སོག་པོའི་འཇུ་རེས་དྲག་རྩལ་བས་སྲིད་འཛིན་དམ་བཅའ་བཞག

སོག་པོའི་སྲིད་འཛིན་འོས་བསྡུའི་ཁྲོད་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཐོབ་པའི་འཇུ་རེས་དྲག་རྩལ་བ་ཁལ་མཱ་བྷ་ཐུལ་གྷ་ལགས་ཀྱིས་ཆེན་པོ་ཧོར་གྱི་སྐབས་ལྔ་པའི་སྲིད་འཛིན་དམ་བཅའ་བཞག་ཡོད་པ་རེད།

སོག་པོའི་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པའི་ཁལ་མཱ་བྷ་ཐུལ་གྷ་(Khaltmaa Battulga)ལགས་ཀྱིས། ཟླ་འདིའི་ཕྱི་ཚེས་ ༡༠ཉིན་ཆེན་པོ་ཧོར་གྱི་རྒྱལ་ས་ཨུ་ལིན་བྷ་ཐར་(Ulaanbaatar)དུ་སྲིད་འཛིན་གྱི་དམ་བཅའ་ཕུལ་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༧ ཉིན་སོག་པོའི་སྲིད་འཛིན་འོས་བསྡུ་ལྷན་ཚོགས་ནས་སྐབས་ལྔ་པའི་སྲིད་འཛིན་འོས་བསྡུ་ཆེན་མོའི་འོས་མི་མི་མང་ཚོགས་པའི་ཚོགས་གཙོ་དང་། སོག་པོའི་སྲིད་བློན་ཟུར་པ་(Miyeegombyn Enkhbold)ལགས་དང་། དམངས་གཙོ་ཚོགས་པའི་འོས་མི་(Battulga Khaltmaa)ལགས། མི་མང་གསར་བརྗེ་ཚོགས་པའི་ཚོགས་མི་(Sainkhüügiin Ganbaatar)ལགས་བཅས་ཁྱབ་བསྒྲགས་གནང་ཡོད་པ་དང་། ཕྱི་ཟླ་ ༦ ཚེས་ ༢༦ དང་ཟླ་འདིའི་ཕྱི་ཚེས་ ༧ ཉིན་རྒྱལ་ཡོངས་ནང་འོས་བསྡུ་ས་ཚིགས་ ༡༩༨༣ ཙམ་ཆེད་འཛུགས་ཀྱིས་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་གནང་བ་བརྒྱུད། དངོས་གཞིའི་འོས་བསྡུའི་ཁྲོད་མི་མང་ཚོགས་པའི་འོས་མི་སྲིད་བློན་ཟུར་པ་ཨེན་བྷོཌ་(Enkhbold)ལགས་ལ་འོས་གྲངས་ཁྲི་ ༤༩.༧ དང་། དམངས་གཙོ་ཚོགས་པའི་བྷ་ཐུལ་གྷ་ལགས་ལ་འོས་གྲངས་ཁྲི་ ༦༡.༡ ཐོབ་སྟེ། ཆེན་པོ་ཧོར་གྱི་ཡུལ་གྱི་སྲིད་འཛིན་འོས་བསྡུའི་ཁྲོད་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱལ་ཁ་ཐོབ་ཡོད་པ་རེད།

སྲིད་འཛིན་འོས་བསྡུ་ཆེན་མོའི་སྐབས། བྷ་ཐུལ་གྷ་ལགས་ཀྱིས་སོག་པོའི་དཔལ་འབྱོར་ལ་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་འཇིགས་སྐུལ་ཐེབས་ཀྱི་ཡོད་པ་དང་། སོག་པོའི་ཞིང་ཆེན་མང་པོའི་ས་འོག་ཐོན་ཁུངས་རྒྱ་ནག་ནང་ཤོར་གྱི་ཡོད་པ་དེ་བསྐྱར་ཞིབ་ཐག་གཅོད་བྱེད་པའི་དུས་ལ་བསླེབས་ཡོད་སྐོར་བརྗོད་ཡོད་པ་མ་ཟད། ད་ལྟ་སོག་པོའི་རྒྱལ་ཁབ་ཀྱི་ཕྱིར་ཚོང་བརྒྱ་ཆ་ ༨༠ རྒྱ་ནག་ལ་བརྟེན་ཡོད་སྟབས། མ་འོངས་པར་སོག་པོས་རྒྱ་ནག་དང་ཨུ་རུ་སུ་དཔལ་འབྱོར་གྱི་རྒྱབ་རྟེན་བྱེད་པ་ཉུང་དུ་གཏང་སྟེ། ཉི་ཧོང་དང་ཨ་རིར་སོགས་འཛམ་གླིང་གི་རྒྱལ་ཁབ་གཞན་རྣམས་དང་ཚོང་ལས་འབྲེལ་བ་ཡར་རྒྱས་གཏོང་རྒྱུར་དམིགས་བསལ་གྱིས་ཤུགས་གནོན་རྒྱག་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་སྟབས། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་རྒྱ་ནག་གཞུང་གི་མགྲིན་ཚབ་པས་སོག་པོའི་འོས་བསྡུའི་ལས་རིམ་ཁྲོད་རྒྱ་སོག་གཉིས་ཀྱི་མཛའ་འབྲེལ་ལ་འོས་འཚམ་མིན་པའི་སྐད་ཆ་བྱུང་ཡོད་ཀྱང་། རྒྱ་ནག་ཕྱོགས་ནས་མུ་མཐུད་སོག་པོར་འབྲེལ་ལམ་ཡས་རྒྱས་གཏོང་རྒྱུའི་འདོད་པ་ཡོད་ལ། སོག་པོས་ཀྱང་རྒྱལ་ཁབ་གཉིས་བར་གྱི་མཛའ་འབྲེལ་ཡར་རྒྱས་རྒྱུན་འཁྱོངས་བྱེད་པའི་རེ་བ་ཡོད་ཅེས་བརྗོད་ཡོད་པ་རེད།

