རྒྱ་གར་མི་མང་དུང་ཕྱུར་བཅུ་གཉིས་ཀྱིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ངེས་ཡིན།

རྒྱ་ནག་གི་ཆེད་མཁས་པ་ཞིག་གིས་རྒྱ་ནག་གིས་པཱ་ཀི་སི་ཐན་ལ་རོགས་དམག་བཏང་སྟེ་ཇ་མུ་ལེན་དགོས་ལུགས་བཤད་རྗེས་རྒྱ་གར་བྷི་ཇི་པི་ཆབ་སྲིད་ཚོགས་པའི་མགོ་ཁྲིད་ཅིག་གིས་རྒྱ་གར་གྱིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལུགས་བཤད།

དེ་རིང་གི་རྒྱ་གར་ (Indiatoday) ཞེས་པའི་གསར་ཁང་གིས་ ༢༠༡༧།༧།༡༡ ཉིན་སྤེལ། རྒྱ་གར་བྱང་རྒྱུད་མངའ་སྡེ་ཨོ་ཊར་ཁཱན་ (Uttarakhand) མངའ་སྡེའི་བློན་ཆེན་ཟུར་བ་དང་། རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཆེ་ཤོས་གྲས་བྷི་ཇི་པི་ (BJP)ཡི་མགོ་ཁྲིད་སྐུ་ཞབས་ཀོ་ཤཱེ་ཡཱ་རེ་ (Koshiyari) ལགས་ཀྱིས། རྒྱ་གར་གྱིས་བོད་རང་བཙན་རྩོད་རྙོག་གླེང་སློང་བྱེད་རྒྱུ་ཡིན་པ་དང་། “རྒྱ་གར་བ་ཚང་མས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་པའི་བསམ་བློ་ཡོད་སྐོར་སོགས་བརྗོད་འདུག

སྐུ་ཞབས་ཀོ་ཤཱེ་ཡཱ་རེ་ལགས་ནི་རྒྱ་གར་གྱི་གཡས་ལྷུང་རྒྱལ་ཞེན་རིང་ལུགས་ཚོགས་པ་ (RSS) ཞེས་པའི་ནང་བོད་དེ་རྒྱ་ནག་ལས་ལོགས་སུ་རང་བཙན་གྱི་རྒྱལ་ཁབ་ཅིག་བྱེད་པར་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་འདུག

ཁོང་གིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པའི་སྐད་ཆ་དེ་ནི། རྒྱ་ནག་གི་འཐབ་ཇུས་ཆེད་མཁས་པ་ཞིག་གིས་རྒྱ་ནག་གིས་པཱ་ཀི་སི་ཐན་ལ་རོགས་དམག་བཏང་སྟེ། རྒྱ་གར་ནུབ་བྱང་མངའ་སྡེ་ཇ་མུ་ཀ་ཤི་མིར་ལེན་པར་གྲ་སྒྲིག་དགོས་ལུགས་བཤད་པའི་ཉིན་གཅིག་གི་རྗེས་ལ་བཤད་པ་ཞིག་ཡིན་པ་དང་། རྒྱ་ནག་གི་འཐབ་ཇུས་ཆེད་མཁས་པ་དེའི་སྐད་ཆ་དེ་རྒྱ་གར་གྱིས་འབྲུག་གི་མཐའ་ཁུལ་འབྲོག་ལམ་ཞེས་པར་དམག་བཏང་བར་ཡ་ལན་གྱི་ཚུལ་དུ་བཤད་པ་ཞིག་ཡིན་འདུག

སྐུ་ཞབས་ཀོ་ཤཱེ་ཡཱ་རེ་ལགས་ཀྱིས་བཤད་རྒྱུར། “རྒྱ་གར་མི་མང་དུང་ཕྱུར་བཅུ་གཉིས་དང་ཕྱེད་ཀས་(125 crore)ཀྱིས་རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་བོད་རང་བཙན་འཐབ་རྩོད་བྱེད་མཁན་བོད་མི་ཚོ་དང་ཕྱུར་གྲུ་མཉམ་འདེགས་བྱས་ཏེ། བོད་རང་བཙན་རྒྱལ་ཁབ་མ་ཆགས་བར་བོད་མི་ཚོར་རྒྱབ་སྐྱོར་བྱ་ངེས་ཡིན” ཞེས་བརྗོད་འདུག

