ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་ལུའུ་ཞོ་པོ་སྐུ་གྲོངས་འདུག

དེ་རིང་ཕྱི་དྲོར་རྒྱ་ནག་གི་རང་དབང་དང་དམངས་གཙོ་དོན་གཉེར་བ་འཛམ་གླིང་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལོའུ་ཞོ་པོ་རྒྱ་ནག་ནུབ་རྒྱུད་ཧྲེང་ཧེ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་སྐུ་གྲོངས་ཡོད་འདུག

ལུའུ་ཞོ་པོ་ནི་ད་ལྟ་དགུང་ལོ་ ༦༡ ཡིན་པ་དང་། ༢༠༠༩ ལོའི་ཟླ་ ༡༢ པའི་ཚེས་ ༢༥ ཉིན་རྒྱ་ནག་གཞུང་གིས་རྒྱལ་ཁབ་མགོ་རྟིང་སློག་མཁན་གྱི་ཉེས་མིང་འོག་ལོ་ ༡༡ གི་ཁྲིམས་ཐག་བཅད་དེ་བཙོན་འཇུག་བྱས་ཡོད་པ་དང་། ད་ལོའི་ཕྱི་ཟླ་ ༥ པའི་ནང་ཁོང་ལ་མཆིན་པའི་སྐྲན་ནད་ཕོག་ཡོད་པ་ཧ་གོ་སྟེ་ཛ་དྲག་ཐོག་རྒྱ་ནག་ཧྲན་ཡང་གསོ་རིག་སྨན་ཁང་དང་པོར་སྨན་བཅོས་བྱེད་པར་འཁྲིད་ཡོད་ཀྱང་། ཉེ་ལམ་ཕྱི་ཟླ་ ༦ པའི་ཟླ་མཇུག་བར་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་མ་བྱས་པར་གསང་བ་བྱས་ཡོད།

ཁོང་གི་ནད་གཞིའི་སྐོར་ལ་རྒྱལ་སྤྱིའི་ཐོག་ནས་སེམས་འཚབ་ཆེན་པོ་བྱུང་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་ཚོགས་སྡེ་མང་པོས་ལུའུ་ཞོ་པོ་སྨན་བཅོས་ཆེད་ཕྱི་རྒྱལ་དུ་གཏོང་དགོས་པར་རྒྱ་ནག་གཞུང་ལ་རེ་སྐུལ་ཡང་ཡང་ཞུས་ཀྱང་བཏང་མེད་སྟབས། ཉེ་ཆར་ཨ་རི་དང་འཇར་མན་གྱི་སྨན་པ་ཆེད་མཁས་པ་གཉིས་རྒྱ་ནག་ནང་ཁོང་ལ་སྨན་བཅོས་བྱེད་པར་བསྐྱོད་ཡོད།

ཁ་སང་ཕྱི་ཟླ་ ༧ ཚེས་ ༡༢ ཉིན་ནས་ནད་གཞི་སྔར་ལས་ཇེ་སྡུག་ཏུ་ཕྱིན་ཏེ་དབུགས་འབྱིན་རྔུབ་དཀའ་བར་གྱུར་བ་མ་ཟད། མཆིན་པ་དང་གློ་བ་མཁལ་མ་སོགས་ཀྱི་བྱེད་ལས་ཀྱང་ཉམས་ཡོད་སྟབས། དྲག་སྐྱེད་དཀའ་བར་མི་འགྱངས་བར་འདས་གྲོངས་སུ་འགྲོ་རྒྱུ་ཡིན་པ་སྨན་པས་གསལ་བསྒྲགས་བྱས་ཡོད།

