས་ལྟ་ཐུབ་པ་གང་ཞིག་གཏན་ནས་ངག་ཐོག་ལ་མ་འཛིན་རོགས།”ཞེས་རྗོད་ཀྱི་ཡོད།

གཉིད་ག་ཚོད་མང་པོ་ཁུག་ན་ཀླད་པའི་ཕང་འཁོར་གྱི་ཚད་གཞི་དེ་ཙམ་མང་པོ་ཡོད་པ་རེད་ཟེར་བ་ལྟར། གཉིད་མང་པོ་ཁུག་ན་ཚང་མར་ཕན་པའི་ངེས་པའང་མེད། དེ་ནི་ཁྱིམ་བྱ་དང་སྒོང་ངའི་གཏམ་རྒྱུད་ལྟར་མི་ཁ་ཤས་ཀྱིས་སྔོན་ནས་ཕང་འཁོར་ཚད་གཞི་མང་པོ་ཡོད་པས་ཤེས་རབ་མྱུར་པོ་ཡོད་པ་རེད། དེས་ན་ཕང་འཁོར་ཚད་གཞི་མང་པོ་ཡོད་ན་ཤེས་རབ་སྐྱེན་པོ་ཡོད་པ་རེད་དམ་ཟེར་ན། རྩོད་གཞི་དེ་མུ་མཐུད་འགྲོ་བཞིན་པ་ཞིག་ཡིན་ན་ཡང་ཉེ་བའི་ཆར་རྟག་དཔྱད་གྲུབ་དོན་སྟར་ན། ཕང་འཁོར་དེ་བུད་མེད་ཚོའི་མཚན་མོའི་གཉིད་ཀྱི་ནང་དུ་ཡོད་པ་དང་སྐྱེས་པ་ཚོའི་ངལ་གསོའི་གཉིད་ཀྱི་ནང་དུ་ཡོད་པ་ར་སྤྲོད་བྱུང་ཡོད།

ཨ་ཡན་སི་ཐན་ལ་མཚོན་ན། རྟག་པར་ངལ་གསོའི་གཉིད་ཅོག་རྒྱག་གི་ཡོད་ཀྱང་། ངལ་གསོའི་གཉིད་ཅོག་ཚད་ལས་བརྒལ་བ་བྱེད་ཀྱི་མེད། ཁོའི་ལག་ནང་གི་ཟ་མའི་སྡེར་མ་དང་ལྕགས་ཀྱི་ཐུར་མ་སོགས་འོག་ཏུ་བཞག་ནས་རྐུབ་སྟེགས་ལ་བསྙེས་ཏེ་ཁ་ཐུག་གིས་ངལ་གསོ་བྱེད་པ་དང་། ཡིད་ཙམ་དང་སྐར་ཆ་གཅིག་ཙམ་ཞིག་གི་ནང་དུ་ཐུར་མ་མར་ལྷུང་ནས་སྡེར་མའི་ངོས་སུ་བརྡབ་པའི་སྐད་སྒྲས་ཁོ་གཉིད་ལས་སློང་གི་ཡོད།

ཉིན་རྒྱུན་གོམ་བགྲོད་བྱེད་པ།

ཨཱ་ཡན་སི་ཐན་གྱི་ཉིན་རེའི་གོམས་བགྲོད་བྱེད་སྟངས་དེ་ཧང་སང་དགོས་པ་ཞིག་ཡིན། ཁོང་གིས་ཨ་རིའི་ནེའུ་ཇིར་སི་(New Jersey)ཡི་ཕི་རན་སི་ཊོན་གཙུག་ལག་སློབ་གྲྭ་(Princeton University)རུ་ཕྱག་ལས་གནང་སྐབས། ཁོང་གིས་རིང་ཚད་སྤྱི་ལེ་གཅིག་དང་ཕྱེད་ལྷག་ལ་ཕར་གོམ་བགྲོད་བྱས་ཏེ་ཕྱིར་ལོག་གི་ཡོད་པ་དང་། ཁོང་གིས་མི་གཞན་པའི་རྐང་རྗེས་དེད་ནས་གོམ་བགྲོད་ལ་ཞུགས་ཀྱིན་ཡོད། དེའི་གྲས་སུ་ཚན་རིག་པ་ཏར་ཝིན་(Darwin)ཡང་ཚུད་ཀྱི་ཡོད། ཏར་ཝིན་ལ་མཚོན་ན་ཉིན་རེར་ཆུ་ཚོད་གསུམ་དང་སྐར་མ་བཞི་བཅུ་ཞེ་ལྔ་ལྷག་ལ་གོམ་བགྲོད་ལུས་སྤྱོང་བྱེད་ཀྱིན་ཡོད།

