དར་རྒྱས་གླིང་གི་དུས་ཟིང་། རྡོ་རྗེ་གླིང་དུ་འབོད་པའི་གྲོང་གསེབ་ཆུང་ཆུང་ཞིག་དང་ས་ཁུལ་དེའི་གོར་ཁའི་ལོ་རྒྱུས།

དཔྱད་རྩོམ་འབྲི་མཁན་ཨ་གྷར་ཝལ་ (Kritika Agarwal)
པདྨ་རྒྱལ་གྱིས་བོད་སྒྱུར་བྱས།

གོར་ཁའི་ས་རྩོད་ཀྱི་ལོ་རྒྱུས་རྟོགས་ཐབས་སུ། ང་ཚོས་དུས་རབས་གསུམ་གྱི་སྔོན་ལ་ས་ཁུལ་དེར་རྒྱལ་མཚམས་དང་རང་སྐྱོང་མངའ་སྡེ་གང་ཡང་མེད་པའི་ལོ་རྒྱུས་ལ་ལྟ་དགོས།

ནུབ་བྷན་གྷལ་མངའ་སྡེའི་བློན་ཆེན་བྷ་ནིར་རྗེ་ (Mamata Banerjee) ཡིས། བྷན་གྷ་ལེ་ནི་སྐད་ཡིག་གཉིས་པར་གཏན་འབེབས་བྱས་རྗེས། རྡོ་རྗེ་གླིང་གྲོང་གསེབ་ཏུ་གོར་ཁའི་ས་རྩོད་ཐེངས་བཞི་བ་བསླངས་ཡོད། ཞི་བའི་ངོ་རྒོལ་དེ་དྲག་པོའི་འཁྲུག་ཟིང་གི་ངོ་བོར་གྱུར་ཏེ་ཡུལ་མི་གསུམ་བསད་པ་དང་། ཕྱོགས་གཉིས་ཀྱི་མི་མང་པོར་རྨས་སྐྱོན་ཕོགས་པའི་དོན་རྐྱེན་དེ་ཇི་ལྟར་བྱུང་བ་ཡིན་ནམ།

རྡོ་རྗེ་གླིང་རི་གྲོང་དུ་དྲ་ལམ་དང་གནས་ཚུལ་བཀག་སྡོམ་བྱས་ཡོད་པ་དང་། གནས་སྟངས་དེ་ནི་ཐེངས་དང་པོར་བྱུང་བ་ཞིག་མིན་པར། ༡༩༨༠ ལོའི་ས་རྩོད་ཁྲོད་མི་ ༡༢༠༠ ཡི་ཚེ་སྲོག་ཤོར་ཡོད་པ་དང་། ད་ལྟའི་འཁྲུག་རྩོད་ཀྱི་གནས་སྟངས་དེ་མ་འོངས་པར་ཅི་འདྲ་ཞིག་ཆགས་སྲིད་མིན་དོགས་གཞི་ཆེན་པོ་ཞིག་ཆགས་ཡོད།

གོར་ཁའི་ས་རྩོད་ཀྱི་ལོ་རྒྱུས་རྟོགས་ཐབས་སུ་ང་ཚོས་དུས་རབས་གསུམ་གྱི་སྔོན་ལ་ས་ཁུལ་དེར་རྒྱལ་མཚམས་དང་རང་སྐྱོང་མངའ་སྡེ་གང་ཡང་མེད་པའི་ལོ་རྒྱུས་སྐོར་ལ་ལྟ་དགོས། “རྡོ་རྗེ་གླིང”ཞེས་པའི་མིང་བརྡ་དེ་ནི་ཕྱིས་སུ་དབྱིན་སྐད་ནང་(Darjeeling)“དར་རྒྱས་གླིང” ཞེས་འབྲི་སྲོལ་བྱུང་བ་ཞིག་ཡིན་པ་དང་། ས་ཁུལ་དེ་ནི་ ༡༨༢༩ ལོར་དབྱིན་ཇིའི་དམག་དཔོན་ལོ་ཡེ་ཌ་ (Captain Lloyd) དང་། གྷི་རན་ཊ་ (J.W. Grant) གཉིས་ཀྱིས་ཐོག་མར་གསར་རྙེད་བྱུང་རྗེས། དབྱིན་དམག་རྣམས་ཚ་བར་གཡོལ་ཏེ་ངལ་གསོ་བྱེད་སར་བེད་སྤྱོད་བྱས་པ་རེད། དུས་སྐབས་དེར་ཁུན་ཅེན་རྫོན་གྷ་ (Kunchendzonga) རི་འདབས་སུ་ཆགས་པའི་གྲོང་རྡལ་ཆུང་ཆུང་དེ་གར་མོན་པའམ་ལིབ་ཆ་བ་ (Lepchas) ༡༠༠ མ་ཟིན་ཙམ་འཚོ་སྡོད་བྱས་ཡོད་འདུག