རྒྱ་ནག་གིས་བོད་མིའི་རིག་གཞུང་ལ་གཏོར་བཤིག་གཏོང་བཞིན་ཡོད།

དེ་རིང་སྔ་དྲོར་སྐུ་ཞབས་ཀོ་ཤཱེ་ཡཱ་རེ་ལགས་ཀྱིས་རྒྱ་གར་བྱང་རྒྱུད་གྲོང་ཁྱེར་ཨ་གྷ་ར་ (Agra) ནང་ཡོད་པའི་ ‘དེ་རིང་གི་རྒྱ་གར’ (India Today) ཞེས་པའི་གསར་ཁང་ལ་བརྗོད་དོན། “ད་ལྟའི་རྒྱ་ནག་གི་བསམ་བློ་གཏོང་ཕྱོགས་དེ་ནི་སྔོན་ཆད་གྱི་གདུག་རྩུབ་ཅན་དེ་དང་གཅིག་པ་རེད། གདུག་རྩུབ་དེའི་མཚོན་རྟགས་ནི་འབྲུག་འདྲ་བོ་ཞིག་རེད། རྒྱ་ནག་གིས་བོད་ཡུལ་བཙན་བཟུང་བྱེད་ཆེད། བོད་རིགས་མི་མང་ལ་བཙན་གནོན་དང་སྡེབ་གསོད་གཏོང་བཞིན་ཡོད་པ་རེད” ཅེས་བརྗོད་འདུག

སྐུ་ཞབས་ཀོ་ཤཱེ་ཡཱ་རེ་ལགས་ཀྱིས་མུ་མཐུད་དུ་བརྗོད་དོན། “བོད་མིའི་རིག་གཞུང་རྩ་མེད་བཟོ་ཐབས་སུ་རྒྱ་ནག་གིས་བོད་ནང་གི་དགོན་སྡེ་ ༦༠༠༠ ལྷག་གཏོར་བཤིག་བཏང་བ་དང་། བོད་པའི་བུད་མེད་ཚོ་རྒྱ་ནག་ཧྭན་མི་རིགས་ཀྱི་སྐྱེས་པ་ཚོ་དང་བཙན་གྱིས་གཉེན་སྒྲིག་ཏུ་བཅུག་པ་སོགས་ལ་བརྟེན་ཏེ། ད་ལྟ་བོད་པའི་མི་རིགས་ཀྱི་ངོ་བོ་བརླགས་ཡོད་པ་རེད།” ཅེས་ཟེར།

སྐུ་ཞབས་ཀོ་ཤཱེ་ཡཱ་རེ་ལགས་ཀྱིས་ད་དུང་། རྒྱ་གར་གཞུང་གིས་སྔོན་མ་རྒྱ་ནག་གཞུང་ལ་བོད་པ་ཚོར་རང་སྲིད་རང་སྐྱོང་གི་ཐོབ་ཐང་སྤྲོད་དགོས་སྐོར་བཤད་ཡོད་ཚུལ་བརྗོད་འདུག

སྐུ་ཞབས་ཀོ་ཤཱེ་ཡཱ་རེ་ལགས་ཀྱིས། གནའ་བོའི་རྒྱ་གར་གྱི་མ་ཧ་བྷ་ར་ཊ་ (Mahabharata) དཔེར་དྲངས་ནས་བརྗོད་དོན། “ཕན་ཌ་ཝ་སི་ (Pandavas) བུ་སྤུན་ལྔ་ཡོད་པ་རེད། ཁོང་ཚོས་སོ་སོའི་འཚོ་རྟེན་ཆེད། རང་གི་ཕ་མ་མིང་སྲིང་ཀུ་ར་ཝ་སི་ (Kauravas)ཞེས་པར་སྤུན་མཆེད་བརྒྱ་ཡོད་པ་རྣམས་ལ་དམག་འཁྲུག་རྒྱག་མ་འདོད་པར། གྲོང་གསེབ་ ༥ ཁོ་རང་ཚོའི་འཚོ་རྟེན་ཆེད་སྤྲོད་རོགས་ཞུས་ཡོད། སྤྱིར་ཕན་ཌ་ཝ་སི་སྤུན་ལྔ་ལ་འཚོ་གནས་གྲོང་གསེབ་ ༥ ཡི་བདག་དབང་དང་ཐོབ་ཐང་ཡོད་ཀྱང་ཀུ་ར་ཝ་སི་སྤུན་བརྒྱ་ཡིས་ཕན་ཌ་ཝ་སི་སྤུན་ལྔ་ལ་འཚོ་རྟེན་དེ་མ་སྤྲད་སྟབས། རྗེས་ལ་ཕན་ཌ་ཝ་སི་སྤུན་ལྔ་ཡིས་ཀུ་ར་ཝ་སི་སྤུན་བརྒྱ་ཚང་མ་རྩ་མེད་བཏང་བ་རེད། གཏམ་བརྒྱུད་དེ་དང་འདྲ་བར་བོད་པ་ཚོས་ཀྱང་ཉིན་ཞིག་རྒྱ་ནག་རྩ་མེད་གཏོང་གི་རེད” ཅེས་ཟེར།