དེ་ནི་ཁོང་ཚོས་གཟུགས་པོ་སྐམ་པོ་དང་བཟོ་ལྟ་དོད་ཆེད་མིན་པར། རྐང་བགྲོད་བྱས་ན་ཁོ་ཚོས་དྲན་ཤེས་གསལ་བོ་དང་དཀའ་གནད་གྲོལ་བའི་ནུས་པ་ཆེ་བ་ཡོད་པ་དང་། མ་མཐར་ཡང་བསམ་གཞིགས་བྱེད་པར་ཕྱི་རོལ་དུ་གོམ་བགྲོད་ལུས་སྦྱོང་བྱེད་པ་ཡག་ཤོས་ཡིན། གལ་སྲིད་ཉིད་ཀྱིས་དེའི་རྒྱུ་མཚན་གང་ཡིན་སྐོར་ལ་བསམ་གཞིག་བྱས་ཀྱང་། ཁྱོད་ལ་ཚོར་སྣང་ཆེན་པོ་ཞིག་མི་སྤྲོད་མོད། གོམ་བགྲོད་ཀྱིས་ཀླད་པའི་བྱེད་ལས་མང་པོ་ཞིག་གཡེང་དུ་མི་འཇུག་པར། རྐང་པ་བརྗེ་སྤོར་གྱི་བར་ལ་དོ་སྣང་སྤྲད་དེ་འགྲོ་བ་དེས་ཀླད་པའི་ཕྱོགས་གཉིས་སུ་གཞི་རྩའི་སྦྱོང་བརྡར་བྱེད་བཞིན་ཡོད་སྟབས། དེ་ཡིས་ང་ཚོས་དྲན་ཤེས་དང་རྣམ་དཔྱོད་ཀྱི་འགྲོས་ལ་ཕན་ཐོགས་ཆེན་པོ་ཡོང་གི་ཡོད།

སི་པ་གྷེ་ཏི་(SPAGHETTI)ཐུག་པ་ཟ་བ།

དེ་ན་ཤེས་རབ་ཅན་དག་གིས་ཟ་མ་ཅི་ཞིག་ཟ་བ་རེད། ཨ་ཡན་སི་ཐན་གྱི་ཆེས་སྤྱིར་བཏང་མ་ཡིན་པའི་བློ་རིག་དེ་རྒྱུ་རྐྱེན་གང་ལ་བརྟེན་ཏེ་བྱུང་བ་གསལ་བོ་མ་ངེས་མོད། འོན་ཀྱང་མི་མང་པོ་ཞིག་གིས་དེ་ནི་སི་པ་གྷེ་ཐུག་པ་ཡིན་པའི་དོགས་སློང་བྱེད་བཞིན་ཡོད། ཁོང་གིས་སྔོན་མ་ཞིག་ལ་རྩེད་མཚར་དང་མཉམ་དུ་ཁོ་རང་གི་བྱ་དངོས་ཆེས་དགའ་ཤོས་ཨི་ཊ་ལི་(Italy)ཡི་སི་པ་གྷེ་ཐུག་པ་དང་ལོ་ཝེ་ཁཱ་ཝེ་ཏཱ་ (Levi-Civita) གྲངས་རྩིས་གཉིས་ཡིན་སྐོར་བརྗོད་ཡོད། དེར་བརྟེན། ང་ཚོས་དེ་དག་ཅི་ཞིག་ཡིན་པར་བལྟ་དགོས།