རྡོ་རྗེ་གླིང་དང་དེའི་མཐའ་འཁོར་འབྲུག་ཡུལ་དང་བལ་ཡུལ། འབྲས་ལྗོངས་བཅས་ཀྱི་མཐའ་མཚམས་སུ་འཁེལ་ཡོད། རི་གྲོང་དེ་སྔོན་ཆད་རྒྱལ་རབས་མང་པོའི་རིང་ཕན་ཚུན་བརྒྱུད་སྤྲོད་བྱས་མྱོང་ཡོད་ནའང་མཐའ་མར་ ༡༨༦༦ ལོར་དབྱིན་ཇི་བཙན་རྒྱལ་བའི་མངའ་ཁོངས་སུ་བཅུག་པ་རེད།

ཕྱིས་ཀྱི་ལོ་ངོ་ ༥༠ ནང་རྡོ་རྗེ་གླིང་དུ་ཇ་ལོ་ཐོན་སྐྱེད་བྱུང་རྗེས། ས་ཁུལ་དེའི་གནས་སྤོ་མི་མང་དང་ངལ་གསོའི་དབེན་གནས་དེ་ལ་འཕོ་འགྱུར་ཆེན་པོ་བྱུང་སྟེ། ས་ཁུལ་དེ་ནི་ཇ་ལོ་འདེབས་འཛུགས་བྱེད་སའི་སྤྱི་གླིང་ ༡༧༠ ལྟེ་བར་གྱུར་བ་རེད། ཡིན་ནའང་ལིབ་ཆ་བ་ཚོ་ལེ་ལོ་སྒྱིད་ལུག་གི་དབང་དུ་གྱུར་ཏེ་ཤིང་ནགས་གཙང་བཟོ་དང་ཇ་ཤིང་འདེབས་འཛུགས། ལྕགས་ལམ་དང་གཞུང་ལམ་བཟོ་སྐྲུན་སོགས་ཀྱི་ངལ་རྩོལ་ལ་ཞུགས་མ་ཐུབ་པ་མ་ཟད། ཁོ་ཚོར་དེ་ལྟར་བྱེད་པའི་འདུན་པའང་མེད་འདུག་

བོད་པ་དང་འབྲུག་པའི་ངལ་རྩོལ་གཡོག་ལས་པ་འགའ།

རྡོ་རྗེ་གླིང་གི་ས་བདག་ཐོག་མ་སྐུ་ཞབས་ཁམ་བྷིལ་ (Arthur Campbell) ལགས། བལ་ཡུལ་རྒྱལ་ས་ཀ་ཐ་མན་ཌོ་ནས་རྡོ་རྗེ་གླིང་ལ་གནས་སྤོར་རྗེས། སྐུ་ཞབས་ཆམ་བྷིལ་ལགས་དང་བལ་ཡུལ་སྲིད་བློན་བྷ་ཌུར་ར་ནཱ་ (Bhadur Rana) ལགས་གཉིས་བར་གྱི་འབྲེལ་ལམ་ལ་བརྟེན་ཏེ། ས་ཁུལ་དེའི་ཇ་ལོ་ཐོན་སྐྱེད་ལ་འཕེལ་རྒྱས་བྱུང་བ་རེད། དུས་སྐབས་དེར་བལ་ཡུལ་གཞུང་ཆབ་སྲིད་ཀྱི་ཟིང་འཁྲུག་གི་དུས་འགྱུར་འོག་ཡོད།