ལུའུ་ནི་རྒྱ་ནག་གི་གཙུག་ལག་སློབ་གཉེར་ཁང་ཞིག་གི་སློབ་དཔོན་ཡིན་པ་དང་། ༡༩༨༩ ལོའི་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་མདུན་ཐང་གི་སློབ་ཕྲུག་གི་དམངས་གཙོའི་ཡར་ལངས་ལས་འགུལ་གྱི་སྣེ་འཁྲིད་པའི་གྲས་ཡིན། སྐབས་དེའི་རྒྱ་ནག་གཞུང་གི་དྲུག་བཞིའི་དམར་གསོད་སྐབས་སུ་ཁོང་དང་ཁོང་གི་རོགས་པ་ཚོས་ལས་འགུལ་བ་བརྒྱ་ཕྲག་ཁ་ཤས་ཀྱི་ཚེ་སྲོག་བསྐྱབས་ཡོད་ཅིང་། དུས་དེ་ནས་བཟུང་ལུའུ་ནི་རྒྱ་ནག་གཞུང་དང་གཞུང་གི་སྲིད་ཇུས་ལ་རྒྱབ་འགལ་བྱེད་མཁན་ཞིག་ཆགས་ཡོད།

ལུའུ་ཞོ་པོ་ཡིས་དྲུག་བཞིའི་དོན་རྐྱེན་རྗེས་སུ་རྒྱ་ནག་གཞུང་ལ་དྲུག་བཞིའི་དོན་རྐྱེན་སྐབས་བཙོན་འཇུག་བྱས་པའི་སློབ་ཕྲུག་རྣམས་ཀློད་གྲོལ་གཏོང་དགོས་པའི་སྙན་ཞུ་དང་ལས་འགུལ་སྣ་ཚོགས་སྤེལ་སྟབས། ཁོང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་རྒྱ་ནག་བྱང་ཤར་བཙོན་ཁང་ཞིག་ཏུ་ལོ་ངོ་གསུམ་རིང་བཙོན་འཇུག་བྱས་ཡོད་ཀྱང་། རྗེས་སུ་ཁོང་བཙོན་གྲོལ་ཐོབ་རྗེས་མུ་མཐུད་དམངས་གཙོ་དོན་གཉེར་བའི་ཕྱག་ལས་གནང་ཡོད།

རྒྱ་ནག་གཞུང་གིས་ཁོང་ཐེངས་མང་པོར་བཙོན་ཏུ་བཅུག་ཡོད་པ་མ་ཟད། ཁོང་གི་བཟའ་ཟླ་ལུའུ་ཞཱ་(Liu Xia)ཡང་རང་ཁྱིམ་དུ་བཟང་བཙོན་དུ་རྒྱུན་རིང་པོར་བཅུག་ཡོད། ལུའུ་ཡིས་རྒྱ་ནག་གཞུང་གི་ཆབ་སྲིད་ལམ་ལུགས་ལ་བཅོས་བསྒྱུར་གཏོང་དགོས་པར་བརྗོད་དེ་ (༢༠༠༨ ལོའི་རྩ་ཁྲིམས)ཟེར་བ་ཞིག་བྲིས་ཡོད་པ་དང་། དེ་བཞིན་ “ང་ལ་དགྲ་བོ་མེད་།”ཟེར་བ་སོགས་ཀྱི་ཆབ་སྲིད་སྐོར་གྱི་རྩོམ་ཡིག་མང་པོ་སྤེལ་ཡོད།

༢༠༡༠ ལོར་ཁོང་ལ་འཛམ་གླིང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་ན་ཡང་། སྐབས་དེར་ཁོང་རྒྱ་ནག་གི་བཙོན་ཁང་དུ་ཡོད་སྟབས་གཟེངས་རྟགས་དེ་བཞེས་བར་ཕེབས་ཐུབ་མེད། ཁོང་ནི་རྒྱ་ནག་གི་ལོ་རྒྱུས་ཁྲོད་ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་དང་པོ་དང་། འཛམ་གླིང་ལོ་རྒྱུས་ཐོག་བཙོན་ནས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གཉིས་པ་དེ་ཆགས་ཡོད། དང་པོ་ནི་འཇར་མན་ནཱ་ཛིའི་སྲིད་དབང་འོག་ནས་བཙོན་ཏུ་བཅུག་པའི་ཞི་བའི་འཐབ་རྩོད་སྐུ་ཞབས་(Carl von Ossietzky)ལགས་ཡིན་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༧/༡༣

Leave a Reply

3 thoughts on “ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་ལུའུ་ཞོ་པོ་སྐུ་གྲོངས་འདུག