རྒྱ་གར་བྱང་རྒྱུད་གྲོང་ཁྱེར་ཨ་གྷ་ར་ (Agra) ནང་ཡོད་པའི་གཡས་ལྷུང་རྒྱལ་ཞེན་རིང་ལུགས་ཚོགས་པའི་ (RSS) མགོ་ཁྲིད་སྐུ་ཞབས་ཀུ་མར་ (Kumar) ལགས་ཀྱིས་དེ་རིང་གི་རྒྱ་གར་ཞེས་པའི་གསར་ཁང་ལ། རྒྱ་གར་མི་མང་གིས་རྒྱ་ནག་གི་ཚོང་ཟོག་བཀག་སྡོམ་བྱེད་དགོས་པ་དང་། རྒྱ་གར་གྱི་ཚོང་པ་ཚོས་རྒྱ་ནག་གི་ཚོང་ཟོག་ནང་འདྲེན་བྱེད་རྒྱུ་མཚམས་འཇོག་དགོས་སྐོར་སོགས་བརྗོད་འདུག སྐུ་ཞབས་ཀུ་མར་ལགས་ཀྱིས་བརྗོད་དོན། “རྒྱ་གར་གྱི་ཚོང་ཁང་གཉེར་མཁན་ཚོས་སོ་སོའི་ཚོང་ཁང་ནང་ཁོ་ཚོས་རྒྱ་གར་རང་གི་དངོས་ཟོག་མ་གཏོགས་རྒྱ་ནག་གི་ཚོང་ཟོག་འཚོང་རྒྱུ་མིན་ཞེས་སྒོ་བྱང་འགེལ་དགོས་པ་དང་། དེས་རྒྱ་ནག་གི་དཔལ་འབྱོར་སྒལ་ཚིག་གཏོར་ཐུབ་ངེས་རེད” ཅེས་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༧/༡༡

Leave a Reply

4 thoughts on “རྒྱ་གར་མི་མང་དུང་ཕྱུར་བཅུ་གཉིས་ཀྱིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ངེས་ཡིན།

  1. ཨ་ཕོ་མཐུ་ཆེན།

    སྐུ་ཞབས་(Koshiyari)ལགས།

    སྐུ་ཉིད་ནས་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ། འོན་ཀྱང་གལ་སྲིད་རྒྱ་དཀར་ནག་གཉིས་དམག་ཤོར་ཚེ་བོད་པའི་མིར་རེ་བ་ཞིག་བྱེད་ཡས་བསྡད་མིན་འདུག གང་ཡིན་ཟེར་ན་བོད་པ་མང་ཆེ་བ་ཕྱིའི་རྒྱལ་ཁབ་ཁག་ལ་ཐོན་ཚར་སོང། རྒྱ་གར་ནང་ཡོད་བསྡད་པ་དེ་དག་ལོ་ན་རྒས་འཁོགས་ཤ་སྟག་རེད། ད་དུང་འགྲོ་མཁན་འདུག

    རྒྱ་གར་དམག་ཁོངས་ལ་བཞུགས་མཁན་བོད་མིའི་གྲངས་འབོར་ཀྱང་ཉུང་ཉུང་རེད། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་ལྷན་རྒྱས་ཀྱང་རྐང་པ་གཉིས་བཙུགས་རེད། བོད་དང་རྒྱ་གར་ལ་ལྷག་བསམ་དག་པའི་མི་ག་ཚོད་ཙམ་ཡོད་དམ། བཤད་ཚོད་མི་ཐིགས།
    ཁྱེད་གཟིགས་པར་ཕེབས། བོད་པའི་གཞིས་ཆགས་ཁག་ལ་གཟིགས་པར་ཕེབས། འདས་པ་དང་ད་ལྟའི་བཀའ་སྤྱི་རྣམས་གང་དུ་ཡོད་མེད་སྐུ་ཉིད་ནས་ཚ་འདྲི་ཞིག་བྱེད་དང། མཁྱེན་ངེས།