༡༨༤༦ ལོར་བལ་ཡུལ་གྱི་དུས་ཟིང་ཁྲོད་ཀོ་ཊ་ (Kotparva) ཞེས་པའི་དམར་གསོད་ཆེན་པོ་དེ་བྱུང་བ་དང་། སྐབས་དེར་སྲིད་བློན་བྷ་ཌུར་ར་ནཱ་དང་ཁོང་གི་སྤུན་མཆེད་ཚོས་བལ་ཡུལ་ཕོ་བྲང་གི་གོ་མཛོད་ཁང་དུ་ཕོ་བྲང་གི་གནད་ཡོད་མི་སྣ་ ༤༠ དམར་གསོད་བྱས་པར་བརྟེན་ནས། བལ་ཡུལ་གྱི་རྒྱལ་རྒྱུད་ཤཱ་ཧ་ (Shah) ཡི་ཁྱིམ་རྒྱུད་ཆད་དེ། ར་ནཱ་སྒེར་གཅོད་སྲིད་གཞུང་ཚུགས་པ་རེད། ཕྱིས་སུ་བལ་ཡུལ་ནང་སླར་ཡང་དབྱིན་ཇི་བཙན་རྒྱལ་རིང་ལུགས་དང་བལ་ཡུལ་སྒེར་གཅོད་སྲིད་གཞུང་བར་དུས་ཟིང་བྱུང་བར་བརྟེན། བལ་ཡུལ་མི་མང་གི་འཚོ་གནས་སྔར་ལས་ཇེ་སྡུག་ཏུ་ཕྱིན་ཡོད།

སྐབས་དེར་བལ་ཡུལ་ནང་། “ཇ་ཤིང་འདེབས་འཛུགས་ལ་བརྟེན་ནས་ཤོག་དངུལ་གྱི་འཁོར་རྒྱུག་ཇེ་ཆེར་ཕྱིན་ཡོད། ཁྱོད་རང་གིས་ཇ་ཤིང་འདེབས་འཛུགས་ཁྲོད་གསེར་རྙེད་ཐུབ” ཅེས་པའི་བཤད་རྒྱུན་བྱུང་བ་དང་། རྡོ་རྗེ་གླིང་གི་གནས་སྤོ་མི་མང་གིས་ས་ཁུལ་དེའི་ཇ་ཤིང་འདེབས་འཛུགས་ཀྱི་ངལ་རྩོལ་ལ་ཁག་ཐག་བྱས་པ་རེད།

བྷོ་རྗེ་ (Budhu bojju) བྱ་བའི་བུད་མེད་རྒན་འཁོགས་ཤིག་གིས། ཁོ་མོའི་སྤོ་བོ་དང་རྨོ་མོ་རྣམས་ཀྱི་བཤད་རྒྱུན་ལ་ཕྱིར་དྲན་གྱིས། དུས་སྐབས་དེར་དཔོན་པོ་ཚོས་བལ་ཡུལ་མི་མང་ལ་སི་ཧར་ (Sehar) ཚོང་གཉེར་ཁང་དུ་ཁེ་བཟང་ཆེ་བའི་ཇ་ལོ་ཐོན་སྐྱེད་ཀྱི་ལས་ཀ་སྤྲོད་རྒྱུ་ཡིན་ལུགས་བཤད་དེ། ངལ་རྩོལ་མི་མང་རྡོ་རྗེ་གླིང་དུ་ཁྲིད་ཡོང་སྐོར་བརྗོད་དོན། “ང་ཚོས་སྤོ་བོ་དང་རྨོ་མོ་ཚོའི་ཁ་ནས་གོ་ཐོས་ལྟར་ན། དབྱིན་ཇི་གཞུང་གིས་ཇ་ལོའི་སྤྱི་གླིང་དུ་ཇ་ལོ་ཚོང་གཉེར་བྱེད་སྐབས། ཇ་ལོ་འདེབས་འཛུགས་བྱེད་མཁན་ངལ་རྩོལ་མི་མང་དགོས་མཁོ་བྱུང་སྟེ། ངལ་རྩོལ་བ་འཚོལ་བསྡུའི་དཀའ་ཁག་སེལ་ཆེད་མི་རིགས་དཀར་པོ་ (goras) ཚོས་མགོ་དཔོན་ (Sardars) ཚོར་ངལ་རྩོལ་མི་མང་འཚོལ་བསྡུ་བྱེད་དུ་བཅུག་པ་དང་། མགོ་དཔོན་ཚོས་མཚན་མོར་ནགས་ཚལ་བརྒྱུད་ནས་ཕཱ་ཧར་ (pahar) ས་ཁུལ་ནས་སི་ཧར་ཚོང་གཉེར་ཁང་གཉིས་བར་ངལ་རྩོལ་མི་མང་ཉོ་ཚོང་གི་ནག་ཚོང་གཉེར་བ་དང་། ངའི་སྤོ་བོ་རྨོ་མོ་ཡང་སྐབས་དེར་མགོ་དཔོན་ཚོས་ཉོ་འཚོང་བྱས་ནས་ས་ཆ་འདིར་ཡོང་བ་རེད་འདུག” ཅེས་ཟེར།