  1. ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལིག་ཞོ་པའོ་ཡིས་དུས་ཡུན་རིང་བོའི་བཙོན་འཇུག་མནར་གཅོད་མྱངས་ནས་འདས་གྲོངས་སུ་ཕྱིན་པར་གདུང་སེམས་དྲག་པོས་མྱ་ངན་ཞུ། ངས་འདི་ནས་ཁོང་གི་བཟའ་ཟླ་ལིག་ཞ་དང་ནང་མི་ཉེ་འབྲེལ་གཞན་དག་ལ་གདུང་སེམས་མཉམ་བསྐྱེད་དང་། འདས་པོ་ཁོང་ལ་བསྔོ་སྨོན་སྐྱབས་འཇུག་ཞུ་བཞིན་ཡོད།
    ཁོང་མུ་མཐུད་འཚོ་བཞུགས་གནང་ཐུབ་མེད་ནའང་། ང་ཚོས་དུས་རྒྱུན་ནས་ཁོང་གིས་འབད་བརྩོན་གནང་བའི་གཞི་རྩའི་རྩ་དོན་ཁག་གི་ནུས་པ་གོང་སྤེལ་གྱིས་ལིག་ཞོ་པའོ་ཡི་རླབས་ཆེན་མཛད་རྗེས་ལ་མངོན་བསྟོད་བྱས་ཆོག འདིས་འབྱུང་འགྱུར་གྱི་རྒྱ་ནག་དེ་སྔར་ལས་ལྷག་པའི་འཆམ་མཐུན་དང་བརྟན་ལྷིང་། ཡར་རྒྱས་གཟི་བྱིན་ལྡན་པའི་ཕྱོགས་སུ་སྣེ་འཁྲིད་ཐུབ།
    ངས་ཡིད་ཆེས་བརྟན་པོ་བཅིངས་ཡོད། མི་འགྱངས་པར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལིག་ཞོ་པའོ་ཡིས་རང་དབང་འཐད་རྩོད་ཀྱི་ལས་དོན་ཁྲོད་གནང་བའི་འབད་བརྩོན་དང་མཛད་རྗེས་ཁག་ལ་གྲུབ་འབྲས་མངོན་གསལ་ཐོན་ངེས་ཡིན།
    ཏཱ་ལའི་བླ་མས།
    ༢༠༡༧ ལོའི་ཟླ ༧ཚེས ༡༤ ཉིན།

  2. གསར་འགྱུར་ནང་གི་པར་འདི་གཉིས་ཀྱིས་སེམས་ལ་ཧ་ཅང་སྐྱོ་ལྷིང་ལྷིང་གི་ཚོར་བ་ཞིག་སྤྲོད་ཀྱི་འདུག རྒྱ་ནག་ལ་མུན་ནག་འཐིབ་སོང་། འཛམ་གླིང་ཡང་གྲང་མོ་ཆགས་སོང་།