ཡང་རླུང་ནི་ང་ཚོའི་འཕྲོད་བསྟེན་ལ་གནོད་སྐྱོན་ཅན་ཞིག་ཡིན་མོད། ཨ་ཡན་སི་ཐན་དུས་རྒྱུན་དེ་དང་མཉམ་དུ་ཡོད། ཀླད་པ་ནི་ང་ཚོའི་གཟུགས་པོའི་ཆ་ཤས་ཀུན་ལས་ཟས་བཅུད་འཐེན་མཁན་ཤུགས་ཆེ་ཤོས་ཤིག་ཡིན་ལ། ང་ཚོའི་གཟུགས་པོའི་ཟས་བཅུད་ལས་བརྒྱ་ཆ་ ༢༠ དེ་ཀླད་པའི་ལེན་གྱི་ཡོད་མོད། འོན་ཀྱང་། ཀླད་པའི་ལྗིད་ཚད་ཆེ་ཆུང་ལ་བརྒྱ་ཆ་ ༢ ཙམ་ལས་མེད། (ཨ་ཡན་སི་ཐན་གྱི་ཀླད་པས་དེ་ལས་ཀྱང་ཉུང་བ་ལེན་གྱི་ཡོད་སྲིད། གང་ཡིན་ཟེར་ན། ཁོང་གི་ཀླད་པའི་ལྗིད་ཚད་དེ་སྤྱིར་བཏིང་གི་མིའི་ཀླད་པའི་ལྗི་ཚད་ ༡,༤༠༠g དང་བསྡུར་ན། ཁོང་གི་ཀླད་པའི་ལྗིད་ཚད་ལ་ ༡.༢༣༠g ལས་མེད།) ནམ་རྒྱུན་ང་ཚོའི་ཀླད་པས་འཇུ་སླ་བའི་ཟས་རིགས་ཡག་ཤོས་དེ་མངར་ཟས་ཡིན་པ་དང་། ཟས་བཅུད་དེ་དག་ནི་གཙོ་བོ་ཡང་རླུང་ལས་ཡོང་གི་ཡོད་ཅིང་། ཀླད་པའི་དབང་རྩའི་ཕྲ་ཕུང་དག་གིས་མངར་རྫས་མ་རྫོགས་བར་དུ་ཟས་བཅུད་ལེན་གྱི་མེད།

ཀླད་པ་ལ་ཟས་བཅུད་ཉར་ཚགས་བྱེད་སའི་སྣོད་མེད་སྟབས། མངར་རྫས་ཁྲག་རིགས་གི་ཚད་གཞི་མར་ཆགས་པ་ཡིན་ན། ཀླད་པའི་འགུལ་ནུས་ཇེ་ཆུང་དུ་འགྲོ་བཞིན་ཡོད་ནའང་གཟུགས་པོས་ཟས་བཅུད་རིགས་མཁོ་འདོན་བྱེད་བཞིན་ཡོད། འོན་ཀྱང་དེ་དག་གིས་ཀླད་པར་གནོད་སྐྱོན་བཟོ་བཞིན་ཡོད་པ་རེད་ཅེས་རཱོ་ཧཱམ་ཊོན་ (University of Roehampton) སེམས་ཁམས་གཙུག་ལག་སློབ་གཉེར་ཁང་གི་སེམས་ཁམས་རིག་པའི་སློབ་དཔོན་(Leigh Gibson)ལགས་ཀྱིས་བརྗོད་ཡོད།

