སྤང་གོང་མཚོ་ཁར་རྒྱལ་དར་བསྒྲེངས་པ་ཆབ་སྲིད་གནད་དོན་ཆགས།

རྒྱ་གར་ཁོན་ཊི་གསར་ཁང་གིས་ ༢༠༡༧།༧།༡༠ ཉིན་སྤེལ། ད་ལྟའི་ཆར་རྒྱ་དཀར་ནག་གཉིས་ས་མཚམས་རྩོད་རྙོག་བྱུང་སྟེ་འབྲོག་ལམ་ཁུལ་དུ་མཐའ་སྲུང་དམག་གི་གདོང་ཐུག་ཡང་ཡང་རྒྱག་བཞིན་པའི་སྐབས་འདིར། གསར་འགྱུར་བརྒྱུད་ལམ་ཁག་ཏུ་དྷ་རམ་ས་ལའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ཡིས་ཕྱི་ཟླ་ ༧ པའི་ཚེས་ ༥ ཉིན་ལ་དྭགས་བྱང་ཐང་སྤང་གོང་མཚོའི་འགྲམ་དུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད།

སྤང་གོང་མཚོ་ནི་ཕྱོགས་གཅིག་བོད་དང་ཕྱོགས་གཅིག་ལ་དྭགས་སུ་འཁེལ་ཡོད་པ་དང་། ད་ལྟའི་ཆར་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་གཙོ་གནད་ཅིག་ཆགས་ཡོད་པ་རེད། སྤང་གོང་མཚོ་ཁ་ནས་ཕར་ངོས་བོད་ཀྱི་ས་ཆ་མཐོང་ཐུབ་པ་དང་། སྲིད་སྐྱོང་བློ་བཟང་སེང་གེ་ཡིས་ “ད་ལྟ་ང་ལངས་སྡོད་སའི་མཚོ་ཁ་འདིར་ཕྱི་ཚུལ་གྱི་ཆ་ནས་བོད་ནང་གི་བོད་མི་ཚོ་དང་ཁ་ཐག་ཉེ་བོ་ཡོད་ན་ཡང་། བོད་ནང་གི་ཆབ་སྲིད་གནས་སྟངས་ཐད་ནས་ཁོ་ཚོ་དང་ཁ་ཐག་ཧ་ཅང་རིང་བོ་ཡིན་པ་རེད།” ཅེས་བརྗོད་འདུག

གནས་སྟངས་དེར་རྒྱ་གར་གྱི་གསར་ལམ་ཁག་ཏུ་རྩོད་གླེང་ཞིག་ཡོང་གི་ཡོད་པ་དང་། ཁ་སང་བཟའ་ཉི་མའི་ཉིན་རྒྱ་གར་གྱི་( The Wire)གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། “འདི་ནི་གནད་དོན་ཆེན་པོ་ཞིག་ཡིན་པ་དང་། ལྷག་པར་དུ་ཆབ་སྲིད་ཀྱི་ཚོར་ཤུགས་ཆེ་བའི་ས་ཆ་དེར་ཐོག་དང་པོ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་པ་ནི་ཆབ་སྲིད་ཀྱི་མཚོན་དོན་གནད་འགག་ཅན་ཞིག་ཆགས་ཡོད།” ཅེས་བརྗོད་ཡོད་པ་རེད། དེ་བཞིན་དུས་ཚོད་ཀྱི་ཆ་ནས་རྒྱ་དཀར་ནག་གཉིས་ཀྱིས་འབྲོག་ལམ་དང་འབྲས་ལྗོངས་ས་ཁུལ་དུ་གདོང་ཐུག་ཡང་ཡང་རྒྱག་གི་ཡོད་པའི་སྐབས་འདིར་བོད་ཀྱི་སྲིད་སྐྱོང་གིས་ས་མཚམས་ལ་རྒྱལ་དར་བསྒྲེངས་འཛུགས་ཀྱི་གནད་དོན་ནི་ཆབ་སྲིད་ཀྱི་རྣམ་འགྱུར་ཆེན་པོ་ཞིག་ཡིན་ཚུལ་བརྗོད་ཡོད་པ་རེད།