  3. སྟོབས་ལྡན།

    ༼ སྐུ་ཞབས་ལའུ་ཞོ་པོ་ཡིས་བཙོན་ཁང་ནས་བྲིས་པའི་མཐའ་མའི་བསྒྲགས་གཏམ༽
    གལ་ཏེ་འདས་པའི་ལོ་ཉི་ཤུའི་རིང་གི་ངའི་སྐལ་བ་བཟང་ཤོས་ཀྱི་མྱོང་བ་ག་རེ་ཡིན་མིན་བཤད་དབང་བྱུང་ན། དེ་ནི། ང་ལ་བཟའ་ཟླ་ལིའུ་ཤཱ་(Liu Xia)ཡི་རང་དོན་བྲལ་བའི་བརྩེ་དུང་ཐོབ་པ་དེ་ཡིན། ཁོང་དེ་རིང་ཁྲིམས་ཁང་དུ་ཟུར་ཉན་དུ་བཅར་ཐུབ་ཐབས་མེད་ཀྱང་ངས་ཁྱེད་ལ་བཤད་འདོད་པ་ནི་འདི་ལྟ་སྟེ། སྙིང་སྡུག་མ། ཁྱེད་ཀྱིས་ང་ལ་བཅངས་པའི་བརྩེ་དུང་སྔར་རྒྱུན་བཞིན་འགྱུར་མེད་བརྟན་པོར་གནས་རྒྱུར་ངས་ཡིད་ཆེས་གཙང་མ་ཡོད། ང་རང་ལོ་ངོ་འདི་དག་རིང་རང་དབང་བྲལ་བའི་འཚོ་བ་བསྐྱལ་ཅིང་། ཕྱི་རོལ་གྱི་རྒྱུ་རྐྱེན་དབང་གིས་ངེད་གཉིས་ཀྱི་བརྩེ་དུང་ལ་ཟུག་རྔུས་ཁེངས་ཡོད་ཀྱང་དེའི་བྲོ་བ་ནི་མཐའ་ཡས་པ་ཞིག་རེད། ང་རང་ཐོགས་རེག་ཅན་གྱི་བཙོན་ཁང་དུ་བཙོན་འཇུག་མྱོང་བཞིན་པའི་སྐབས་སུ། ཁྱེད་རང་ཐོགས་རེག་བྲལ་བའི་སེམས་ཀྱི་བཙོན་ཁང་ནང་རེ་སྒུག་བྱེད་བཞིན་པ་རེད། ཁྱེད་ཀྱི་བརྩེ་དུང་ནི། བཙོན་ཁང་གི་རྩིག་གྱང་མཐོན་པོ་ནས་མཆོངས་ཏེ་སྒེའུ་ཁུང་གི་ལྕགས་དྲྭ་བརྒྱུད་ངའི་ལུས་ཀྱི་ཆ་ཤས་ཀུན་ལ་རེག་བཞིན་གཟུགས་པོའི་ཕྲ་ཕུང་ཡོངས་རྫོགས་ལ་དྲོ་སྐྱིད་སྦྱིན་པ་དང་། རྟག་ཏུ་སེམས་ལ་སྣང་བས་ཁྱབ་ཅིང་ཞི་ལྷོད་དང་གུ་ཡངས་ལྡན་པར་བྱེད་མཁན་གྱི་ཉི་མའི་འོད་ཟེར་དེ་ཡིན་ལ། བཙོན་ཁང་ནང་གི་དུས་ཚོད་སྐར་མ་རེ་རེ་ནས་དོན་སྙིང་ལྡན་པར་སྒྱུར་མཁན་དེ་ཡང་ཡིན། ཕྱོགས་གཞན་ནས་ངས་ཁྱེད་ལ་བཅངས་པའི་བརྩེ་དུང་ནི། གནོང་དང་འགྱོད་པས་ཁེངས་པས། དེའི་ལྗིད་ཀྱིས་སྐབས་རེ་ང་རང་ཁྱར་ཁྱོར་དུ་གྱུར། ང་རང་མི་མེད་ལུང་སྟོང་གི་ཚོར་ཤེས་ཞན་པའི་རྡོ་ཞིག་ཡིན་པས། རླུང་དང་ཆར་པ་དྲག་པོས་བྲབས་ཏེ། སུས་ཀྱང་རེག་མི་ཕོད་པའི་གྲང་མོ་འཁྱག་གོང་འདྲ་བ་ཞིག་ཆགས་ཡོད། ཡིན་ནའང་ངའི་བརྩེ་དུང་ནི་སྲ་མཁྲེགས་དང་རྣོ་དབལ་ཅན་ཞིག་ཡིན་པས་འགལ་རྐྱེན་གྱི་ལྕགས་ཁྲབ་ཀུན་འབིགས་པར་ནུས་ལ། ཐ་ན་ང་རང་ཕྱེ་མར་གསིལ་ནའང་། ངས་རང་གི་ཐལ་བ་སྤྱད་དེ་ཁྱེད་ལ་འཐམ་འཁྱུད་བྱེད་ངེས་ཡིན།