དེ་བཞིན། མཚམས་རེར་ང་ཚོས་དགོང་ཟས་མ་ཟས་ན་མགོ་ཡི་འཁོར་བ་དང་མགོ་མི་བདེ་བའི་ཚོར་བ་འབྱུང་མོད། ཞིབ་འཇུག་པ་ཞིག་གིས་དཔྱད་ཞིབ་གྲུབ་དོན་ལྟར་ན། ཡང་རླུང་གི་ཟས་བཅུད་ཉུང་བའི་ཟ་མ་དེ་འཇུ་བའི་དུས་ཚོད་འགོར་བར་བཤད། འོན་ཀྱང་། དེ་ཡི་ཚད་ད་དུང་ཡུན་ཐུང་ཐུང་ཞིག་གི་ནང་དུ་ཡིན་པ་དང་། བདུན་གཅིག་གཉིས་ཀྱི་རྗེས་སུ་ཀླད་པས་རྫས་གཞན་དག་ལས་བཅུད་ལེན་གྱི་ཡོད་པ་རེད། དཔེར་ན། སྤྲི་དཀར་གྱི་རྫས་ལྟ་བུ་ལེན་གྱི་ཡོད་པ་རེད།

མངར་ཟས་ཀྱིས་ཀླད་པར་ནུས་པ་ཆེན་པོ་སྤྲོད་ཀྱི་ཡོད་ཀྱང་། སི་པ་གྷེ་ཊི་དེ་ཟ་བ་དེ་ཡག་པོ་ཞིག་རེད་ཅེས་བཤད་དཀའ། སྤྱིར་ཡང་རླུང་གི་ཚད་གཞི་དེ་ 25g ལྷག་ཅིག་ང་ཚོའི་གཟུགས་པོར་ཕན་ཆ་ཡོད་པར་བཤད་མོད། དེ་ལས་ལྡབ་མང་པ་ཟས་ན་ཀླད་པའི་འགུལ་ནུས་དང་བསམ་བློའི་འགུལ་ནུས་ལ་ཕན་པའི་ངེས་པ་མེད་ཅེས་གྷེབ་སོན་(Gibson) ལགས་ཀྱིས་བརྗོད་ཡོད།

སྦུ་གུའི་ཐ་མག་འཐེན་པ།

ད་ལྟའི་དུས་འདིར་འཕྲོད་བསྟེན་ལ་ཐ་མག་གིས་གནོད་སྐྱོན་འབྱུང་གི་ཡོད་པ་ནི་རྒྱུན་ཤེས་སམ་མི་ཀུན་གྱི་སེམས་ལ་ངེས་པ་ཞིག་རེད། དེར་བརྟེན། བསམ་བློ་ཡག་པོ་གཏོང་ཤེས་པའི་སྒང་ནས་གོམས་སྲོལ་དེ་དག་གི་རྗེས་སུ་མ་སོང་ན་ཡག་པོ་ཡོད། ཨཱ་ཡན་སི་ཐན་ནི་སྦུ་གུ་བརྒྱུད་ནས་ཐ་མག་འཐེན་མཁན་ཡིན་པ་དང་། ཁོང་གི་མཐའ་འཁོར་ཡོད་ཚད་ནམ་རྒྱུན་དུད་སྨུག་གིས་ཁེངས་ཡོད་ལ། དེས་ཁོང་ལ་ལྟོས་གྲུབ་རིག་པའི་རྣམ་གཞག་འགྲུབ་པར་རོགས་རམ་ཡང་བྱས་ཡོད། ཁོང་ནི་ཐ་མག་འཐེན་རྒྱུར་དགའ་བར་སྐད་གྲགས་ཡོད་པ་མ་ཟད། དེས་ཁོ་ལ་ཕན་པ་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། མཐའ་ན་མཚམས་རེར་ཁོས་སྲང་ལམ་གྱི་དུད་སྙིགས་སྒྲུག་ནས་ཁོ་རང་གི་སྦུ་གུའི་ནང་འཐེན་གྱི་ཡོད་པར་བཤད།

