ཨ་རིའི་ (fox 9) གསར་ཁང་གིས་ ༢༠༡༧།༧།༡༡ ཉིན་སྤེལ། ཨ་རིའི་དབུས་ནུབ་ཀྱི་མེན་ནི་སོ་ཊ་ (Minnesota) མངའ་སྡེའི་གྲོང་ཁྱེར་ཨེ་ཌེ་ནཱ་ (Edina) དང་རེ་ཆ་ཧྥེལ་ཌི་ (Richfield) གཉིས་ནང་གཞང་འཚོང་ཁང་གཉེར་མཁན་བོད་པ་གཉིས་འཇུ་བཟུང་བྱས་ཡོད་པ་དང་། བོད་པ་དེ་གཉིས་ཀྱིས་གྲོང་ཁྱེར་དེ་གཉིས་ནང་རྒྱ་མོ་ཁག་ཅིག་ཁྲིད་ཡོང་ནས་སྨད་འཚོང་གི་ཁེ་ལས་གཉེར་བཞིན་ཡོད་འདུག
བོད་པ་དེ་གཉིས་ཀྱི་གཅིག་གི་མིང་ལ་བསོད་ནམས་ཚེ་རིང་ (Sonam Tsering) ཟེར་ཞིང་། ད་ལྟ་རང་ལོ་ ༣༦ ཡིན་པ་དང་། ཁོ་ཨ་རིའི་གྲོང་ཁྱེར་ཕི་ལེ་མུ་ཐི་ (Plymouth)ནང་སྡོད་ཀྱི་ཡོད་འདུག གཞན་དེའི་མིང་ལ་བཀྲ་ཤིས་མཐར་ཕྱིན་ (Zhaxi Taxing ཡི་གེ་དང་པོ་དེ་རྒྱ་ཡིག་གི་འབྲི་སྟངས་ལྟར་ ‘བཀྲ་ཤིས’ ཞེས་བྲིས་འདུག) ཟེར་ཞིང་ད་ལྟ་རང་ལོ་ ༤༡ ཡིན་པ་དང་། ཁོ་ཨ་རིའི་གྲོང་ཁྱེར་ལུ་ཡེ་སི་ཕར་ཁི་ (St. Louis Park) ནང་སྡོད་ཀྱི་ཡོད་འདུག
བོད་པ་དེ་གཉིས་ཀྱིས་གཞང་འཚོང་ཁང་གཉེར་བའི་གནས་ཚུལ་དེ་ཨ་རིའི་གྲོང་ཁྱེར་ཉེན་རྟོག་པས་ན་ནིང་ཕྱི་ཟླ་ ༡༡ པའི་ནང་ཁེ་ལས་དྲིལ་བསྒྲགས་དྲ་ཚིགས་ (backpages.com) ཞེས་པའི་སྟེང་གཞང་འཚོང་གི་ལས་རིགས་ཁྱབ་བསྒྲགས་བྱས་ཡོད་པ་ཞིག་ལས་ཤེས་རྟོག་བྱུང་ཡོད་པ་དང་། ཉེན་རྟོག་པ་ཚོས་བསྒྲགས་དྲ་ཚིགས་དེའི་སྟེང་གི་ཁ་པར་ཨང་གྲངས་ཐོག་ཁ་པར་བཏང་སྟེ། ཁ་པར་གཏོང་ཡུལ་ལྟེ་གནས་ཀྱིས་བོད་མི་གཞང་འཚོང་ཁེ་ལས་གཉེར་མཁན་དེ་གཉིས་ཀྱི་སྡོད་གནས་ཁ་བྱང་མཁོ་སྤྲོད་བྱས་ཡོད་འདུག
ནག་ཉེས་ཞི་གཏུགས་ཀྱི་གནས་ཚུལ་ལྟར་ན། རང་མིང་བརྗོད་འདོད་མེད་པའི་ཉེན་རྟོག་པ་ཞིག་གིས། ཁོ་རང་ཨེ་ཌེ་ནཱ་གྲོང་ཁྱེར་གྱི་སྡོད་གནས་ཐོག་རྩེག་ཁང་ཞིག་ཏུ་འགྲོ་སྐབས་ཉལ་གོས་གྱོན་པའི་བུད་མེད་ཅིག་ལ་ཐུག་ཡོད་པ་དང་། སྐབས་དེར་ཁོས་སྐད་སྒྱུར་བ་བརྒྱུད་ནས་བུད་མེད་དེར་ཁོ་རང་ཉེན་རྟོག་པ་ཡིན་སྐོར་ངོ་སྤྲོད་བྱས་རྗེས་དྲི་བ་བཏང་བར། བུད་མེད་དེས་ཉེན་རྟོག་པར་ཁོ་མོ་ཨེ་ཌེ་ནཱ་ (Edina) དང་རེ་ཆ་ཧྥེལ་ཌི་ (Richfield) གྲོང་ཁྱེར་ནང་སྨད་འཚོང་གི་ལས་ཀར་མ་ཁྲིད་སྔོན་ཏག་ཏག་ལ་ཁོ་མོ་རྒྱ་ནག་ནས་ནེའུ་ཡོག་གྲོང་ཁྱེར་དུ་འབྱོར་བ་ཡིན་སྐོར་བརྗོད་ཡོད་འདུག