སྐབས་དེར་ངལ་རྩོལ་བཅའ་ཁྲིམས་ལ་བསྒྱུར་བཅོས་བཏང་སྟེ། ངལ་རྩོལ་མི་མང་གིས་ལོ་ ༣ རིང་ངལ་རྩོལ་བྱེད་དགོས་པའི་གན་རྒྱ་འཇོག་ཏུ་བཅུག་པ་མ་ཟད། ངལ་རྩོལ་མི་མང་གིས་ད་དུང་གན་རྒྱ་དེ་ཁྲིམས་དཔོན་གྱི་མདུན་དུ་འཇོག་དགོས་པ་བཟོས་སྟབས། ངལ་རྩོལ་མི་མང་ཁྲིམས་ཁང་སྒོ་ཁར་བང་སྒྲིག་ཏུ་བཅུག་ནས་མི་མང་གིས་བཤད་མི་ཤེས་པའི་ཧིན་སྐད་དང་དབྱིན་སྐད་གཉིས་ནང་ཁྲིམས་དཔོན་གྱི་བཀའ་འདྲི་ལ་ལེན་འདེབས་དགོས་པ་དང་། དྲིས་ལན་ཡང་མགོ་དཔོན་ཚོས་ངལ་རྩོལ་མི་མང་ལ་ག་རེ་བཤད་ཡོད་པ་དེ་ག་རང་བཤད་དགོས་ཀྱི་ཡོད་པ་དང་། དང་བླངས་ངལ་རྩོལ་ལམ་ལུགས་ (vls) དེས་དུས་སྐབས་དེའི་བྲན་གཡོག་ལམ་ལུགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་མ་ཟད། ངལ་རྩོལ་མི་མང་ལ་ད་དུང་ལས་ཡུན་ལོ་གསུམ་ཚང་རྗེས། ལས་གནས་ནས་འགྲོ་མིན་དེ་ངལ་རྩོལ་བ་སོ་སོར་འདམ་ག་སྤྲད་ཡོད་པ་རེད།

ཡིན་ནའང་ངལ་རྩོལ་མི་མང་གི་བྱུང་རིམ་ལོ་རྒྱུས་ལྟར་ན། སྐབས་དེར་ངལ་རྩོལ་བ་མང་ཆེ་བ་ལོ་གསུམ་གྱི་ལས་ཡུན་རིང་བར་སྡོད་དགོས་བྱུང་ཡོད་པ་དང་། དེ་ནི་ཁོ་ཚོར་འདམ་ག་མེད་པས་མ་ཡིན་པར་ངལ་རྩོལ་ལམ་ལུགས་དེས་ངལ་རྩོལ་མི་མང་བུ་ལོན་ནང་ལྷུང་དུ་བཅུག་ཡོད་སྟབས། ཁོ་ཚོ་ཡང་བསྐྱར་ལས་ཡུན་ལོ་གསུམ་རིང་ངལ་རྩོལ་མི་བྱེད་ཐབས་མེད་བཟོས་ཡོད་པ་རེད།