དངོས་ནས་བྱས་ན་དེ་ནི་ཤེས་རབ་ཅན་གྱི་སྐྱེས་བུ་ཞིག་གི་བྱ་སྤྱོད་ཡིན་ནམ། འོན་ཀྱང་། ཐ་མག་འཐེན་པ་དེས་གློ་བའི་སྐྲན་ནད་དང་ནད་རིགས་གཞན་མང་པོ་ཞིག་ཡོང་གི་ཡོད་པ་ ༡༩༤༠ ལོའི་བར་ཤེས་རྟོགས་བྱུང་མེད་ལ། ཨཱ་ཡན་སི་ཐན་སྐུ་གྲོངས་ཏེ་ལོ་ངོ་བདུན་གྱི་རྗེས་ཏེ་ ༡༩༦༢ ལོའི་བར་ཐ་མག་གི་གནོན་སྐྱོན་སྐོར་རྒྱ་ཁྱབ་ཏུ་བསྒྲགས་མེད།

དེང་སྐབས་ཐ་མག་གི་གནོད་སྐྱོན་གང་ཡོད་སྐོར་ལ་གསལ་ཆ་མེད་མཁན་ཧ་ལམ་མེད། ཐ་མག་འཐེན་པ་དེས་ཀླད་རྩའི་གྲུབ་ཆར་གནོད་སྐྱོན་བཟོ་བཞིན་ཡོད། རྩ་ཕྲན་དེ་དག་ཀླད་པའི་སྤྱི་བོ་དང་འབྲེལ་ནས་ཡོད་ལ་དེས་ང་ཚོའི་དྲན་ཤེས་ལ་སྟངས་འཛིན་བྱེད་ཀྱི་ཡོད། དེ་བཞིན། ཀླད་པར་སྲོག་རླུང་མེད་པ་སོགས་གནོད་སྐྱོན་འབྱུང་གི་ཡོད། དྲང་མོར་བཤད་ན། ཨཱ་ཡན་སི་ཐན་ལ་གོམས་གཤིས་འདི་དག་ཡོད་སྟབས། སྤྱང་གྲུང་ལྡན་པ་ཞིག་ཆགས་པ་རེད་དམ་ཟེར་ན། རྒྱུ་མཚན་དེ་ཁོ་ནའང་མིན།

ཆེས་མཇུག་མཐར་ལྐོག་གྱུར་གྱི་སྐད་ཆ་ཞིག་བཤད་རྒྱུ་ཡོད་པ་ནི། ཨ་རིའི་བྱིས་པ་ ༢༠.༠༠༠ ལྷག་གི་ལོ་ཚད་དང་མི་རིགས། ཤེས་ཡོན་སློབ་གསོའི་རྒྱབ་ལྗོངས་སོགས་ལ་མ་ལྟོས་པར། ཁོ་ཚོའི་འཕྲོད་བསྟེན་དང་གོམས་གཤིས་གཙོ་བོར་བཟུང་ནས་ལོ་ ༡༥ རིང་བརྟག་དཔྱད་ཞིབ་འཇུག་བྱས་མཐར། ཆེས་སྤྱང་གྲུང་ལྡན་པའི་བྱིས་པ་ནི་ཐ་མག་འཐེན་ནས་འཚར་ལོངས་བྱུང་བ་དག་ཡིན་པར་བཤད། ཚན་རིག་པ་ཚོས་འདི་ནི་རྒྱུ་མཚན་ཅིའི་ཕྱིར་ཡིན་པ་ད་དུང་གསལ་ཁ་ཆོད་མེད་ཀྱང་། གཡོ་ཟོལ་གྱིས་དེ་དག་བདེན་པ་མིན་པར་རྗོད་བཞིན་ཡོད།

