བྷར་ཛཱིལ་གྱི་སྲིད་འཛིན་ཟུར་བར་ལོ་བཅུ་ཡི་བཙོན་བཅུག་ཁྲིམས་ཐག་བཅད།

དེང་སྐབས་བྷིར་ཛཱིལ་ནང་ཆབ་སྲིད་རྙོང་འཛིང་ཆགས་ཏེ་སྲིད་འཛིན་ཟུར་བ་ལོ་ལཱ་ལ་ལྐོག་ཟ་རུལ་སུངས་ཀྱི་གྱོད་དོན་འོག་ལོར་ཁྲིམས་ཐག་བཅད་ཡོད་པ་མ་ཟད་སྲིད་འཛིན་ལས་ཐོག་མེ་ཁིལ་ཊེ་མཱར་ལའང་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་བཙུགས་ཡོད་འདུག

དེ་རིང་རྒྱལ་སྤྱིའི་གསར་ལམ་ཆེ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་བྷར་ཛཱིལ་གྱི་སྲིད་འཛིན་ཟུར་བ་ལོ་ལཱ་(Lula)ལ་སྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ལོ་དགུ་དང་ཕྱེད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག གཞན། དེང་སྐབས་བྷལ་ཛིལ་ནང་ཆབ་སྲིད་འཁྲུག་ཆ་ཆེན་པོ་ཆགས་ཏེ། ད་ལྟའི་སྲིད་འཛིན་ལས་ཐོག་མེ་ཁིལ་ཊེ་མཱར་(Michel Temer)ལ་ཡང་ལྐོག་ཟ་རུལ་སུངས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་འདུག

ཐེངས་འདིར་ཁྲིམས་ཐག་བཅད་པའི་ལོ་ལཱ་ནི། བྷར་ཛིལ་གྱི་གྲགས་ཆེ་བའི་ཆབ་སྲིད་པ་དང་བྷར་ཛིལ་ངལ་རྩོལ་ཚོགས་པ་འཛུགས་མཁན་གྲས་ཡིན་པ་དང་། ཁོང་དེ་སྔོན་ ༡༩༨༩ ། ༡༩༩༤ ། ༡༩༩༨ སོགས་སུ་ཐེངས་གསུམ་ལ་སྲིད་འཛིན་འོས་མིར་ལངས་ཀྱང་རྒྱལ་ཁ་ཐོབ་མེད་ན་ཡང་། ༢༠༠༣ ལོའི་ཟླ་ ༡ པོའི་ནང་སྲིད་འཛིན་རྒྱལ་ཁ་ཐོབ་ཡོད་པ་དང་། ༢༠༠༦ ལོར་བསྐྱར་དུ་སྲིད་འཛིན་རྒྱལ་ཁ་ཐོབ་སྟེ་ ༢༠༡༡ ལོའི་ཟླ་ ༡ པོའི་ནང་བར་སྲིད་འཛིན་དུ་བསྡད་ཡོད་འདུག

རེའུ་ཊིར་གསར་ཁང་གིས་སྤེལ་གསལ་ལྟར་ན། ཐེངས་འདིའི་ཁོང་གི་ལྐོག་ཟའི་ཉེས་དོན་དེ་ནི་སྔོན་ཆད་ཁོ་རང་སྲིད་འཛིན་ཡིན་པའི་སྐབས་སུ་(OAS SA)ཞེས་པའི་བཟོ་གྲྭ་ཞིག་གིས་གཞུང་གི་རྡོ་སྣུམ་བཟོ་གྲྭ་ཞིག་དང་གན་རྒྱ་འཇོག་སྐབས་ཁོས་ལྐོག་དངུལ་བླངས་ཡོད་འདུག སྤྱི་མཐུན་ཚོགས་པའི་ཁྲིམས་དཔོན་(Sergio Moro)ཡིས་བརྗོད་པ་ལྟར་ན། ལོ་ལཱ་ཡིས་བཟོ་གྲྭ་དེ་ནས་ལྐོག་དངུལ་ཨ་སྒོར་ས་ཡ་($1.2 million)ལྷག་གི་མ་གནས་བླངས་ཡོད་པ་ཁས་ལེན་བྱས་ཡོད་འདུག