༧གོང་ས་ཏཱ་ལའི་བླ་མ་མཆོག་གི་འཁྲུངས་སྐར་དང་བསྟུན་ཏེ་སྲིད་སྐྱོང་བློ་བཟང་སེང་གེ་ཡིས་སྤང་གོང་མཚོ་ནང་དུ་ཕྱག་ནས་གཏོར་བ་དང་ཆོས་དར་བསྒྲེངས་འཛུགས། དེ་བཞིན་གསོལ་བ་སྨོན་ལམ་འདེབས་པ་བཅས་ཀྱི་བྱེད་སྒོ་ཞིག་མཚོ་ཁར་ཚོགས་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་རྒྱ་གར་( The Wire)གསར་ཁང་ལ་ “འདི་ནི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་དྭགས་སུ་ལྟ་སྐོར་དུ་ཕེབས་པ་ཐེངས་དང་པོ་ཡིན་པ་དང་། དེར་བརྟེན། ཁོང་གིས་ཐེངས་དང་པོར་མཚོ་ཁར་བོད་ཀྱི་རྒྱལ་དར་དང་ཆོས་དར་ཁོང་རང་ཉིད་ཀྱིས་བསྒྲེངས་འཛུགས་བྱས་ཡོད་པ་རེད།” ཅེས་བརྗོད་ཡོད་འདུག

ཡིན་ན་ཡང་། ཁ་སང་གཟའ་ཉི་མའི་ཕྱི་དྲོར་བོད་མིའི་སྒྲིག་འཛུགས་དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་ཟླ་སྒྲོན་ལགས་ཀྱིས་(The Wire)གསར་ཁང་ལ་བོད་ཀྱི་རྒྱལ་དར་དེ་སྲིད་སྐྱོང་གིས་བསྒྲེངས་འཛུགས་བྱས་པ་མིན་སྐོར་བརྗོད་ཡོད་པ་དང་། ཁོ་མོས་ “པར་ནང་དུ་མཐོང་བའི་བོད་ཀྱི་རྒྱལ་དར་དེ་སྲིད་སྐྱོང་བློ་བཟང་སེང་གེ་ཡིས་བསྒྲེངས་འཛུགས་བྱས་པ་མ་ཡིན་པར་སྤང་གོང་མཚོ་ཁར་ཡོད་པའི་བོད་པའི་གཞིས་ཆགས་ཀྱི་མི་ཚོས་བསྒྲེངས་པ་ཡིན་ཞིང་། དེ་གའི་རྒྱལ་དར་དེ་ཕྱི་ལོ་ ༡༩༨༩ ཟླ་ ༡༢ པའི་ཚེས་ ༡༠ ཉིན་ནས་ཡོད་པ་རེད།” ཅེས་བརྗོད་ཡོད་འདུག ད་དུང་ཁོ་མོས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་གསར་ལམ་ཐོག་སྲིད་སྐྱོང་གིས་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་ཚུལ་འཁོད་མེད་སྐོར་བརྗོད་ཡོད་འདུག

ཡིན་ན་ཡང་། དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་(The Wire)གསར་ཁང་ལ་སྤང་གོང་མཚོ་ཁ་དེ་བོད་མི་ཚོར་མཚོན་ན་ས་གནས་གལ་ཆེན་ཞིག་ཆགས་ཡོད་སྐོར་བརྗོད་དོན། “ཁྱེད་ཚོས་མཁྱེན་གསལ་ལྟར། སྤང་གོང་མཚོ་ཡི་ཕྱེད་ཀ་བོད་ནང་དུ་ཡོད་པ་དང་ཕྱེད་ཀ་རྒྱ་གར་ནང་དུ་ཡོད་པས་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་པ་དེ་ཆབ་སྲིད་དང་བློ་བཟང་སེང་གེ་མི་སྒེར་ལ་མཚོན་ན་གནད་དོན་གལ་ཆེན་ཞིག་ཆགས་ཡོད་པ་རེད།”ཅེས་བརྗོད་ཡོད་འདུག

