ཕྱུག་བདག་གོ་ཝུན་ཀེ་ཡི་སྙིང་ནད་ཀྱིས་ཀྲུང་ནན་ཧེ་ལ་ས་ཡོམ་རྒྱུག་ཏུ་བཅུག

གོ་ཝུན་ཀེ་ཡིས་བརྒྱ་བཤད་སྟོང་བཤད་ཀྱི་རྩ་བར་མ་འོངས་པར་རྒྱ་ནག་དམར་ཤོག་ཚོགས་པ་ནང་ཁུལ་དུ་གྱེན་ལོག་བྱུང་སྟེ་རྒྱལ་ཡོངས་སུ་རྙོག་ཟིང་ཆེན་པོ་བསླང་རྒྱུའམ། ཡང་ན་མི་མང་གིས་གྱེན་ལོག་བྱས་ཏེ་རྒྱ་ནག་དམར་ཤོག་ཚོགས་པ་མགོ་གཏིང་སློག་རྒྱུ་ཡིན་པ་གསལ་པོ་ཆགས།

དེང་སང་ཀྲུང་ནན་ཧེ་དང་འབྲེལ་བའི་བརྒྱུད་ལམ་གྱི་གླེང་གཞི་རྙོག་ཤོས་དང་ཚ་རླབས་ཆེ་ཤོས་ཤིག་ནི། ཨ་རིར་གནས་སྡོད་རྒྱ་རིགས་ཕྱུག་བདག་ཆེན་མོ་གོ་ཝུན་ཀེ་ཟེར་བ་ཞིག་གིས། མེན་ཅིན་གསར་ཁང་གི་ཆབ་སྲིད་གླེང་སྟེགས་དང་། ཁོ་རང་སྒེར་གྱི་ཊི་ཊིར་ཐོག་<<གོ་ཝུན་གེགས་མེད་ཐད་གཏོང་ཁང་>>ཞེས་པའི་བརྙན་འཕྲིན་བརྒྱུད་ཀྲུང་ནན་ཧེ་ཡི་ནང་འཁྲུག་འཐབ་རྩོད་དང་དཔོན་རིགས་ནང་རུལ་བའི་གསང་བའི་གནད་དོན་མང་པོ་ཐེར་འདོན་བྱེད་ཀྱི་ཡོད་པ་མ་ཟད། དབུས་ཆབ་སྲིད་ལྷན་ཁང་གི་ཆེས་མཐོའི་དཔོན་རིགས་བདུན་གྱི་ནང་ནས་ཞི་ཅིན་ཕིན་གྱི་ལག་པ་གཡས་པ། དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་མགོ་འཁྲིད་ཝང་ཇི་ཧྲན་དམིགས་འབེན་དུ་བཟུང་ནས་ཝང་གི་ཚབས་ཆེའི་གསང་བའི་གནས་ཚུལ་མང་པོ་ཞིག་བདེན་དཔང་དང་བཅས་ཕྱིར་བསྒྲགས་ཏེ། མི་མང་གི་མིག་མདུན་ན་གཙང་དག་ལྷག་བསམ་ཅན་གྱི་དཔོན་རིགས་དཔའ་རྒོད་དེ་རྒྱ་ནག་གི་ལྐོག་ཟ་རུལ་སུངས་ཀྱི་གཏེ་བོ་དང་རྒྱལ་ཚོང་ནང་རུལ་བ་ཚབས་ཆེ་ཤོས་ཤིག་ཡིན་པ་སྒྲུབ་ཀྱིན་ཡོད་ལ། ཞོར་དུ་གོ་ཝུན་ཀེ་ཁོ་རང་གི་སྐད་ཆ་དེ་ཚོར་རྒྱ་ནག་མི་མང་གིས་གཙོས་འཛམ་གླིང་སྟེང་དོ་སྣང་དང་གླེང་གཞི་ག་ཚོད་ཆེན་པོ་ཆགས་ཀྱི་ཡོད་མེད་སོགས་ཐད་གཏོང་ཁང་དེ་བརྒྱུད་ནས་ཧ་ལམ་ཉིན་ལྟར་སྒྲོག་གི་ཡོད་པ་དང་། འདི་ནི་ཁོང་གི་འཐབ་རྩོད་ཀྱི་གོམ་པ་དང་པོའམ་མགོ་བརྩམས་པ་ཙམ་ཡིན་སྐོར་བརྗོད་ཡོད་སྟབས། རྒྱ་ནག་གི་གནད་ཡོད་ཆབ་སྲིད་པ་དང་ཤེས་ཡོན་པས་གཙོས་རྒྱལ་སྤྱིའི་དོ་སྣང་ཅན་མང་པོས་ཀྲུང་ནན་ཧེ་ཡི་རྙོང་ཟིང་ཚབས་ཆེན་ཞིག་གི་རྐུབ་བརྡོལ་བར་སྒུག་བསྡད་ཡོད་པ་རེད།

མི་འགྱངས་བར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༩ པ་འཚོགས་འཆར་ཡོད་པ་དང་། ཚོགས་ཆེན་དེའི་ཐོག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་གསར་འདེམས་བྱེད་སྐབས་དཔོན་རིགས་སུ་ཞིག་བསྐྱར་དུ་འདེམས་ཡོང་མིན་དང་། སུ་ཞིག་གསར་དུ་འདེམས་ཡོང་བའི་ཐད་ཀྲུང་ནན་ཧེ་ཡི་ཆབ་སྲིད་དཀྱིལ་འཁོར་ནང་རྣོ་ངར་ཅན་གྱི་འཐབ་རྩོད་ཤུགས་ཆེན་པོ་ཡོང་གི་ཡོད་པར་བཤད། ད་ལྟའི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུས་ལས་བདུན་གྱི་ནང་ནས་ཞི་ཅིན་ཕིན་དང་སྲིད་བློན་ལི་ཁེ་ཆིང་གཉིས་མ་གཏོགས་གཞན་ལྔ་དེ་རྒན་ཡོལ་དུ་འགྲོ་བའི་ལོ་ཚད་ཟིན་གྱི་ཡོད་པ་རེད། ཡིན་ནའང་། ཆབ་སྲིད་དབྱེ་ཞིབ་པ་མང་པོ་ཞིག་གིས་ད་ལན་ཞི་ཅིན་ཕིན་གྱིས་དགོས་པ་ཆེ་ན་དགག་བྱ་དོར་ཟེར་བ་ལྟར་འདས་པའི་ལོ་ངོ་བཅུ་གྲངས་ཀྱི་“བདུན་ཡར་བརྒྱད་མར”ཅེས་པའི་དབུས་ཆབ་སྲིད་ལྷན་ཁང་གི་འགྲོ་སྟངས་རྩིས་མེད་བཏང་སྟེ། ཁོ་རང་གི་ཆབ་སྲིད་འཐབ་གྲོགས་ཝང་ཇི་ཧྲན་བསྐྱར་དུ་ལག་རོགས་སུ་འདེམས་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༦ ཉིན་ནས་བཟུང་གོ་ཝུན་ཀེ་ཟེར་བའི་ཕྱུག་བདག་ཆེན་མོ་དེས་འཛེམས་ཟོན་མེད་པར་ཝང་ཇི་ཧྲན་གྱི་ཚབས་ཆེ་བའི་གསང་རྣམ་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་ཕྱིར་སྒྲོག་གི་ཡོད་པ་དེས་ཝང་ཇི་ཧྲན་ལ་ཐོལ་བྱུང་གི་བར་ཆད་ཆེན་པོ་ཞིག་ཡོང་གི་ཡོད་པ་མ་ཟད།  ཞི་ཅིན་ཕིན་གྱིས་རྒྱ་ནག་གི་ལྐོག་ཟ་རུལ་སུངས་བའི་གཏེ་བོ་ཝང་ཇི་ཧྲན་ཐག་གཅོད་མ་བྱས་ཚེ། གལ་གནད་ཆེ་བའི་དམར་ཤོག་ཚོགས་པའི་ཚོགས་ཆེན་ ༡༩ པ་མེད་ཅེས་གོ་ཝུན་ཀེ་ཡིས་ཐ་ཚིག་ཀྱང་བསྒྲགས་ཡོད་སྟབས། ཞི་ཅིན་ཕིན་ལའང་མཛད་དཀའ་ཟློག་ཏུ་མེད་པ་ཞིག་བཟོ་ཡི་ཡོད་འདུག