རྐང་ཤུབ་གྱོན་སྲོལ་མེད།

ཨཱ་ཡན་སི་ཐན་ཆུང་དུས་རང་གི་སྤུན་མཆེད་དང་ཆུང་མ་ཨེལ་སཱ་(Elsa)གཉིས་ལ་འཕྲིན་ཡིག་ཅིག་བསྐུར་བའི་ནང་། “ངས་རྐང་མཛུབ་ཆེན་པོ་དག་གིས་ནམ་རྒྱུན་རྐང་ཤུབ་རལ་ནས་མཛུབ་མོ་དག་ཕྱི་ལ་འཐོན་འདུག་པས་ངས་རྐང་ཤུབ་གྱོན་རྒྱུ་མཚམས་འཇོག་བྱས་པ་ཡིན།” ཞེས་འཁོད་ཡོད་པ་མ་ཟད། ཁོས་ཐེངས་ཤིག་རང་གི་སྒྲོག་ལྷམ་ལྟ་བུ་ཞིག་ཡོད་པ་དེ་མ་རྙེད་སྟབས་དེའི་ཚབ་ཏུ་རང་གི་བཟའ་ཟླ་ཨེལ་སཱ་ཡི་ལྷམ་གྱོན་ཏེ་ཕྱིན་པའི་བཤད་སྲོལ་ཡང་ཡོད།

ད་ལྟ་དུས་ཚོད་འགྱུར་ཏེ་ཨཱ་ཡན་སི་ཐན་གྱི་སྤྱོད་སྟངས་ལ་དགའ་མཁན་ཕལ་ཆེར་མེད། ཡིན་ན་ཡང་འགྱོད་སེམས་སྐྱེ་དགོས་པ་ཞིག་ལ་སུ་ཞིག་གིས་ཨཱ་ཡན་སི་ཐན་གྱིས་རྐང་ཤུབ་མི་གྱོན་པའི་ཤུགས་རྐྱེན་སྐོར་ལ་ཞིབ་མཇུག་བྱས་མེད། ད་ལྟ་གྱོན་ཆས་རིགས་སྟབས་བདེ་ཅན་དུ་འགྱུར་བ་ཕྱིན་ཡོད་སྟབས། ཨ་ཡན་སི་ཐན་གྱི་གནས་སྟངས་དེ་ཡག་པོ་ཞིག་མ་ཡིན་པར་འཚོ་བ་སྐྱོ་བོ་རོལ་མཁན་ཚོའི་བྱེད་སྟངས་ཤིག་ཏུ་ངོས་འཛིན་བྱེད་སྲིད་མོད། འོན་ཀྱང་། མཐའ་མ་དེར་ང་ཚོས་ཨ་ཡན་སི་ཐན་མི་སྒེར་གྱི་ངོས་ནས་བསླབ་བྱ་ཅི་ཞིག་ལེན་རྒྱུ་ཡོད་དམ། “ཆེས་གལ་ཆེ་བ་ནི་དུས་ནམ་ཡང་དྲི་བ་འདོན་རྒྱུ་རྩ་བ་ནས་མཚམས་མ་འཇོག་རོགས། ང་ཚོར་དགོས་པའི་རྒྱུ་མཚན་དང་དྲིས་ལན་མང་པོ་ཞིག་ཤེས་འདོད་ཀྱི་མཚར་སྣང་ཁོ་ནའི་ནང་ནས་རྙེད་ཐུབ་པ་རེད།”ཅེས་ཁོང་གིས་ ༡༩༥༥ ལོའི་མི་ཚེའི་དུས་དེབ་ཀྱི་བཅར་འདྲི་ཞིག་གི་ལན་དུ་བརྗོད་ཡོད།

མ་ཡིག་འབྲེལ་ཐག http://www.bbc.com/future/story/20170612-what-you-can-learn-from-einsteins-quirky-habits

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༧/༡༠

Leave a Reply

One thought on “ཁྱེད་ཀྱིས་ཨ་ཡཱན་སི་ཐན་གྱི་སྤྱིར་བཏང་མ་ཡིན་པའི་གོམས་གཤིས་ལས་ཅི་ཞིག་སྦྱོང་ཐུབ་བམ།

  1. སློབ་གྲོགས་ཁོང་གི་རྣམ་དཔྱོད་དང་ཧུར་བརྩོན་བླ་ན་མེད་པའི་གཤིས་ཀ་དེས་ང་ཚོར་སྤོབས་པ་སྩོལ་མྱོང་། ཁོང་གི་བློ་རིག་གི་མངའ་ཐང་སྔར་བཞིན་རྒྱས་བཞིན་པར་སེམས་ནས་དགའ་ཡོད།