སྲིད་འཛིན་བྷ་ཐུལ་གྷ་ལགས་དེ་སྔོན་སོག་པོ་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་བློན་ཆེན་ཡིན་སྐབས། རྒྱ་ནག་གཞུང་གིས་བཏོན་པའི་རྒྱ་སོག་བར་གྱི་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞི་ལ་མོས་མཐུན་མ་གནང་བར་བརྟེན། དུས་ཡུན་རིང་པོར་ལས་གཞི་ཕྱིར་འཐེན་དགོས་འཁེལ། སོག་པོའི་ཕྱིར་ཚོང་གཙོ་བོ་ཞིག་ནི་ཟངས་ཀྱི་གཏེར་ཁ་ཡིན་ཡང་འདས་པའི་ལོ་ལྔ་ནང་ཟངས་ཀྱི་རིན་གོང་བརྒྱ་ཆ་ ༥༠ ཙམ་མར་ཆག་ཡོད་པ་དང་། སོག་པོའི་ཟངས་རིགས་འཕོན་ཆེན་རྒྱ་ནག་ནང་དབོར་འདྲེན་བྱེད་ཀྱི་ཡོད་སྟབས། བྷ་ཐུལ་གྷ་ལགས་ཀྱིས་སོག་པོའི་གཏེར་ཁ་སྔོག་འདོན་ཁྱོན་ཡོངས་ནས་ཚོད་འཛིན་ཤུགས་ཆེན་བྱས་ཡོད་འདུག་ལ། འོས་བསྡུའི་ཁྲོད་ཁོང་གིས་སོག་པོ་ཨང་དང་པོར་བཞག་སྟེ་པེ་ཅིན་གཞུང་དང་དཔུང་པ་མཉམ་གཤིབ་ཀྱིས་ལངས་མཉམ་འདུག་མཉམ་བྱ་རྒྱུ་ཡིན་པ་སོགས་ཀྱི་འབོད་ཚིག་བསྒྲགས་ཡོད་པ་རེད།

སོག་པོའི་རྒན་རབས་ཚོས་བྷ་ཐུལ་གྷ་ལགས་ནི་རྒྱལ་གཅེས་རིང་ལུགས་པ་ཞིག་ཡིན་པས་རྒྱལ་ཁབ་ལ་བློ་དཀར་གཞུང་དྲང་གིས་དབུ་འཁྲིད་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ་གཞོན་སྐྱེས་མང་པོས་ཁོང་ནི་དེང་རབས་ཀྱི་ཤེས་ཡོན་སྣ་འཛོམས་ཀྱི་དབུ་འཁྲིད་ཅིག་ཏུ་ངོས་འཛིན་གྱིས་རེ་བ་ཆེན་པོ་ཞུ་ཡི་ཡོད་ཀྱང་། དངོས་གཞིའི་འོས་བསྡུའི་ཁྲོད་རྒྱུན་དུ་ལུས་རྩལ་རིགས་ལ་དགའ་ཞེན་ཆེ་བའི་ན་གཞོན་ཁོང་ལ་རྒྱལ་ཁ་ཆེན་པོ་ཐོབ་པ་དེ་བློ་ཡུལ་ལ་མ་ཤོང་བ་ལྟ་བུའང་བྱུང་ཡོད་པར་བཤད།