སྐུ་ཞབས་ཝིར་མཱ་ (Nitin Verma) ལགས་ཀྱིས་བརྗོད་དོན། “ས་ཁུལ་འདིར་ཁྲིམས་ཡིག་བྲིས་མེད་པའི་རྐྱེན་གྱིས། ཇ་ཤིང་འདེབས་འཛུགས་ཀྱི་ངལ་རྩལ་མི་མང་དུས་ནམ་ཡང་ཇ་ཤིང་འདེབས་འཛུགས་ངལ་རྩོལ་བར་གྱུར་བ་རེད” ཅེས་ཟེར།

ས་ཁུལ་དེའི་ངལ་རྩོལ་གནས་སྤོ་མི་མང་ཡུལ་མཐའ་ཁོབས་དེ་འདྲ་ཞིག་ཏུ་འཚོ་སྡོད་བྱེད་དགོས་བྱུང་བ་དང་། ནགས་ཚལ་དེ་གར་ཁོ་ཚོར་ཕྱིའི་གྲོང་གསེབ་ཁག་ཏུ་འབྲེལ་གཏུགས་བྱེད་དུ་བཅུག་མི་འདུག ས་བབ་ཀྱི་དབང་གིས་ཁོ་ཚོ་བྲོས་བྱོལ་བྱེད་མ་ཐུབ་པ་དང་། རི་གྲོང་དེ་གར་མི་མང་ཁྱིའི་རྐང་རྗེ་དེད་ནས་བྲོས་བྱོལ་བྱེད་དགོས་ཀྱི་ཡོད་འདུག

དེ་ལྟར་རི་གྲོང་དེར་ངལ་རྩོལ་ཚོ་ཁག་ཅིག་བྱུང་བ་རེད། ཁོ་ཚོ་བལ་ཡུལ་ནས་ཇ་ཤིང་འདེབས་འཛུགས་བྱེད་མཁན་དུ་ཁྲིད་ཡོང་བ་རེད། ཆོ་ཊ་ནཱ་པུར་ (Chottanagpur) གནས་སྤོ་མི་མང་ཇ་ཤིང་འདེབས་འཛུགས་ཀྱི་ལས་ཀར་ཞུགས་དགོས་བྱུང་བ་བརྒྱུད་ནས་ཚོ་ཁག་ཕན་ཚུན་བར་འཁོན་འཛིང་བྱུང་བ་རེད། རི་གྲོང་དེའི་བྷན་གྷ་ལེ་ (Bengalis) ཁ་ཤས་ནམ་རྒྱུན་མགོ་དཔོན་དུ་གྱུར་བ་དང་། ཁོ་ཚོས་ཐོག་མར་དབྱིན་ཇི་གཞུང་ལ་ལས་ཀ་བྱས་པ་དང་། ཕྱིས་སུ་མངའ་སྡེ་གཞུང་ལ་ལས་ཀ་བྱེད་ཀྱིན་ཡོད། མར་པ་རེ་སི་ (marwaris)ཚོས་རི་གྲོང་དེའི་སྟོབས་འབྱོར་ཆེ་ཤོས་བཟུང་ཡོད་པ་དང་། ཁོ་ཚོ་བལ་ཡུལ་མི་སེར་ཚོ་དང་འབྲེལ་འདྲིས་བྱུང་མེད།

ས་ཁུལ་དེའི་ཡུལ་མི་ཚོས་བལ་ཡུལ་མི་སེར་ཚོ་ནི་གྲལ་རིམ་གཉིས་པའི་མི་སེར་དུ་ངོས་འཛིན་བྱེད་པ་དང་། གནས་སྟངས་དེ་འདྲའི་འོག་ཏུ་ས་ཁུལ་དེའི་བལ་ཡུལ་མི་མང་གི་ལོ་རྒྱུས་ཀྱང་ནག་གསུབ་བཏང་ཡོད། ཡིན་ནའང་ས་ཁུལ་དེར་ཇ་ལོ་འདེབས་འཛུགས་བྱེད་མཁན་ཚོའི་མེས་པོ་དང་ཇ་ལོ་འདེབས་འཛུགས་བྱེད་ས་མཱ་ཊོ་(maato) ཞེས་པའི་ས་ཆ་དེ་གཉིས་བར་འབྲེལ་བ་དམ་ཟབ་ཡོད་པ་རེད།