ལོ་ལཱ་ཁྲིམས་གཏུག་བྱེད་མཁན་གྱིས་བརྗོད་པ་ལྟར་ན། བཟོ་གྲྭ་དེས་སྲིད་འཛིན་ལོ་ལཱ་ལ་གོང་གསལ་དངུལ་འབོར་དེས་མཚོ་འགྲམ་དུ་སྤྲོ་སྐྱིད་ཁང་ཞིག་བརྒྱབ་ཡོད་འདུག ཁྲིམས་གཏུག་བྱེད་མཁན་དེ་སྤྱི་མཐུན་ཚོགས་པའི་ཚོགས་མི་ཞིག་ཡིན་པ་དང་། ཁོས་ལོ་ལཱ་ནི་ ༢༠༠༣ ནས་ ༢༠༡༡ ལོའི་བར་གྱི་ངལ་རྩོལ་ཚོགས་པའི་སྲིད་འཛིན་སྡུག་ཤོས་དེ་ཡིན་པ་དང་། ཁོ་ནི་ལྐོག་ཟ་རུལ་སུངས་ཀྱི་གཏེ་བོ་ཞིག་ཡིན་སྟབས་ཁོའི་ནག་ཉེས་རྣམས་ལས་སླ་བོས་ཐག་གཅོད་ཐུབ་པ་ཞིག་མིན་སྐོར་སོགས་བརྗོད་འདུག

ལོ་ལཱ་ཡི་ཁྲིམས་རྩོད་པ་(Cristiano Martins)ཡིས། ཁྲིམས་དཔོན་མོའོ་རོའོ་(Moro)ཁ་མཆུ་དངོས་ཀྱི་སྟེང་ལ་འབབ་དགོས་པ་ལས་ཕྱོགས་ལྷུང་བྱེད་མི་རུང་ཚུལ་ཡང་ཡང་བརྗོད་ཡོད་ཀྱང་ཁྲིམས་དཔོན་མོའོ་རོའོ་ཡིས་ངོས་ལེན་བྱས་མེད་སྐོར་བརྗོད་ཡོད། ལོ་ལཱ་ཡི་ཁྲིམས་རྩོད་ཚོགས་པས་གསལ་བསྒྲགས་སྤེལ་ཏེ། ལོ་ངོ་གསུམ་བཞིའི་གོང་ནས་ཁོ་ཆབ་སྲིད་ཀྱི་དམིགས་འབེན་དུ་བཟུང་སྟེ་ཉེས་འགེལ་དང་ཞིབ་དཔྱོད་བྱས་པ་ཞིག་ཡིན་པ་ལས་ཁོ་ལ་ནག་ཉེས་གང་ཡང་མེད་སྐོར་བརྗོད་འདུག

ཁྲིམས་དཔོན་མོའོ་རོའོ་ཡིས་ཐག་གཅོད་བྱས་པའི་བཅད་ཁྲ་དེའི་ནང་། “ངསཉེས་དོན་འདིར་མི་སྒེར་གྱི་ཞེ་འཁོན་སོགས་ཅི་ཡང་འཁུར་མེད་པར་དོན་དངོས་ཇི་བཞིན་གྱིས་ཐག་གཅོད་བྱས་ཡོད།” ཅེས་འཁོད་ཡོད་པ་དང་། ཁོས་ད་དུང་ “ སྤྱིར་བློ་ཕམ་གྱི་རང་བཞིན་ཞིག་ཡིན་ཡང་ཁྱོད་རང་གལ་ཆེན་ཅི་ཙམ་ཡིན་ཡང་ཁྲིམས་ཀྱི་སྒང་ན་སུ་ཡང་མེད་པས་ཐབས་ཤེས་གཞན་གང་ཡང་མེད།”ཅེས་འཁོད་སོགས་ཡོད་འདུག