གནད་དོན་དེར་རྒྱ་གར་གྱི་སྲིད་དོན་པ་ཚོས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་། རྒྱ་གར་རྡུལ་ཕྲན་མཚོན་ཆ་དང་གནམ་རིག་རྟག་དཔྱད་ཁང་གི་འགན་འཛིན་ལྕམ་ར་རྗི་ས་ཝ་རི་པེ་ལི་ར་རྗ་གྷོ་པཱ་ལཱིན་(Dr Rajeswari Pillai Rajagopalan)ལགས་ཀྱིས་(The Quint)གསར་ཁང་ལ། ལས་དོན་དེ་རིགས་རྒྱ་གར་གཞུང་ལ་མཁྱེན་རྟོགས་མེད་པའི་ཐོག་ནས་དེ་ལྟར་གནང་མི་རུང་སྐོར་བརྗོད་ཡོད་པ་དང་། དེ་བཞིན། རྒྱ་གར་(Strartpost)གསར་ཁང་གི་རྩོམ་སྒྲིག་པ་(Saurabh Joshi)ཡིས་ཀྱང་། རྒྱ་གར་ནང་གི་བོད་མིའི་སྒྲིག་འཛུགས་དང་བོད་པ་སྐྱབས་བཅོལ་བ་ཚོ་ནི་རྒྱ་གར་གྱིས་རྒྱ་ནག་ལ་ཁ་གཏད་བཅག་བྱེད་ཀྱི་མཚོན་ཆ་གལ་ཆེན་ཞིག་ཆགས་ཡོད། དེ་ལ་ཕྱོགས་གཞན་ཞིག་ནས་བསལ་བློ་བཏང་ན། ཐེངས་འདིར་སྤང་གོང་མཚོ་ཁའི་གནད་དོན་དེ་ང་ཚོས་རྒྱ་ནག་ལ་གང་ཡང་བྱེད་ཀྱི་མེད་པ་མ་གཏོགས། གལ་སྲིད་བྱས་པ་ཡིན་ན་ང་ཚོར་བྱེད་རྒྱུ་ཡོད་པའི་བརྡ་ལན་ཞིག་ཆགས་ཡོད།

རྩོམ་སྒྲིག་པ་ཁོང་ནི་རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་ཟུར་བ་དང་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་གནད་དོན་ལ་ཉམས་མྱོང་ཆེན་པོ་ཡོད་མཁན་ཞིག་ཡིན་སྟབས། གནད་དོན་དེར་ཁོས་ཀྱང་སེམས་འཚབ་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། ཁོས་ “རྒྱ་གར་གྱི་ས་མཚམས་རྩོད་རྙོག་དེ་རྒྱ་ནག་དང་ཀཱ་ཤི་མིར་བར་གྱི་གནས་སྟངས་ཇེ་སྡུག་ཏུ་སོང་ཡོད་པའི་ཁ་ཐུག་ཅིག་ལ་འཁེལ་ཡོད་སྟབས། གཅིག་བྱས་ན་བོད་པ་ཚོས་གོ་སྐབས་དེ་དང་བསྟུན་ཏེ་ཁེ་ཕན་བླངས་པ་ཡིན་སྲིད།” ཅེས་བརྗོད་ཡོད་པ་རེད།