སྐབས་འདིར་གོ་ཝུན་ཀེ་ཟེར་བའི་ཕྱུག་བདག་དེར་ཝང་ཇི་ཧྲན་གྱི་ཆབ་སྲིད་ཧམ་སེམས་དང་སྤྱི་རྒྱུ་ལྐོག་ཟ། ལོག་འབྲེལ་ཆགས་སྤྱོད་སོགས་ཀྱི་གསང་བའི་གནས་ཚུལ་གོ་དཀོན་པ་མང་པོ་ཞིག་བདེན་དཔང་དང་བཅས་ཇི་ལྟར་རག་པ་དང་། ཁོའི་རྒྱབ་ལོགས་ན་ཀྲུང་ནན་ཧེ་ཡི་ནང་རུལ་བ་སུ་ཞིག་ཡོད་མེད་དེ་དམར་ཤོག་ཚོགས་པའི་རྡུང་རྡེག་ཚ་ནན་གྱི་མདུང་ཁ་ཕྱོགས་ས་གཙོ་བོ་ཞིག་ཏུ་གྱུར་ཡོད་སྟབས། “ནང་འདྲེ་འཛིན་བཟུང”ཞེས་པའི་ཞིབ་བཤེར་འཛིན་བཟུང་གི་ཆེད་དམིགས་འགུལ་སྐྱོད་ཅིག་ཀྱང་འགྲོ་བཞིན་ཡོད་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཀྲུང་དབྱང་བརྙན་འཕྲིན་ཁང་གི་“ཐུན་མོང་དོ་ཁུར”ཞེས་པའི་ལེ་ཚན་ནང་དུ། གོ་ཝུན་ཀེ་ལ་དཔོན་རིགས་དང་མི་སྒེར་གྱི་མཁའ་འགྲུལ་གནས་ཚུལ་མཁོ་སྤྲོད་བྱེད་མཁན་མང་སྤྱོད་མཁའ་འགྲུལ་སྤྱི་གཉེར་ཁང་གི་ལས་འཛིན་ཟུར་པ་སུང་ཅིན་(宋军)དང་། པེ་ཅིན་མཁའ་འགྲུལ་ཚད་ཡོད་ཚོང་གཉེར་ཁང་གི་འགྲུལ་སྐྱོད་ལྟེ་གནས་ཀྱི་ལས་འཛིན་མཱ་ཚོང་(马丛)གཉིས་འཛིན་བཟུང་བྱས་ཏེ་ཞིབ་བཤེར་བྱེད་བཞིན་ཡོད་པའི་གནས་ཚུལ་ཆེད་གཏོང་བྱས་ཡོད་པ་མ་ཟད།  གོ་ཝུན་ཀེ་ཡིས་སུང་ཅིན་དང་མཱ་ཚོང་གཉིས་ནས་མཁོ་སྤྲོད་བྱས་པའི་གནས་ཚུལ་དག་ལ་ཁ་སྣོན་འགྱོག་བཟོ་བྱས་ཏེ་རྒྱལ་སྤྱིའི་སྒང་འུར་གཏམ་བཟོ་ཡི་ཡོད་ལུགས་བསྒྲགས་སོང་།

འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༦ ཉིན་གོ་ཝུན་ཀེ་ཡིས་ཀྲུང་ནན་ཧེ་ཡི་གསང་བ་ཕྱིར་བསྒྲགས་ཀྱི་འཐབ་རྩོད་མགོ་བཙུགས་པའི་ཕྱི་ཉིན་དེ་རང་ལ་གོ་ཝུན་ཀེ་ཡི་ཚོང་གྲོགས། རྒྱ་ནག་སྐམ་ས་དང་ཧོང་ཀོང་གི་མ་རྐང་ཁྲོམ་རའི་ཆུ་སྲིན་ཆེན་པོར་འབོད་པའི་ཕྱུག་བདག་ཞའོ་ཅན་ཧྭ་(肖建华)ཞེས་པ་དེ་ཧོང་ཀོང་དུས་བཞིའི་ཆང་ཁང་ནས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༣ ཉིན་ཀྲུང་ནན་ཧེ་ཡི་གནད་ཡོད་མི་སྣ་ཞིག་གིས་ཞའོ་ཅན་ཧྭ་ཡི་གནད་དོན་ནི་ད་ལྟ་ཀྲུང་ནན་ཧེ་ཡི་གལ་གནད་ཆེ་ཤོས་ཤིག་ཆགས་བསྡད་ཡོད་པས་པེ་ཅིན་རང་དུ་ཞིབ་བཤེར་བྱེད་བཞིན་ཡོད་སྐོར་བརྗོད་འདུག  ཕྱི་ལོ་ ༢༠༡༣ ལོར་ཞི་ཅིན་ཕིན་གྱིས་ནང་གྲོས་བརྒྱུད་ཞའོ་ཅན་ཧྭ་འཛིན་བཟུང་དགོས་པའི་བཀའ་རྒྱ་བཏང་ཡོད་ཀྱང་། ནང་རུལ་བ་ཞིག་གིས་དེ་མ་ཐག་ཞའོ་ཅན་ཧྭ་ལ་བརྡ་ལན་བསྐྱལ་ཏེ་ཁོ་ཧོང་ཀོང་དུ་བྲོས་ཕྱིན་ཡོད་འདུག ཞའོ་ཅན་ཧྭ་ཟེར་བའི་ཕྱུག་བདག་འདི་ཅང་ཙེ་མིན་དང་ཙིན་ཆིན་ཧོང་སོགས་དམར་སྲས་ཚོགས་པའི་མཐོ་རིམ་དཔོན་རིགས་ཚོའི་དངུལ་མཛོད་དོ་དམ་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ད་ལན་བཀག་སྐྱིལ་མནར་གཅོད་ཁྲོད་ཞའོ་ཅན་ཧྭ་ཡིས་ཅང་ཙེ་མིན་ཚོགས་པའི་གསང་བའི་གནས་ཚུལ་མང་པོ་ཞིག་གི་རྐུབ་བརྟོལ་ཡོད་པའི་གནས་ཚུལ་ཡང་བརྒྱུད་ལམ་དུ་ཐོན་ཡོད་པ་རེད།