ལོ་ལཱ་ཡིས་ཁོ་ལ་བཟོ་སྐྲུན་ཁང་དེས་ལྐོག་དངུལ་གྱི་ཁང་བརྩེགས་དེ་འདྲ་ཞིག་བརྒྱབ་པ་ངོས་ལེན་བྱས་མེད་པ་མ་ཟད། དེ་ནི་ཆབ་སྲིད་ཀྱི་དམིགས་འབེན་དུ་བཟུང་སྟེ་ཁོ་ལ་མ་ཉེས་ཁ་གཡོག་བྱས་པ་ཡིན་སྟབས་ངོས་ལེན་རྩ་བ་ནས་མེད་སྐོར་བརྗོད་འདུག ལོ་ལཱ་ཡི་དེ་སྔོན་ལོ་ངོ་བརྒྱད་ལྷག་རིང་སྲིད་འཛིན་ལས་འཁུར་བཞེས་སྐབས། ཁོ་ལོ་རྗེས་མ་བསྐྱར་དུ་སྲིད་འཛིན་འོས་མིར་ལངས་འདོད་ཡོད་སྐོར་བརྗོད་ཡོད་འདུག ངལ་རྩོལ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་(Gleisi Hoffmann)ཡིས་ལོ་ལཱ་བསམ་བཞིན་དུ་ངན་ཇུས་བྱེད་བཞིན་ཡོད་པ་དེ་མཚམས་བཞག་སྟེ་ཁོང་ལས་ཁུངས་ལ་མ་བཏང་ཚེ་ཚོགས་པའི་ངོས་ནས་ཐག་གཅོད་དེར་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག བྷལ་ཛིལ་རྒྱལ་ས་རོའོ་རུ་ཡོད་པའི་བྷི་བྷི་སི་གསར་འགོད་པ་(Katy Watson)ཡིས་གྲགས་ཆེ་བའི་ཆབ་སྲིད་པ་ཞིག་ལ་ཁྲིམས་ཐག་བཅད་པ་དེས་མ་འོངས་པར་བྷར་ཛིལ་ནང་ཕྱོགས་ཁག་གཉིས་སུ་གྱེས་རྒྱུའི་ཉེན་ཁ་ཡོད་སྐོར་བརྗོད་ཡོད།

ལོ་ལཱ་སྲིད་འཛིན་ལས་འགན་འཁུར་བའི་རིང་ལ་བྷར་ཛིལ་གྱི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་པ་དང་། ཁོའི་ཕྱི་འབྲེལ་དམིགས་ཚད་དེ་བྷར་ཛིལ་གྱི་དཔལ་འབྱོར་འཕེལ་རྒྱས་སུ་བཏང་སྟེ་བྷར་ཛིལ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བསྐྱེལ་རྒྱུ་དེ་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༧/༡༣

Leave a Reply

One thought on “བྷར་ཛཱིལ་གྱི་སྲིད་འཛིན་ཟུར་བར་ལོ་བཅུ་ཡི་བཙོན་བཅུག་ཁྲིམས་ཐག་བཅད།

  1. གཞུང་པ་ཚེ་དབང་བསོད་ནམས་

    ལྐོག་ཟ་རུལ་སྲུང་དང་འགོ་འདྲེན་རིང་ལུགས་གྲལ་རིམ་གཅིག་བསྡུད་ལུང་ཚན་ཤོག་སྒྲིལ་ཕྱོགས་གཏོགས་ཆབ་སྲིད་སྐབས་ཚོལ་རིང་ལུགས་དངུལ་དངོས་རྗེས་རྒྱུགས་མཐོ་འབྱར་དམའ་སྡང་ངོ་དགའ་སྤད་ལས་སོགས་མེད་པའི་མི་གི་སྤྱི་ཚོགས་འཛམ་གླིང་འདིར་མེད་པ་ངས་ཐག་བཅོད་ཐུབ་།ཧཧཧ