ཁོས་ད་དུང་ “༧ཏཱ་ལའི་བླ་མ་རྒྱ་གར་ནང་སྡོད་པའི་རིང་གནས་སྟངས་དང་ཆ་རྐྱེན་ཁག་ཅིག་ཡོད་པ་ལྟར། ཁོ་ཚོས་ཆོས་དར་འཛུགས་དགོས་ན་ཡང་ཅིའི་ཕྱིར་སྲིད་དོན་དང་འབྲེལ་བའི་དར་ཆ་དེ་འཛུགས་དགོས་པ་རེད།” ཁོས་ “རྒྱ་ནག་ལ་མཚོན་ན་གནད་དོན་དེར་རྣམ་འགྱུར་སྟོན་སྟངས་གཉིས་ཆགས་ཡོང་གི་ཡོད་པ་རེད། ཅིག་བྱས་ན་རྒྱ་ནག་གིས་དེ་ལ་རྩུབ་པོས་ངང་ནས་རྣམ་འགྱུར་སྟོན་སྲིད་པ་རེད། ཡང་ཕྱོགས་གཞན་ཞིག་ནས་བོད་པ་ཚོས་རྒྱ་གར་ས་ཁོངས་ལ་བདག་བཟུང་བྱེད་ཀྱི་འདུག་བསམ་ནས་དགའ་ཡང་སྲིད་པ་རེད།”ཅེས་བརྗོད་ཡོད་པ་རེད།

རྒྱ་གར་ནང་སྲིད་བློན་ཆེན་ཟུར་བ་(R.S. Kalha)ཡིས་ “ ལྷག་པར་དུ་དུས་ཚོད་འདི་ལྟ་བུ་ཞིག་ལ་སྤང་གོང་མཚོ་ཁར་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་པ་དེ་ནི་ཆབ་སྲིད་ཀྱི་གནད་དོན་ཞིག་ཆགས་ཡོད་པ་རེད།” ཅེས་བརྗོད་ཡོད་འདུག

བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་རྒྱ་གར་སྲིད་བློན་ན་རེན་ཌི་རྭ་མོ་ཌེ་གཉིས་ཡུ་རོབ་འཇར་མན་གྱི་(G20 )ཚོགས་འདུའི་དབུ་ཁྲིད་ལྷན་ཚོགས་ཐོག་ཟུར་དུ་སྐར་མ་ ༥ རིང་ཐུག་འཕྲད་གྱིས་བཀའ་མོལ་གནང་ཡོད་ཀྱང་། གནས་ཚུལ་ཞིབ་རྒྱས་ད་ལྟ་ཕྱི་ལ་བཏོན་མེད།

སངས་རྒྱས་དཀོན་མཆོག་གིས་བསྒྱུར་སྒྲིག་བྱས།

བསྐྱར་བཅོས།: ༢༠༡༧/༠༧/༡༠

Leave a Reply

16 thoughts on “སྤང་གོང་མཚོ་ཁར་རྒྱལ་དར་བསྒྲེངས་པ་ཆབ་སྲིད་གནད་དོན་ཆགས།

  1. གཞུང་པ་ཚེ་དབང་བསོད་ནམས་

    སྤང་གོན་དང་དཔལ་མགོན་གང་ཡིན་རུང་ལོ་རྒྱུས་ནས་ངོ་སྤྲོད་ཐུབ་རྒྱུ་དང་གལ་ཆེ་ཤོས་དེ་ལྷན་ཁང་གཅིག་གི་འགན་ཡོད་ལས་བྱེད་ནས་འབྲེལ་བཤད་མི་འདྲ་གཉིས་གནང་བ་དེ་ཡ་ཚན་མ་རེད་དམ་?

  2. ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ་།བོད་རྒྱལ་ལོ་། སྲིད་སྐྱོངས་རྒྱལ་ལོ་།བདེན་པ་རྒྱལ་ལོ་།ནམ་ཞིག་བོད་རྒྱ་ཁབ་ཆེན་པོའི་རྒྱ་དར་བོད་གི་རྒྱལ་ས་ལ་བཙུགས་ངེས་རེད་།གང་ཡིན་ཟེར་ན་།ལོ་རྒྱུས་ཐོག་ལ་ོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་རེད་དོ་།།