ཉེན་རྟོག་མགོ་བས་བཀྲ་ཤིས་ཟེར་བ་དེ་གཞང་འཚོང་ཁང་གཉེར་མཁན་གཙོ་བོ་ཡིན་ཞིང་། ཁོ་ཨེ་ཌེ་ནཱ་གྲོང་ཁྱེར་གྱི་སྡོད་གནས་ཐོག་རྩེག་ཁང་ཞིག་ནས་རེ་ཆ་ཧྥེལ་ཌི་གྲོང་ཁྱེར་གྱི་སྡོད་གནས་ཐོག་རྩེག་ཁང་ཞིག་ཏུ་སྤར་ཡོད་པ་མ་ཟད། ཐོག་རྩེག་ཁང་དེ་གར་འགྲོ་འོང་བྱེད་མཁན་མི་མང་པོ་ཡོད་པ་དང་། མི་དེ་ཚོ་ཐོག་རྩེག་ཁང་དེ་གར་སོང་ནས་དུས་ཡུན་ཐུང་ཐུང་ཞིག་གི་རིང་ལ་མ་གཏོགས་སྡོད་ཀྱི་མེད་སྐོར་སོགས་བརྗོད་འདུག
འདི་ལོའི་ཕྱི་ཟླ་ ༡ ནང་ཉེས་དོན་ཞིབ་བཤེར་བས་ཁེ་ལས་དྲིལ་བསྒྲགས་དྲ་ཚིགས་ (backpages.com) སྟེང་བརྡ་ལན་ཞིག་སྤེལ་ཏེ་ཐད་ཀར་རེ་ཆ་ཧྥེལ་ཌི་གྲོང་ཁྱེར་གྱི་སྡོད་གནས་ཐོག་རྩེག་ཁང་དེར་ཕྱིན་ཡོད་པ་དང་། ཐོག་རྩེག་ཁང་དེ་གར་སྨད་འཚོང་མ་མང་པོ་ཡོད་པ་དང་། སྨད་འཚོང་མ་དེ་ཚོའི་གྲས་ཀྱི་བུད་མེད་ཅིག་གིས་ཉེན་རྟོག་པར། བོད་མི་ཚེ་རིང་ཟེར་བ་དེ་ཁོ་མོ་དང་མཉམ་དུ་བསྡད་ཡོད་པ་དང་། ཁོ་མོས་ཚེ་རིང་ལ་གཞང་འཚོང་གི་ཡོང་འབབ་ལས་དངུལ་སྨར་སྤྲོད་ཀྱི་ཡོད་སྐོད་བཤད་འདུག
ཉེན་རྟོག་པས་བོད་མི་ཚེ་རིང་ཟེར་དེ་ད་དུང་གཞང་འཚོང་ཁང་གཞན་པར་འབྲེལ་བ་ཡོད་པར་དོགས་གཞི་བྱེད་ཀྱི་ཡོད་པ་དང་། དངུལ་ཁང་གི་ཡིག་ཚགས་ལ་ཞིབ་འཇུག་བྱས་པ་ལྟར་ན། ཟླ་བ་ ༥ མ་ཟིན་ཙམ་ནང་། བོད་མི་བཀྲ་ཤིས་ཟེར་བ་དེས་ཨ་སྒོར་ ༢༥༠༠༠ ལྷག་དང་། ཚེ་རིང་ཟེར་བ་དེས་ཨ་སྒོར་ ༡༩༠༠༠ ལྷག་སོ་སོའི་དངུལ་བྱང་ཐོག་བཞག་ཡོད་འདུག
ཨ་རིའི་ཧིན་ནིབ་ཕེན་རྫོང་ (Hennepin County) ཁྲིམས་རྩོད་པ་ཧྥི་རེ་མན་ (Mike Freeman)ལགས་ཀྱིས། གཞང་འཚོང་གི་ཁེ་ལས་རིགས་ནི་ཨ་རིའི་ནང་གི་ཁྲིམས་འགལ་ཚབས་ཆེ་ཤོས་ཤིག་ཡིན་སྐོར་བརྗོད་འདུག ཁྲིམས་རྩོམ་པ་དེས་གཞུང་འབྲེལ་གསལ་བསྒྲགས་སྤེལ་ཏེ། “ཐེངས་འདིའི་གྱོད་དོན་ཁྲོད་སྨད་འཚོང་མཁན་བུད་མེད་དེ་དག་གཞང་འཚོང་ཁང་གཉེར་མཁན་ཚོས་གླས་ཡོད་སྟབས་ནག་ཉེས་མེད། ད་རེས་ང་ཚོས་ཧིན་ནིབ་ཕེན་རྫོང་གི་གཞང་འཚོང་གི་ལས་གཉེར་མཁན་ཚོ་རྩ་གཏོར་གཏོང་རྒྱུ་ཡིན” ཞེས་སོགས་འཁོད་ཡོད་འདུག
གསར་འགོད་པ། པདྨ་རྒྱལ།