    འོན་ཀྱང་བོད་དང་རྒྱ་གར་ལ་ལྷག་བསམ་དུང་ལས་དཀར་བའི་སྐྱེས་ཆེན་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ཁོང་གི་ཕྱག་གཡས་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་གཉིས་ད་བར་ཕྱག་ལས་གནང་ནས་རྒྱ་གར་ནང་བཞུགས་ཡོད་པ་མ་གཏོགས་གཞན་བཀའ་སྤྱི་ལྷན་རྒྱས་མང་ཆེ་བས་རྐང་པ་གཉིས་བཙུགས་ཟིན་པ་རེད།

    དེར་བརྟེན་སྐུ་ཞབས་ཁྱེད་རང་གི་ལྷག་བསམ་ལ་རྨ་མེད་ཀྱང་ལྷག་བསམ་བྱ་ཡུལ་དེའི་སྟོབས་ཤུགས་ད་ཆ་གང་འདྲ་ཡོད་དམ།

    སྐྱོན་འཛུགས་མིན་ལ་ཟུར་ཟའང་མིན། དངོས་ཡོད་གནས་ཚུལ་བཤད་ཡོད། དེ་དོན་ང་ཚོས་བསམ་བློ་ཐོངས་དགོས་འདུག བོད་རྒྱལ་ལོ། རྒྱ་གར་རྒྱལ་ལོ།

  2. བོད་མི་མང་ལ་རང་བཙན་མི་དགོས་ཀྱང་རྒྱ་གར་མི་མང་གིས་བོད་རང་བཙན་རྩོད་ངེས་རེད། བོད་དང་རྒྱ་གར་གཉིས་ཀས་བོད་རང་བཙན་བློས་བཏང་ཡང་། འཛམ་གླིང་མི་མང་གིས་བོད་རང་བཙན་བློས་གཏོང་གི་མ་རེད། བོད་རང་བཙན་ལ་བདག་པོ་མེད་པ་ཞིག་རྩ་བ་ནས་མིན། བོད་རང་བཙན་དེ་ནག་མི་མང་དང་རྒྱ་གར་མི་མང་གི་རང་བཙན་ཡིན་ལ། འཛམ་གླིང་མི་མང་གི་རང་དབང་རང་བཙན་ཡང་ཡིན་པས། དུས་ཚོད་སྔ་ཕྱི་ཙམ་མ་གཏོགས་བོད་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཏུ་འགྱུར་ངེས་ཡིན།

  3. བྱམ་པ་ཆོས་དབང་

    བོད་ཀྱི་གནས་ཚུལ་དེ་རྒྱ་གར་གྱི་ཆེས་མཐའ་འཇུག་གི་ཐབ་ལམ་ཞིག་་རེད། ད་བར་རྒྱ་གར་གཞུང་ངོས་ནས་རྒྱ་ནག་ལ་སྟུན་མཁས་ཁོ་ན་བྱས་པ་དེས་ཕན་ནུས་མེད་པ་རྟོགས་ཐུབ།
    ད་དུང་དུས་ཚོད་ངེས་ཅན་ཞིག་གི་བར་བོད་པའི་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་འགྲོ་རྒྱུ་ ཁག་ཙམ་ཡིན།
    ནམ་ཞིག་རྒྱ་གར་གཞུང་གི་བོད་པའི་གནས་ཚུལ་ཁ་གསལ་ངང་མ་བརྗོད་ཐབ་མེད་འགྱུར་གྱུ་ལས་གཞན་མ་འཆིས། དེའི་ཚེ་འཇུག་འབྲས་བཟང་ངན་གང་ཡོང་བརྗོད་དཀའ་ཞིག་ལས་མ་འདས།

  4. གཞུང་པ་ཚེ་དབང་བསོད་ནམས་

    བོད་མི་ཚོར་སེམས་གསོ་ཡག་པོ་གནང་འདུག་ཐུགས་རྗེ་ཆེ་དོན་དངོས་ང་ཚོར་ཁ་ཡོད་ལག་ཡོད་ཀྱི་རྒྱབ་སྐྱོར་དགོས་པ་ལས་རྒྱ་དཀར་ནག་གི་ཆབ་སྲིད་རྩོད་གླེང་ནང་བོད་དོན་བཙན་འཁྲིད་མ་གནང་རོགས་གནང་།