    སྙིང་སྡུག་མ། ཁྱེད་ཀྱི་བརྩེ་དུང་ཡོད་པས། ངས་འབྱུང་ལ་ཉེ་བའི་ཁྲིམས་གཅོད་ལ་ཞི་ལྷོད་ཀྱི་སྒོ་ནས་གདོང་བསྟན་ཕོད་ལ། རང་ཉིད་ཀྱིས་བདམས་པའི་གདམ་གར་འགྱོད་སེམས་མེད་པར་རེ་སེམས་ཆེན་པོས་སང་ཉིན་ལ་སྒུག་རྒྱུ་ཡིན། ངས་ང་རང་གི་རྒྱལ་ཁབ་འདི་ཉིན་ཞིག་གཏམ་བརྗོད་ཀྱི་རང་དབང་ཡོད་པའི་ཡུལ་ཁམས་ཤིག་ཏུ་འགྱུར་ནས། ཡུལ་ཁམས་འདིའི་ཐོག །སྤྱི་འབངས་ཚང་མའི་སྨྲ་བརྗོད་ལ་འདྲ་མཉམ་གྱི་བརྩི་མཐོང་དང་། ཡུལ་ཁམས་འདིའི་ཐོག །བསམ་ཚུལ་དང་དད་མོས། རིན་ཐང་། ཆབ་སྲིད་ཀྱི་ལྟ་བ་སོགས་མི་འདྲ་བ་རྣམས་ཕན་ཚུན་འགྲན་རྩོད་ཀྱི་སྒོ་ནས་ཞི་མཐུན་མཉམ་གནས་ཐུབ་པ། ཡུལ་ཁམས་འདིའི་ཐོག །གྲངས་མང་གི་བསམ་ཚུལ་དང་གྲངས་ཉུང་གི་བསམ་ཚུལ་ལ་འདྲ་མཉམ་དུ་འགན་ལེན་ཐོབ་པ། ལྷག་པར་དུ་ད་ཡོད་ཀྱི་དབང་འཛིན་པ་དང་ཐ་དད་ཀྱི་ཆབ་སྲིད་ཀྱི་ལྟ་ཚུལ་ལ་ཡོངས་སུ་བརྩི་བཀུར་དང་སྲུང་སྐྱོབ་ ཐོབ་པ། ཉི་འོག་ཏུ་ཆབ་སྲིད་ཀྱི་ལྟ་བ་མི་འདྲ་བ་ཚང་མ་དར་ཏེ་མི་སོ་སོའི་བློ་འདོད་བཞིན་འདེམས་ཆོག་པ། སྤྱི་འབངས་ཚང་མས་འཇིགས་ཞུམ་དོར་ཏེ་ཆབ་སྲིད་ཀྱི་ལྟ་ཚུལ་བརྗོད་ཆོག་པ། གནས་བབ་ཅི་འདྲ་ཞིག་གི་འོག་ཏུ་མི་སུ་ཞིག་ཀྱང་ཆབ་སྲིད་ཀྱི་ལྟ་ཚུལ་ཐ་དད་བརྗོད་པའི་དབང་གིས་ཆབ་སྲིད་ཀྱི་སྡུག་སྦྱོང་མྱོང་མི་དགོས་པ་བཅས་ཀྱི་ཡུལ་ཁམས་ཤིག་ཏུ་འགྱུར་རྒྱུར་རེ་སྒུག་བྱ་རྒྱུ་ཡིན། དེ་བཞིན་ངས་རང་ཉིད་རྒྱ་ནག་གི་རྒྱལ་རབས་ལོ་རྒྱུས་ནང་། རྩོམ་བྲིས་ཀྱི་ཉེས་པ་ལས་བཙོན་འོག་ཏུ་ཚུད་པ་གྲངས་མེད་ཞིག་རྒྱུན་ཆད་མེད་པར་བྱུང་ཡོད་པའི་ནང་གི་ཐ་མ་དེར་གྱུར་ཏེ། ད་ནས་བཟུང་སུ་ཞིག་ཀྱང་གཏམ་བཤད་བྱས་པའི་དབང་གིས་གྱོད་དང་ཁ་མཆུར་ཐུག་མ་དགོས་པའི་རེ་བ་ཡོད།
    ཆུང་ཚེ་རིང་གིས་བོད་བསྒྱུར་བྱས་པ་ལས་དྲངས།