གོར་ཁའི་ས་རྩོད་ལ་རྒྱབ་སྐྱོར་བྱེད་མཁན་མང་ཤོས་ས་ཁུལ་དེའི་ཇ་ལོ་འདེབས་འཛུགས་བྱེད་མཁན་ངལ་རྩོལ་མི་མང་ཡིན་འདུག ཁོ་ཚོའི་རྩོད་གཞི་གཙོ་བོ་དེ་ཀེ་ཕཱ་ཊེ་ (Kipat) ས་བདག་མང་ཚོགས་ཀྱིས་སྒེར་བདག་བྱས་པའི་མཱ་ཊོ་ཞེས་པའི་ཇ་ལོ་འདེབས་འཛུགས་བྱེད་ས་དེ་ཡིན་པ་རེད།

གོར་ཁའི་ས་རྩོད་ཀྱི་མགོ་ཁྲིད་གཙོ་བོ་ནི། གོར་ཁའི་ཆབ་སྲིད་ཚོགས་པ་ (GNLF)ཞེས་པའི་མགོ་ཁྲིད་གྷེ་སེན་ (Subash Ghising) དང་། གོར་ཁར་རང་སྐྱོང་མངའ་སྡེ་རྩོད་ལེན་བྱེད་མཁན་སྲིད་དོན་ཚོགས་པ་ (GJM) ཡི་མགོ་ཁྲིད་གྷུ་རུན་ (Bimal Gurung) སོགས་ཡིན་པ་དང་། མཱ་ཊོ་ཞེས་པའི་ས་ཆ་རྩོད་གླེང་ལ་བརྟེན་ཏེ་ས་ཁུལ་དེའི་ཇ་ལོ་འདེབས་ལས་བྱེད་མཁན་ངལ་རྩོལ་མི་མང་ཆིག་སྒྲིལ་བྱུང་ཡོད་པ་དང་། ས་རྩོད་ལས་འགུལ་སྐབས་མི་མང་གིས་ “ང་ཚོའི་ཕ་ཡུལ་གལ་འགངས་ཆེན་པོ་ཡིན། ང་ཚོའི་ཕ་ཡུལ་བྷན་གྷལ་མངའ་སྡེ་ནས་ཁ་ཁ་བྱེད་དགོས”ཞེས་སྐད་འབོད་བྱེད་ཀྱིན་ཡོད་པ་མ་ཟད། ཇ་ལོ་འདེབས་འཛུགས་ཀྱི་གླ་ཆར་བརྟེན་ཏེ་འཚོ་བ་སྐྱེལ་མཁན་ངལ་རྩོལ་མི་མང་གིས་ “མཱ་ཊོ་ས་ཆའི་ཆེད་དུ་རང་སྲོག་བློས་གཏོང་དགོས”ཞེས་ཉིན་གྲངས་ ༤༠ ལྷག་རིང་ཟས་བཅད་ངོ་རྒོལ་བྱེད་ཀྱིན་ཡོད་པ་རེད།

གོར་ཁའི་ས་རྩོད་ཀྱི་ནུས་པ་ཆེ་ཤོས་དེ་ཇ་ལོ་འདེབས་འཛུགས་ཀྱི་གླ་ཆར་བརྟེན་པའི་ངལ་རྩོལ་མི་མང་གིས་དགོས་འདུན་བཏོན་པ་དེ་རེད། ༡༩༥༡ ལོར་གཏན་འབེབས་བྱས་པའི་ཇ་ལོ་འདེབས་འཛུགས་ཀྱི་ངལ་རྩོལ་བཅའ་ཁྲིམས་ (PLA)ཞེས་པ་གཞིར་བཟུང་གིས་ངལ་རྩོལ་མི་མང་གི་ལོ་རེའི་ཡོང་འབབ་ཧིན་སྒོར་ ༡༣༢༥༠ ཙམ་མ་གཏོགས་མེད་པ་དང་། བཅའ་ཁྲིམས་དེའི་རྩོད་རྙོག་གཞན་ཞིག་ནི། ཉེས་ཆད་ཆག་ཡང་གི་ཁྲིམས་གཞི་རྩིས་མེད་བཏང་བ་དེ་ཡིན་འདུག