སྲིད་འཛིན་བྷ་ཐུལ་གྷ་ལགས་ཕྱི་ལོ་ ༡༩༦༣ ལོར་སོག་པོའི་རྒྱལ་ས་ཨུ་ལིན་བྷ་ཐར་གྱི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། ཁོང་ལ་ཆུང་དུས་ནས་ལག་པ་ཧ་ཅང་བདེ་བོ་ཞིག་ཡོད་པས་འཛིན་རིམ་བརྒྱད་པ་མཐར་ཕྱིན་སྐབས། དགེ་རྒན་ཀྱི་རེ་སྐུལ་ལྟར་རྒྱལ་སའི་སྒྱུ་རྩལ་སློབ་གླིང་ཞིག་ཏུ་རི་མོའི་སྒྱུ་རྩལ་ཐོག་ཆེད་ལས་སློབ་སྦྱོང་བྱས། ཁོང་གི་པ་ལགས་སོག་པོའི་འཇུ་རེས་དྲག་རྩལ་གྱི་དགེ་རྒན་ཞིག་ཡིན་སྟབས། པ་ལགས་ཀྱི་འཁྲིད་སྟོན་འོག་ཕྱི་ལོ་ ༡༩༧༩ ནས་ ༡༩༩༠ བར་ཁོང་སོག་པོ་རྒྱལ་ཡོངས་འཇུ་རེས་དྲག་རྩལ་ཚོགས་པའི་ཚོགས་མིའི་ཁོངས་སུ་འཛུལ་ཏེ། འཇུ་རེས་དྲག་རྩལ་དང་ལུས་རྩལ་རིགས་ལ་དཀའ་སྤྱད་སྡུག་རུས་ཀྱིས་སྦྱངས་བ་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༨༩ ལོར་སོག་པོའི་རྒྱལ་ས་ཨུ་ལིན་བྷ་ཐར་དུ་བསྡུས་པའི་འཛམ་གླིང་བུམ་པའི་འཇུ་རེས་དྲག་རྩལ་འགྲན་སྡུར་ཁྲོད་ཁོང་ལ་གསེར་གྱི་རྟགས་མ་ཐོབ་ཡོད་པ་དང་། སོག་པོ་ཚོ་རྒྱལ་སྤྱིའི་ཐོག་ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་མི་ཆོག་པའི་སྐབས་དེར་ཁོང་གིས་འཛམ་གླིང་ལུས་རྩལ་བའི་མཚན་ཐོག་ནས་རྒྱལ་ཁབ་མང་པོའི་ནང་ཡུལ་སྐོར་བྱས། ཕྱི་ལོ་ ༡༩༩༥ ལོར་ཁོང་སོག་པོའི་གཟེངས་སུ་ཐོན་པའི་ལུས་རྩལ་བར་བདམས་ཡོད་པ་དང་། ཕྱི་ལོ་ ༢༠༠༦ ལོར་སོག་པོའི་འཇུ་རེས་དྲག་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོར་བསྐོས་ཡོད་པ་རེད། ཁོའི་སྣེ་འཁྲིད་འོག་སོག་པོའི་འཇུ་རེས་དྲག་རྩལ་ཚོགས་པ་ཕྱི་ལོ་ ༢༠༠༨ ལོའི་པེ་ཅིན་ཨོ་རྩལ་འགྲན་ཚོགས་ནང་ཞུགས་ཡོད་པ་མ་ཟད། སོག་པོའི་འཇུ་རེས་དྲག་རྩལ་བ་(Naidangiin Tuvshinbayar)ལགས་ཀྱིས་འགྲན་སྡུར་ཁྲོད་གསེར་གྱི་རྟགས་མ་བླངས་ཐོབ་ཡོད་པ་དང་། དེ་ནི་སོག་པོའི་ལོ་རྒྱུས་ནང་ཨོ་རྩལ་འགྲན་ཚོགས་ནང་གསེར་གྱི་རྟགས་མ་བླངས་པ་ཐོག་མ་དེ་ཆགས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༧/༡༤

Leave a Reply

One thought on “སོག་པོའི་འཇུ་རེས་དྲག་རྩལ་བས་སྲིད་འཛིན་དམ་བཅའ་བཞག

  1. ཨ་ཕོ་མཐུ་ཆེན།

    འཇུ་རེས་དྲག་རྩལ་ཟེར་བ་དེ་འདྲ་ཡོད་མ་རེད། བོད་སྐད་ལ་ཨབ་ཏང་ཟེར། ཡུལ་སྐད་འགར་སྦེ་ཀ་རྩེད་པ་ཟེར། མི་གཉིས་ཨབ་ཏང་རྩེད་པ། ཡང་ན་སྦེ་ཀ་རྩེད་པ་ཟེར།

    ཨབ་ཏང་རྩེད་མཁན་ནམ་སྦེ་ཀ་རྩེད་མཁན་མཱ་བྷ་ཐུལ་གྷ་ལགས་ཀྱིས་ཆེན་པོ་ཧོར་གྱི་སྐབས་ལྔ་པའི་སྲིད་འཛིན་དམ་བཅའ་བཞག་ཡོད་པ་རེད། ཅེས་བྲིས་ན་འོས་འཚམས་ཡིན་ལ་བོད་ཀྱི་བརྡ་སྐད་དང་མཐུན།