ཀྲུང་ནན་ཧེ་ཡི་གསང་བ། གོ་ཡི་སྙིང་ནད་ཀྱིས་བརྟོལ། 

གོ་ཝུན་ཀེ་ཡིས་ཐོག་མཐའ་བར་གསུམ་དུ་ཅིའི་ཕྱིར་ཝང་ཇི་ཧྲན་དམིགས་འབེན་དུ་བཟུང་སྟེ་ཝང་གི་གསང་བའི་གནས་ཚུལ་མང་པོ་ཞིག་སྔོག་འདོན་བྱེད་ཀྱིན་ཡོད་པ་རེད་ཟེར་ན། གོ་ཝུན་ཀེ་ཁོ་རང་གི་བསྒྲགས་གཏམ་ཁག་ནས་ཀྱང་གསལ་པོ་ཆགས་ཡོད། ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་བའི་འཐབ་ཇུས་ཁྲོད་ཝང་ཇི་ཧྲན་གྱིས་གོ་ཝུན་ཀེ་ཡི་ཁྱིམ་མི་གཉེན་འབྲེལ་དང་གོང་འོག་ལས་མི་ཚང་མ་འཛིན་བཟུང་བྱེད་དགོས་པའི་བཀའ་རྒྱ་བཏང་ཡོད་པ་དང་། ཕྱིས་སུ་ཡང་བསྐྱར་ཞི་ཅིན་ཕིན་གྱི་བཀའ་བཀོད་མཛུབ་སྟོན་ཡིན་ལུགས་བརྗོད་དེ་ཝང་ཇི་ཧྲན་གྱིས་ལམ་ཐབས་དཀར་ནག་ཅི་འདྲ་བཀོལ་དགོས་ཀྱང་གོ་ཝུན་ཀེ་ངེས་པར་དུ་རྩ་མེད་བཟོ་དགོས་པའི་བཀའ་ནན་ལག་བསྟར་བྱས་པར་བརྟེན། གོ་ཝུན་ཀེ་ཕྱི་རྒྱལ་ལ་བྲོས་བྱོལ་དུ་འགྲོ་དགོས་བྱུང་བ་མ་ཟད། ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡༦ ཉིན་ཁོ་རང་དང་འབྲེལ་བ་ཡོད་པའི་ནག་ཉེས་འོག་རྒྱ་ནག་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་མགོ་འཁྲིད་གཞོན་པ་ཟུར་པ་མཱ་ཅན་(马建)འཛིན་བཟུང་བྱས་པ་དང་། ཡང་འདི་ལོའི་ཕྱི་ཟླ་ ༤ པའི་ནང་ཨ་རིའི་སྲིད་འཛིན་ཊོམ་ཕུ་དང་ཞི་ཅིན་ཕིན་གཉིས་ཐུག་འཕྲད་བྱས་རྗེས། རྒྱ་ནག་ཕྱོགས་ནས་རྒྱ་ནག་གི་ཉེས་ཅན་གོ་ཝུན་ཀེ་ཕྱིར་རྒྱ་ནག་ཏུ་རྒྱང་འཕུད་གཏོང་དགོས་པའི་རེ་སྐུལ་བྱས་པ་སོགས་ནི་གོ་ཝུན་ཀེ་ཡི་སངས་མི་ཐུབ་པའི་སྙིང་ནད་ཅིག་ཏུ་གྱུར་ཡོད་འདུག་ལ། ཁོས་ཀྲུང་ནན་ཧེ་དང་ཤི་འཛིང་བྱེད་པའི་སེམས་ཐག་བཅད་པ་དེའང་མཐར་དེད་ན་སྙིང་ནད་དེའི་རྐྱེན་གྱིས་ཡིན་པར་བཤད་ཀྱི་འདུག་ལ། ཁོས་ཟ་དང་ཟུར་ནས་ཅང་ཙེ་མིན་དང་ཙིན་ཆིན་ཧོང་ལ་ཚད་མཐོའི་མཐོང་ཆེན་བྱས་པ་མ་ཟད། འདས་པའི་ལོ་ ༢༠ དང་ ༣༠ ནང་ཅང་ཙེ་མིན་ལྟ་བུའི་མགོ་འཁྲིད་ཅིག་བྱུང་མེད་ཚེ། རྒྱ་ནག་ལ་དེ་རིང་གི་ཉི་མ་འདི་མེད་སྐོར་དང་། ཙིན་ཆིན་ཧོང་ནི་ཆེས་རླབས་ཆེ་བའི་ཆབ་སྲིད་པ་ཞིག་ཡིན་ལུགས་ཀྱང་བཤད་ཡོད་པ་རེད།

གོ་ཝུན་ཀེ་ཡིས་བསྒྲགས་བཞིན་པའི་གནས་ཚུལ་དག་ལ་ཞེ་འཁོན་གྱི་སྙིགས་རོ་དང་འུར་གཏམ་གྱི་ཡ་ཡོ་ཅི་ཙམ་འདྲིས་ཡོད་ཀྱང་ཁོས་སྔ་གཞུག་ཏུ་བཤད་པའི་སྐད་ཆའི་ཁྲོད་ནས་ཁ་གསལ་གཏིང་གསལ་དུ་གྱུར་བའི་གནད་དོན་གསུམ་ཡོད། དང་པོ་ཞི་ཅིན་ཕིན་གྱིས་སྲིད་དབང་བཟུང་བའི་རིང་འདིར་སྔར་བྱུང་མ་མྱོང་བའི་རྙོག་ཟིང་ཚབས་ཆེན་བྱུང་བསྡད་ཡོད་པ་དང་། རྙོག་ཟིང་དེ་ཕྱི་ཡི་རྙོག་ཟིང་ཙམ་མིན་པར་ཏང་ནང་ཁུལ་གྱི་རྙོག་ཟིང་ཚབས་ཆེན་ཞིག་ཆགས་ཡོད། གོ་ཝུན་ཀེ་ཡིས་བཤད་ན། རྒྱ་ནག་པེ་ཅིན་ཉེན་རྟོག་ཁང་གི་མགོ་འཁྲིད་གཞོན་པ་ཟུར་པ་མཱ་ཅན་དང་ཁོའི་ལག་རོགས་ཤིག་གིས། མ་འོངས་པར་རྒྱ་ནག་ལ་འབྱུང་རྒྱུ་ཡིན་པའི་རྙོག་ཟིང་ཆེན་པོ་གཉིས་ལས་གཅིག་ནི་ཏང་ནང་ཁུལ་དུ་གྱེན་ལོག་བྱུང་སྟེ་རྒྱལ་ཡོངས་སུ་རྙོག་ཟིང་ཆེན་པོ་བསླང་རྒྱུ་དང་། གཞན་ཞིག་ནི་མི་མང་གིས་གྱེན་ལོག་བྱས་ཏེ་རྒྱ་ནག་དམར་ཤོག་ཚོགས་པ་མགོ་གཏིང་སློག་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