གནད་དོན་དེ་དག་ལ་བརྟེན་ཏེ་ས་ཁུལ་དེའི་ཇ་ལོ་འདེབས་འཛུགས་ཀྱི་ལས་རིགས་མང་པོ་ཞིག་སྒོ་བརྒྱབ་ཅིང་། ངལ་རྩོལ་མི་མང་གི་ལས་ཀ་ཤོར་ནས་དཀྲིས་ལྟོགས་ཀྱི་དཀའ་ཁག་བྱུང་བ་རེད། མི་མང་ལས་མེད་ཆགས་པར་བརྟེན་ཏེ་ས་ཁུལ་དེའི་གཞོན་སྐྱེས་མང་པོ་ས་ཆ་གཞན་དུ་ལས་ཀར་འགྲོ་དགོས་བྱུང་བ་དང་། ས་ཁུལ་དེའི་མི་མང་བར་ས་རྩོད་དང་ཚོ་ཁག་དབྱེ་འབྱེད་ཀྱི་ཟིང་ཆ་ཇེ་ཆེར་བཏང་ཡོད། ས་ཁུལ་དེར་མུ་མཐུད་འཚོ་སྡོད་བྱེད་མཁན་ངལ་རྩོལ་མི་མང་གིས་ཉིན་རེའི་འཚོ་བའི་དགོས་མཁོ་འཐུང་ཆུ་དང་སྐྱེལ་འདྲེན། འཕྲོད་བསྟེན་ལྟ་སྐྱོང་སོགས་བརྩོན་ལེན་བྱེད་ཀྱིན་ཡོད་པ་རེད།

སྒྱུར་མཆན།

༡༽ གོང་གསལ་དབྱིན་ཡིག་ནང་གི་རྩོམ་ཡིག་འདི་ནི། བོད་པའི་ལོ་རྒྱུས་ཁག་ཏུ་བོད་པའི་ས་ཁོངས་སུ་ངོས་འཛིན་བྱེད་ཅིང་། ད་ལྟའང་ཆོས་དང་རིག་གཞུང་། སྐད་ཡིག་གོམས་སྲོལ་སོགས་བོད་པ་དང་གཅིག་པ་ཡིན་པའི་ས་གནས་འདི་དག་གི་སྐོར་ལ་སྐད་ཡིག་གཞན་དང་ལུང་པ་གཞན་དག་གི་མིས་ངོས་འཛིན་དང་བཤད་སྟངས་གང་འདྲ་ཡོད་མེད་བོད་མི་ཚོས་མཁྱེན་རྟོགས་ཆེད་བོད་སྒྱུར་ཞུས་པ་ཡིན།

༢༽ རྩོམ་ཡིག་འདིའི་ནང་གི་ས་མིང་དང་མི་སྣའི་མིང་སོགས་བོད་ཡིག་ནང་ངོ་རྟགས་གསལ་བོ་ཆོད་དཀའ་སྟབས་དབྱིན་ཡིག་སྒྲ་སྒྱུར་ཙམ་བྱས་ཡོད།

མ་རྩོམ་འབྲེལ་ཐག http://indianexpress.com/article/research/darjeeling-unrest-here-is-a-history-of-the-gorkhas-and-a-lazy-hamlet-called-dorjeling-4710333/

བསྐྱར་བཅོས།: ༢༠༡༧/༠༧/༡༤

Leave a Reply

One thought on “དར་རྒྱས་གླིང་གི་དུས་ཟིང་། རྡོ་རྗེ་གླིང་དུ་འབོད་པའི་གྲོང་གསེབ་ཆུང་ཆུང་ཞིག་དང་ས་ཁུལ་དེའི་གོར་ཁའི་ལོ་རྒྱུས།

  1. རྡོ་རྗེ་གླིང་དང་འབྲས་ལྗོངས་གཉིས་བལ་པོའི་མངའ་ཁོངས་སུ་ལོ་གསུམ་བཅུ་སོ་ལྔ་བསྡད་པའི་དངོས་ཡོད་ལོ་རྒྱུས་ཟུར་ཙམ་མི་འདུག མ་རྩོམ་ཡི་གེ་དེའི་ཡོངས་ཁུངས་གང་འདྲ་ཡིན་ནམ་ལགས།