ཁ་གསལ་གཏིང་གསལ་དུ་གྱུར་བའི་གནད་དོན་གཉིས་པ་ནི། ཞི་ཅིན་ཕིན་དང་ཝང་ཇི་ཧྲན་གྱི་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་བའི་མཉམ་འབྲེལ་དེ་ཉེན་ཁ་རྐྱང་རྐྱང་ཞིག་ཏུ་གྱུར་ཡོད་པ་རེད། གོ་ཡིས་བཤད་ན། ཕྱི་ལོ་ ༢༠༡༥ ལོར་ཚོགས་འདུ་ཞིག་གི་ཐོག་ཝང་ཇི་ཧྲན་གྱིས་ལྐོག་ཟ་རུལ་སུངས་ཀྱི་རྒོལ་རྡུང་ཁྲོད་མི་དེ་འདྲ་མང་པོ་ཞིག་འཛིན་བཟུང་བྱས་པ་དེ་ང་དང་འབྲེལ་བ་གང་ཡང་མེད་ཅེས་བརྗོད་དེ། རྒོལ་རྡུང་གི་ལས་འགུལ་དེའི་ནག་ཉེས་ཡོད་ཚད་ཞི་ཅིན་ཕིན་གྱི་མགོ་ལ་གཡུགས་ཡོད་པ་དང་།  ཝང་ཇི་ཧྲན་གྱིས་གཤམ་འོག་ནས་ཞི་ཅིན་ཕིན་ལ་དབང་བསྒྱུར་བཞིན་ཡོད་པར་བཤད།

ཁ་གསལ་གཏིང་གསལ་གྱི་གནད་དོན་གསུམ་པ་ནི། ཞི་ཅིན་ཕིན་དང་ཝང་ཇི་ཧྲན་གཉིས་ལས་ཏང་ནང་གི་ཆེས་ཉེན་ཁ་ཅན་གྱི་ཧམ་སེམས་ཅན་དེ་སུ་ཡིན་ནམ་ཟེར་ན། ཝང་ཇི་ཧྲན་གྱི་མི་ཚོས་ང་ཚོ་ཆེས་མཐོའི་དཔོན་རིགས་ནང་གི་དངོས་གནས་ཧམ་སེམས་ཅན་དང་ཆེས་ཉེན་ཁ་ཅན་དེ་ཞི་ཅིན་ཕིན་རེད་ཅེས་བརྗོད་ཀྱི་རེད་དེ། སྐད་ཆ་དེ་རྒྱུན་ལྡན་གྱི་བསམ་འཆར་དང་རིང་དུ་གྱེས་ཡོད། ཞི་ཅིན་ཕིན་གྱིས་འདི་ལོའི་ཚོགས་ཆེན་གཉིས་ཀྱི་གཙོས་ཚོགས་འདུ་ཆེ་ཆུང་གང་མང་ཐོག་ཏང་ནང་ཁུལ་དུ་ཧམ་སེམས་ཅན་དང་། ཇུས་ངན་ལྐོག་གཤོམ་པ་ཡོད་ལུགས་བརྗོད་ཡོད་པ་དང་། ཝང་ཇི་ཧྲན་གྱིས་ཀྱང་ཏང་ནང་ཁུལ་གྱི་ཧམ་ཅན་ལྐོག་ཇུས་པ་རྣམས་ཚར་གཅོད་དགོས་པའི་འབོད་སྐུལ་བྱས་ཡོད། འོ་ན་དོན་དངོས་སུ་ཡང་ཡང་གླེང་བའི་ཧམ་ཅན་ལྐོག་ཇུས་པ་དེ་སུ་ཡིན་ནམ་ཞེ་ན། གོ་ཝུན་ཀེ་ཡིས་ཝང་ཇི་ཧྲན་གྱི་ཆབ་སྲིད་ཧམ་སེམས་ཧ་ཅང་གཏིང་ནག་ཅིང་རྒྱ་ཆེ་བ་མ་ཟད། ཁོའི་ཆབ་སྲིད་ཤུགས་རྐྱེན་རྒྱ་ནག་ནང་ཙམ་མིན་པར་ཨ་རི་དང་འཛམ་གླིང་སྤྱི་ཡོངས་ཀྱི་ནང་ཁྱབ་ཡོད་པ་དང་། ཁོས་ནུབ་ཕྱོགས་སུ་མཉམ་འབྲེལ་ཁེ་ཕན་བརྗེ་ལེན་གྱིས་འཛམ་གླིང་ཅན་གྱི་ཆབ་སྲིད་སྟོབས་ཤུགས་སྟངས་འཛིན་བྱེད་ཀྱི་ཡོད་ལ། ཐ་ན་ཨ་རིའི་(Freemasonry)དང་ཡེལ་གཙུག་ལག་སློབ་ཆེན་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་གསང་བའི་ཚོགས་པ་(Skull and Bones) ཞེས་པ་གཉིས་ཀྱིས་ཀྱང་ཁོ་ལ་གསང་བའི་རོགས་འདེགས་བྱེད་ཀྱི་ཡོད་སྟབས། གལ་སྲིད་ཏང་གི་ཚོགས་ཆེན་ ༡༩ པའི་ཐོག་ཞི་ཅིན་ཕིན་དང་ཝང་ཇི་ཧྲན་གཉིས་ལས་གཅིག་འདེམས་སྒྲུག་བཏང་བ་ཡིན་ན། ཝང་ཇི་ཧྲན་གྱིས་ཞི་ཅིན་ཕིན་མར་གཡུག་རྒྱུ་ཡིན་པ་གདོན་ཟ་མི་དགོས་སྐོར་བཤད།

རྒྱལ་ཚོང་ནང་རུལ་བའི་ཇག་ཚོཊ།

རྒྱ་ནག་མི་མང་གིས་ཝང་ཇི་ཧྲན་རྒྱ་ནག་དམར་ཤོག་ཚོགས་པ་ལྐོག་ཟ་རུལ་སུངས་ཀྱི་ནད་ངན་ལས་སྐྱོབ་མཁན་གྱི་དཔའ་རྒོད་གཙང་མ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ཝང་ཇི་ཧྲན་ལ་ཡུན་རིང་ནས་འབྲེལ་འདྲིས་རྒྱུས་མངའ་གང་འཚམ་ཡོད་པའི་གོ་ཝུན་ཀེ་ཡིས། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༡༦ ཉིན་ཁོས་འཛམ་གླིང་མི་མང་ཧང་སང་དུ་འཇུག་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་ལྟར། ཏག་ཏག་ཕྱི་ཟླ་ ༦ ཚེས་ ༡༦ ཉིན་ཁོས་ཝང་ཇི་ཧྲན་གྱི་བཟའ་ཟླ་ཡའོ་མིན་ཧྲན་(姚明删) ཕྱི་ལོ་ ༡༩༩༢ ལོར་ཨ་རིར་འབྱོར་ཏེ་ཕྱི་ལོ་ ༡༩༩༦ ལོར་ཁ་ལི་ཧྥོར་ནི་ཡའི་ནང་ས་ཁང་གཞིས་སྒར་ཉོས་ཏེ་གཞིས་ཆགས་ཡོད་པ་དང་། ཡའོ་མིན་ཧྲན་གྱི་གཅུང་མོ་འདས་བོ་ཡའོ་མིན་དན་(姚明端)་དང་མོའི་ཁྱོ་ག་སུན་ཧྥོང་ཧྲན། (孙凤山)། དེ་གཉིས་ཀྱི་བུ་མོ་སུན་ཡའོ་བཅས་ཨ་རིའི་མི་སེར་ཡིན་པའི་ལག་ཁྱེར་གྱི་ཨང་གྲངས་དང་། སྡོད་གནས་ཁ་བྱང་སོགས་བསྒྲགས་ཡོད་པ་དང་། གོ་ཡིས་བཤད་པའི་སྡོད་གནས་ཁ་བྱང་སོགས་ཀྱི་ཐོག་ནས་འཚོལ་བཤེར་བྱེད་སྐབས་དངོས་ཡོད་གནས་ཚུལ་ཡིན་པ་ར་འཕྲོད་ཡོད་སྟབས། དབུས་དམར་ཤོག་ཚོགས་པའི་སྒྲིག་གཞི་ལྟར་ན། བཟའ་ཟླ་ཕྱི་རྒྱལ་གྱི་མི་སེར་ཡིན་པའི་ཝང་ཇི་ཧྲན་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་རྐུབ་བཀྱག་ཐོག་འདུག་པའི་ཐོབ་ཐང་མེད་པ་རེད།

ཡང་ཉིན་དེར་གོ་ཝུན་ཀེ་ཡིས། ཝང་ཇི་ཧྲན་ཚང་གིས་ཁེ་ཕན་ཚོགས་པ་(利益集团)ཞེས་པ་ཞིག་བརྒྱུད་དེ་དངུལ་བྱང་ ༣༦༠ ལྷག་གི་ཐོག་ནས་ཝང་ཇི་ཧྲན་གྱི་བཟའ་ཟླ་ཡའོ་མིན་ཧྲན་དང་མོའི་གཅུང་མོ། ཝང་གི་ཚ་མོའམ་བུ་ཚབ་མ་སུན་ཡའོ་དང་ཚ་བོ་ཡའོ་ཆིན་བཅས་ཀྱི་དངུལ་བྱང་ཐོག་ཉུང་མཐར་ཁྱོན་བསྡོམས་རྒྱ་སྒོར་དངུལ་སྨར་དུང་ཕྱུར་ཁྲི་ ༢༠ (20万亿)བཏང་ཡོད་པ་དང་། ཝང་ཇི་ཧྲན་ཚང་གིས་ལྐོག་ཟ་བྱས་པའི་རྒྱ་སྒོར་དུང་ཕྱུར་མང་པོ་དེ་སྤྱི་མང་སྨན་བཅོས་རིན་མེད་དང་སློབ་ལོ་རན་པའི་སློབ་གསོ་རིན་མེད། རྒན་ཡོལ་ལྟ་སྐྱོང་བཅས་རྒྱ་ནག་རྒྱལ་ཡོངས་ཀྱི་ལས་གཞི་ཆེན་པོ་གསུམ་ཀྱི་ལོ་རེའི་ཁྱོན་བསྡོམས་ཀྱི་འགྲོ་གྲོན་ཐོག་བགོ་བཤའ་བརྒྱབ་པ་ཡིན་ན། ལོ་སུམ་ཅུའི་སྤྱི་མང་ཕན་བདེའི་འགྲོ་གྲོན་ཆགས་ཀྱི་ཡོད་སྟབས། ཝང་ཇི་ཧྲན་གྱི་ཁྱིམ་ཚང་ནི་རྒྱལ་ཚོང་ནང་རུལ་བའི་ཇག་ཚོགས་ཤིག་རེད་ཅེས་བརྗོད་ཡོད་པ་རེད།

ཡང་གོ་ཝུན་ཀེ་ཡིས་རྒྱ་ནག་གི་ཁེ་ལས་ཚོང་གཉེར་ཁང་ (HNA Group)ཞེས་པ་དེའི་སྦྱིན་བདག་ཁྲིན་ཧྥོང་(陈峰) དང་། ཁོའི་ལག་རོགས་ཀན་ཅིན། ལུའུ་ཁྲིན་ཅི། ཝང་གི་ཚ་མོ་སུན་ཡའོ་སོགས་ཚུད་པའི་ཝང་ཇི་ཧྲན་ཚང་གིས་རྒྱ་སྒོར་དུང་ཕྱུར་ཁྲི་ ༡༨༠  (180万亿) ལྷག་གི་རྒྱུ་དངོས་སྟངས་འཛིན་བྱེད་ཀྱི་ཡོད་པ་དང་། སུན་ཡའོ་མ་གཏོགས་གོང་གི་མི་དེ་ཚོའི་ཐོབ་ཐང་གསང་བ་ཡིན་པས་རིམ་གྱིས་སྔོག་རྒྱུ་ཡིན་ལ། འདི་ལོའི་ཕྱི་ཟླ་ ༨ པའི་ནང་ཁོས་བསྡུ་འཆར་ཡོད་པའི་འཛམ་གླིང་ཡོངས་བསྒྲགས་ཀྱི་ལྷན་ཚོགས་ཐོག་ཝང་ཚང་གིས་ཧམ་བཟུང་བྱས་པའི་རྒྱུ་དངོས་ཀྱི་བདེན་དཔང་དངུལ་བྱང་ཨང་གྲངས་དང་རྒྱུ་དངོས་གང་དུ་བཏང་བ། ཉོ་ཚོང་གི་དུས་ཚོད་དང་དངུལ་འབོར་སོགས་ཆ་ཚང་གསལ་བསྒྲགས་བྱ་རྒྱུ་ཡིན་ལ། དབུས་དམར་ཤོག་ཚོགས་པའི་ནང་ཝང་ཇི་ཧྲན་ལྟ་བུའི་ནང་རུལ་རྐུན་ཇག་ཁག་ཅིག་ཡོད་པས་རིམ་གྱིས་ཐེར་འདོན་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་མ་ཟད། ད་ལྟ་ཁོའི་ཁྲིམས་རྩོད་པས་རྒྱ་ནག་གི་གསང་བའི་གནད་དོན་ཁག་ལ་རྒྱུས་མངའ་ཆེ་བའི་མི་སྣ་ཞིག་དང་འབྲེལ་འདྲིས་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་པ་དང་། གསང་བའི་མི་སྣ་དེ་ནི་ཨ་རིའི་ནང་བྲོས་བྱོལ་དུ་ཕྱིན་པའི་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་འཁྲིད་ཟུར་པ་ལིན་ཅི་ཧྭ་ཡི་ནུ་བོ་ལིན་ཝན་ཁྲིན་(令完成)ཡིན་པའི་ཚོད་དཔག་བྱེད་ཀྱི་འདུག

ཀྲུང་ནན་ཧེ། མཛེས་མ་ཚོའི་མཛོད་ཁང་ཆེན་མོ། 

ཀྲུང་ནན་ཧེ་ཡི་དཔོན་རིགས་ཚོས་དབང་ཆ་དང་རྒྱུ་དངོས་ལ་བརྟེན་ནས་གཞས་མ་གར་མ་དང་གློག་བརྙན་འཁྲབ་སྟོན་མ། བརྙན་འཕྲིན་མདོ་འཛིན་པ་སོགས་མཛེས་མ་མང་པོར་ཚུལ་མིན་གྱི་འབྲེལ་བ་བཟུང་སྟེ། སྒོར་མོ་དུང་ཕྱུར་མང་པོས་འགྲོ་གྲོན་བཏང་ནས་རྒྱལ་ཕྱི་ནང་དུ་ས་ཁང་ཉོས་པ་དང་། མིང་གྲགས་དང་རྒྱས་སྤྲས་ལོངས་སྤྱོད་ཕུན་སུམ་ཚོགས་པ་བསྐྲུན་བཞིན་པའི་གནས་ཚུལ་ལྐོག་ཟ་རུལ་སུངས་ཀྱི་རྒོལ་རྡུང་ཁྲོད་མང་པོ་ལྷང་ལ་བུད་ཡོད་པ་རེད། གོ་ཝུན་ཀེ་ཡིས་བཤད་ན། ཝང་ཇི་ཧྲན་གྱིས་ས་ཁང་གི་བདག་དབང་བེད་སྤྱད་དེ་རང་གི་གྲོགས་པོའི་ཆུང་མ་དང་མཛའ་མོ་སོགས་ཚུད་པའི་རྒྱ་ནག་སྐམ་ས་དང་ཧོང་ཀོང་གི་མཛེས་མ་མང་པོར་ལྐོག་འབྲེལ་བྱས་ཡོད་པ་མ་ཟད། ཝང་འཁྲིག་སྤྱོད་བརྙན་རིས་ལེན་རྒྱུར་དགའ་བོ་ཡོད་སྟབས། གོ་ཡིས་དེ་སྔོན་ཝང་ཇི་ཧྲན་གྱི་འཁྲིག་སྤྱོད་བརྙན་ཐུང་ཁྱོན་འོད་ཟེར་ ༡༨ ཙམ་ཞིག་མཐོང་མྱོང་ཡོད་སྐོར་བརྗོད་ཡོད་པ་རེད།

གོ་ཝུན་ཀེ་ཡིས་བརྗོད་རྒྱུར་པེ་ཅིན་དུ་ཡོད་པའི་རྒྱ་ནག་གསོལ་མགྲོན་ཁང་ཆེན་མོའི་ཁང་པ་སྒོ་རྟགས་ཨང་ ༡༨༠༨ དང་། རྒྱལ་སྤྱིའི་རོལ་དབྱངས་གསོལ་མགྲོན་ཁང་གི་ཁང་པ་ཞིག་ཝང་ཇི་ཧྲན་གྱིས་རྒྱུན་གླ་བྱས་ཏེ། གློག་བརྙན་འཁྲབ་སྟོན་མ་དང་གླུ་མ་གར་མ་མང་པོ་དང་མཉམ་དུ་སྤྲོ་སྐྱིད་ལ་རོལ་ནས་བསྡད་ཡོད་པ་དང་། ཝང་ཇི་ཧྲན་གྱི་ཟུར་བསྟེན་དགའ་མ་གྲགས་ཅན་གཅིག་ནི་རྒྱ་ནག་གི་གློག་བརྙན་འཁྲབ་སྟོན་མ་ཧྥན་པིན་པིན་ཡིན་པ་དང་། ད་དུང་གློག་བརྙན་འཁྲབ་སྟོན་མ་གྲགས་ཅན་ཀྲོ་ཝེ་(赵薇)་དང་། ཀྲུང་དབྱང་བརྙན་འཕྲིན་ཁང་གི་མདོ་འཛིན་པ་མཛེས་མ་ཞེ་ཆིན་(许晴)། ཧོང་ཀོང་གི་གློག་བརྙན་འཁྲབ་སྟོན་མ་ཀྲང་ཙི་ཡས་(章子怡)སོགས་དང་ཚུལ་མིན་འབྲེལ་བ་བྱུང་ཡོད་སྐོར་བསྒྲགས་པར་བརྟེན། ཧྥན་པིན་པིན་གྱིས་གོ་ཝུན་ཀེ་ཡིས་འཆལ་གཏམ་བསྒྲགས་ཏེ་ཁོ་མོ་སྒེར་གྱི་འཚོ་བ་དང་ཁེ་དབང་ལ་གནོད་སྐྱོན་བཏང་ཡོད་སྐོར་བཤད་དེ་ཨ་རིའི་ཁྲིམས་ཁང་ཞིག་ཏུ་ཞུ་གཏུག་བྱས་ཡོད་པ་དང་། མཛེས་མ་ཞེ་ཆིན་ཀྱིས་ཀྱང་གོ་ཝུན་ཀེ་ཡི་སྐད་ཆ་དེ་ཚོ་འཆལ་གཏམ་ཁོ་ན་ལས་མ་འདས་པས་གཞན་ལ་དོན་མེད་བསྙོན་འཛུགས་བྱེད་པའི་བྱ་སྤྱོད་མྱུར་ཏུ་མཚམས་འཇོག་དགོས་པ་མ་ཟད། གསར་ལམ་བརྒྱུད་ཁོ་མོར་ཡོངས་གྲགས་ཀྱི་ཐོག་ནས་དགོངས་སེལ་ཞུ་དགོས་པའི་བསྒྲགས་གཏམ་སྤེལ་འདུག

ངའི་སྲོག་སྲ་མོ་ཡོད། ལོ་སྟོང་ལ་ཤི་ཡི་མ་རེད། 

ཝང་ཇི་ཧྲན་གྱིས་འདས་པའི་ལོ་མང་རིང་ཞི་ཅིན་ཕིན་གྱི་དཔའ་ངར་ལྡན་པའི་འཐབ་གྲོགས་ཤིག་གི་ངོ་བོའི་ཐོག་ནས་ལྐོག་ཟ་རུལ་སུངས་བ་དང་ཁ་གཏད་པ་མང་པོ་ཞིག་ཆམ་ལ་ཕབ་པར་བརྟེན། ཅང་ཙེ་མིན་དང་ཀྲུའུ་ཡོང་ཁང་སོགས་ཝང་ཇི་ཧྲན་ལ་སྡང་སེམས་རུས་པའི་གཏིང་ལ་འཐིམས་ཡོད་སྟབས། ད་བར་བརྒྱུད་ལམ་དུ་ཐོན་པའི་གནས་ཚུལ་ལྟར་ན། ཞི་ཅིན་ཕིན་ལ་ཉུང་མཐར་ལྐོག་གསོད་ཀྱི་དོན་རྐྱེན་ཐེངས་ ༧ བྱུང་ཡོད་པ་དང་། དེ་བཞིན་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་མི་སྣ་གནས་དབྱུས་གཅར་རྡུང་བཏང་བ་དང་། ལྐོག་གསོད་བྱས་པ། ལས་ཁུངས་དང་རླངས་འཁོར་ནང་གསང་བའི་བརྙན་ལེན་པར་ཆས་དང་ལྐོག་ཉན་སྒྲ་ཕབ་བཞག་པ་སོགས་ཀྱི་གནས་ཚུལ་མང་པོ་བྱུང་ཡོད་པ་རེད། དེ་ཡང་དམར་ཤོག་ཚོགས་པ་ནང་ཁུལ་གྱི་གསང་བའི་ཡིག་ཆ་ཞིག་ཏུ། ཕྱི་ལོ་ ༢༠༡༣ ཟླ་ ༩ ནས་ ༢༠༡༤ ཟླ་ ༣ པའི་ཟླ་སྨད་བར་དུ་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་དང་ཞིང་ཆེན་གྱི་ཞིབ་བཤེར་ཁང་གི་དཔོན་རིགས་ ༣༠ ཚུད་པའི་འབྲེལ་ཡོད་ལས་བྱེད་ ༦༠ མ་ཟིན་ཙམ་ལ་ལྐོག་གསོད་དང་གར་ཡོད་ཅི་བྱུང་མེད་པར་གྱུར་བའི་གནས་ཚུལ་བྱུང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༣ ནས་ ༢༠༡༥ ཟླ་ ༤ བར་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་མགོ་འཁྲིད་ཚོར་ལས་ཀའི་དུས་སྐབས་དང་བསྟུན་དྲག་རྒོལ་དང་ལྐོག་གསོད་ཀྱི་དོན་རྐྱེན་ཐེངས་ ༤༠ ལྷག་བྱུང་ཡོད་པ་དང་། དེའི་ཁྲོད་ནས་ཝང་ཇི་ཧྲན་དམིགས་འབེན་དུ་བཟུང་བའི་དོན་རྐྱེན་ཉུང་མཐར་ཐེངས་ ༡༢ ལྷག་བྱུང་། ཝང་ཇི་ཧྲན་གྱིས་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ནས་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་མགོ་འཁྲིད་ཀྱི་འགན་འཁུར་ཏེ། ཕྱི་ལོ་ ༢༠༡༥ ཟླ་ ༡༡ པའི་ཟླ་དཀྱིལ་བར་དུ་ཁོ་ལ་འཇིགས་སྐུལ་དང་དམར་གསོད་སྔོན་བརྡ་གཏོང་བའི་ཡི་གེ་ ༤༠༠༠ ལྷག་འབྱོར་ཡོད་པ་དང་། དེ་བཞིན་ཐུང་མདའ་དང་མདེའུ། རྫས་ངན་གྱི་སྦྲག་ཐོག་ཅ་དངོས་ ༦༠ ལ་ཉེ་བ་འབྱོར་ཡོད་པ་དང་། སྦྲག་དངོས་ཞིབ་བཤེར་བྱས་པ་བརྒྱུད་དམར་སྲས་རྣམས་གཙོ་བོར་གྱུར་བའི་གཏོར་རྒོལ་རང་བཞིན་གྱི་རྩ་འཛུགས་ཁག་ ༡༢ ནས་བསྐུར་ཡོད་པ་ཤེས་རྟོགས་བྱུང་སྐོར་བརྗོད་ཡོད་པ་རེད།

ཕྱི་ལོ་ ༢༠༡༦ ཟླ་ ༡༡ པའི་ཟླ་མཇུག་ཏུ་ཝང་ཇི་ཧྲན་ཧྲན་ཞི་ཞིང་ཆེན་ཡང་ཆན་གྲོང་ཁྱེར་ནང་རྟོག་ཞིབ་ཏུ་ཕྱིན་སྐབས། དོ་སྐྱེལ་རླངས་འཁོར་ཆེན་པོ་ཞིག་གློ་བུར་དུ་རྒྱུགས་ཡོང་སྟེ་རྟོག་ཞིབ་ཚོགས་པའི་རླངས་འཁོར་རུ་ཁག་གི་སྣེ་འཁྲིད་རླངས་འཁོར་ལ་གདོང་ཐུག་བརྒྱབ་སྟེ། དོ་སྐྱེལ་རླངས་འཁོར་ཧྲིལ་པོ་འབར་གད་བྱུང་ཡོད་པ་རེད།  སྐབས་དེར་ཕྱི་ཕྱོགས་ཀྱི་བརྒྱུད་ལམ་ཁག་ནས་དོན་རྐྱེན་དེ་ནི་ཝང་ཇི་ཧྲན་ལྐོག་གསོད་བྱེད་པའི་དོན་རྐྱེན་ཐེངས་ ༢༧ པ་དེ་ཡིན་སྐོར་བསྒྲགས་ཡོད་པ་རེད། དེ་ཡང་ཕྱི་ལོ་ ༢༠༡༣ ཟླ་ ༨ པའི་ཟླ་མཇུག་ཏུ། ཝང་ཇི་ཧྲན་ཅང་ཞི་ཞིང་ཆེན་ནན་ཁྲང་སོགས་སུ་རྟོག་ཞིབ་ཏུ་ཕྱིན་ཏེ་ཅང་ཞི་མགྲོན་ཁང་དུ་ཞག་སྡོད་བྱེད་སྐབས། མཚན་མོར་གློ་བུར་དུ་སྐད་ཆ་ ༥༠ ཙམ་གྱི་རིང་གློག་མེད་པར་གྱུར་བ་དང་བསྟུན་མི་གཉིས་ཀྱིས་ཝང་ཇི་ཧྲན་ལ་ཐུག་དགོས་ཚུལ་བཤད་དེ་ཝང་སྡོད་སའི་མགྲོན་ཁང་ནང་དུ་འཛུལ་སྐབས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། ཕྱིས་སུ་ཞིབ་བཤེར་བྱེད་སྐབས་ཉེན་རྟོག་ལས་ཁུངས་ནས་གནས་དབྱུང་བཏང་ཟིན་པའི་ལྐོག་གསོད་པ་ཞིག་ཡིན་པ་ར་འཕྲོད་ཡོད་འདུག

གཞན་ཡང་། ཕྱི་ལོ་ ༢༠༡༤ ལོའི་རྒྱ་ནག་གི་ལོ་གསར་བསླེབས་ལ་ཉེ་བའི་སྐབས་ཤིག་ལ་ཝང་ཇི་ཧྲན་ལ་རྫས་འགྱུར་དུག་ངན་དབྱུག་པའི་ལོ་གསར་ཤིས་ཤོག་(New Year Card)ཅིག་འབྱོར་ཡོད་པ་དང་། དེ་མ་ཐག་རྩད་གཅོད་བྱས་ཡོད་ཀྱང་མཐར་གོ་མེད་ཚོར་མེད་དུ་གྱུར། ཡང་ལོ་དེར་ཝང་ཇི་ཧྲན་ཐེན་ཅིན་དུ་རྟོག་ཞིབ་བྱེད་པར་ཕྱིན་ཏེ་རྟོག་ཞིབ་ཚོགས་པའི་རླངས་འཁོར་རྣམས་བང་སྒྲིག་ནས་འགྲོ་སྐབས། གློ་བུར་དུ་རྐང་གསུམ་གླ་འཁོར་ཞིག་གིས་རྟོག་ཞིབ་རླངས་འཁོར་གསུམ་པ་དེར་བརྡུངས་ནས་མེ་འབར་ཡོད་པ་དང་། སྐབས་དེར་ཝང་ཇི་ཧྲན་རྟོག་ཞིབ་རླངས་འཁོར་གཉིས་པ་དེའི་ནང་དུ་བསྡད་ཡོད་སྟབས་རྨས་སྐྱོན་བྱུང་མེད་པ་རེད།

ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༧ དང་ ༢༨ ཉིན་ཝང་ཇི་ཧྲན་ཧུའུ་ནན་ཞིང་ཆེན་དུ་རྟོག་ཞིབ་ཕྱིན་སྐབས། ཚེས་ ༢༨ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༤ པ་ཙམ་ལ་ཝང་ཇི་ཧྲན་འདུག་སའི་མགྲོན་ཁང་གི་གློག་ཐེངས་གཉིས་ལ་མེད་པར་གྱུར་བ་དང་བསྟུན། རྟོག་ཞིབ་ཉེན་སྲུང་ཁང་གི་ཆེད་སྤྱོད་རླངས་འཁོར་ལ་འབར་གད་བྱུང་ཡོད་པར་བརྟེན། དེ་མ་ཐག་ཝང་ཇི་ཧྲན་ཀྲིན་ཀྲུའི་གྲོང་ཁྱེར་ཉེན་སྲུང་ཁུལ་གྱི་མགྲོན་ཁང་ཞིག་ཏུ་སྤོ་བཞུད་བྱེད་དགོས་འཁེལ་ཡོད་པ་དང་། དོན་རྐྱེན་དེ་ལ་གསུམ་ཉེར་བརྒྱད་ཀྱི་ལྐོག་གསོད་དོན་རྐྱེན་ཞེས་བརྗོད་ཀྱི་ཡོད་འདུག

ཡང་ཧུའ་པེ་དང་སི་ཁྲོན་སོགས་སུ་རྟོག་ཞིབ་ཏུ་ཕྱིན་སྐབས་ཝང་ཇི་ཧྲན་གྱི་འཐུང་ཆུ་དང་ཞོགས་ཟས་འབྲས་ཐུག་ནང་དུག་བླུགས་པ་སོགས་ཀྱི་དོན་རྐྱེན་ཐེངས་མང་བྱུང་ཡོད་པར་བརྟེན། ཐེངས་ཤིག་པེ་ཅིན་དུ་ཚོགས་པའི་ལས་དོན་ཞིབ་འཇུག་གི་ཚོགས་འདུ་ཞིག་གི་ཐོག ཝང་ཇི་ཧྲན་གྱིས་ངའི་སྲོག་སྲ་མོ་ཡོད་པས་ལོ་སྟོང་ལ་འདུག་གི་རེད། ངའི་མིག་དང་སྣ་བ། རྣ་བཅས་ལ་དམིགས་བསལ་གྱི་ཚོར་ཤེས་ཡོད་པས་ང་ཤི་ཐུབ་ཀྱི་མ་རེད། ཕ་མེས་ཡང་མེས་ཚོ་གནས་སྐབས་རིང་ང་ལ་མཇལ་འདོད་མེད་པ་ངས་ཚོར་ཐུབ་ཀྱི་འདུག ཅེས་བརྗོད་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༧/༡༣

Leave a Reply

2 thoughts on “ཕྱུག་བདག་གོ་ཝུན་ཀེ་ཡི་སྙིང་ནད་ཀྱིས་ཀྲུང་ནན་ཧེ་ལ་ས་ཡོམ་རྒྱུག་ཏུ་བཅུག

  1. གཙང་ཤོད་པ།

    པདྨ་མཚོ་ལགས་ཀྱིས་གསར་འགྱུར་སྤུས་དག་མོ་རྩ་ཆེན་པོ་བྲིས་གནང་འདུག འདི་འདྲ་སྤེལ་ན་བོད་ཀྱི་དུས་བབ་རྩོམ་སྒྲིག་ལས་རོགས་མིང་དོན་མཚུངས་པ་རེད། མཚམས་ལ་རེར་ཁྱེད་རང་གི་གསར་འགྱུར་ཉོབ་ཐོ་འདུག རྒྱ་མི་སྐུ་ཞབས་འདིའི་སྐོར་གྱི་གསར་འགྱུར་མུ་མཐུད་དེ་སྤེལ་དགོས་ཀྱི་འདུག དེང་སྐབས་སྤྱི་ཚགོས་ནང་ལ་རྒྱ་རྒན་དེ་ཞི་ཅིང་ཕིང་མགོ་རྟིང་སློག་གི་རེད་ཟེར་གྱི་ཡདོ་རེད།

  2. རང་བཙན་བུ།

    ཀྲུང་ནན་ཧེའི་ནང་ཁུལ་མཐོ་རིམ་དམག་འཁྲུགས་རྙོག་འཛིང་ཆེན་པོ་ཡོད་འདུག གལ་ཏེ་ང་ཚོའི་ནང་འདི་ལྟའི་དམག་འཁྲུགས་ཤིག་རྒྱག་གི་ཡོད་ན་ང་ཚོའི་ཝང་ཇི་ཧྲན་དེ་སུ་ཡིན་ནམ།