རྒྱ་གར་སློབ་གྲྭ་ཁག་ནང་རྒྱ་ནག་གི་དངོས་ཟོག་ཉོ་མཚམས་འཇོག་པ།

ཁ་སང་ཧྲང་ཧེ་བ་(SHANGHAIIST)ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟ་རྒྱ་དཀར་ནག་བར་ས་མཚམས་རྩོད་རྙོག་བྱུང་སྟེ། འབྲས་ལྗོངས་མཐའ་མཚམས་སུ་ཕྱོགས་གཉིས་ཀྱི་དམག་མིའི་བར་གདོང་ཐུག་ཡང་ཡང་ཡོང་གི་ཡོད་པའི་སྐབས་འདིར། རྒྱ་གར་གྱི་སློབ་གྲྭ་ཁག་མང་པོ་ཞིག་གི་ནང་། སློབ་ཕྲུག་དང་སློབ་ཕྲུག་གི་ནང་མི་ཚོར་རྒྱ་ནག་གིས་བཟོས་པའི་ཅ་དངོས་རིགས་ཉོ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་པ་རེད།

ལས་འགུལ་དེ་ཤུགས་ཆེ་ཤོས་རྒྱ་གར་མཱོམ་བྷེ་གྲོང་ཁྱེར་གྱི་སློབ་སྤྱི་ཚོགས་པ་(MPA)ཟེར་བས་སྣེ་ཁྲིད་བྱེད་བཞིན་ཡོད་པ་དང་། ཁོ་ཚོས་གྲོང་ཁྱེར་ལྟེ་བའི་གཞུང་གི་སློབ་གྲྭ་ཁག་ ༡༦༠༠ ནས་ ༡༧༠༠ ཙམ་ནང་རྒྱ་ནག་གི་ཅ་དངོས་ཉོ་མཚམས་འཇོག་དགོས་པའི་གཏན་འབེབས་བྱས་ཡོད་འདུག ད་དུང་ཁོང་ཚོས་ “རྒྱ་ནག་གི་ཅ་དངོས་ཉོ་མཚམས་འཇོག་པ་དེས་རྒྱ་ནག་ལ་བརྡ་ལན་ཞིག་སྤྲོད་ཀྱི་ཡོད་པ་ཙམ་མ་ཟད། རྒྱ་གར་སློབ་གྲྭ་ཁག་ནང་རྒྱལ་ཞེན་རིང་ལུགས་ཀྱི་སེམས་ཤུགས་སྤར་ཐབས་ཤིག་ཀྱང་ཡིན།” ཞེས་བརྗོད་ཡོད་པ་རེད།

སློབ་སྤྱི་ཚོགས་པ་དེའི་ཕུར་ཤཱན་ཊི་རེ་ཌི་རྗེ་(Prashant Redij)ཡིས་“སློབ་ཕྲུག་ཚོས་ངེས་པར་དུ་རྒྱལ་ཁབ་ལ་འཕྲད་བཞིན་པའི་དཀའ་རྙོག་ཧ་གོ་བ་བྱས་ཏེ། རྒྱ་ནག་གི་ཅ་དངོས་ཉོ་མཚམས་འཇོག་དགོས་པ་མ་ཟད། ཐ་ན་རྒྱ་ནག་གིས་བཟོས་པའི་དེབ་ཆས་རིགས་དང་སྨྱུ་གུ མཇལ་བྱེད་ཡོ་ཆས། སྨྱུག་སྒམ། འགྱིག་སུབ་ཚང་མ་ཉོ་མཚམས་འཇོག་དགོས། མ་མཐར་ཡང་ང་ཚོས་དེ་དག་ཉོ་མཚམས་བཞག་སྟེ་རྒྱ་ནག་གི་དངོས་ཟོག་དཔལ་འབྱོར་ལ་གྱོང་གུད་ཕྲན་བུ་སྤྲོད་ཐུབ་ན། ང་ཚོས་རང་གི་རྒྱལ་ཁབ་ལ་ལས་དོན་ཆེན་པོ་ཞིག་བསྒྲུབས་ཐུབ་ཡོད་པ་རེད།”ཅེས་བརྗོད་ཡོད།

ཁོས་མུ་མཐུད་དུ“སློབ་གྲྭ་ཁག་གིས་ངེས་པར་དུ་སློབ་ཕྲུག་ཚོར་རྒྱལ་ཞེན་རིང་ལུགས་ཀྱི་སློབ་གསོ་སྤེལ་དགོས་པ་དང་། རྒྱ་ནག་གི་ཅ་དངོས་ཉོ་མཚམས་འཇོག་པའི་ལས་འགུལ་འདི་སྟབས་བདེ་བོའི་ཐོག་ནས་ས་མཚམས་ཀྱི་དམག་མི་ཚོར་རྒྱབ་སྐྱོར་བྱེད་སྟངས་ཤིག་ཡིན་ལ། ང་ཚོས་ཕ་མ་དང་སློབ་ཕྲུག་ཚོར་བཙན་སྐུལ་བྱེད་ཀྱི་མེད་ལ། རྒྱ་ནག་གི་ཅ་དངོས་གཅིག་ཀྱང་བཀག་འགོག་ཀྱང་བྱེད་ཀྱི་མེད་པར། ཕ་མ་དང་སློབ་ཕྲུག་ཚོར་ད་ལྟའི་གནས་སྟངས་ཧ་གོ་བའི་ཐོག་ནས་རེ་སྐུལ་ཞུ་བཞིན་ཡོད།” ཅེས་བརྗོད་འདུག

རྒྱ་གར་དུས་བབ་གསར་ཁང་གིས་རྒྱ་ནག་གི་ཅ་དངོས་ཉོ་མཚམས་འཇོག་པའི་ལས་འགུལ་དེ་མི་རིང་བར་སྤྱི་ཚོགས་བརྒྱུད་ལམ་ཁག་བརྒྱུད་དེ་རྒྱལ་ཡོངས་སུ་བསྒྲགས་རྒྱུ་ཡིན་ཚུལ་འཁོད་ཡོད་ཀྱང་། རྒྱ་གར་གྱི་དེ་རིང་གི་ཚོང་ལས་(BT)ཞེས་པའི་གསར་འཕྲིན་གྱིས་ “དོན་དངོས་ཐོག་ལས་འགུལ་དེས་རྒྱ་ནག་གི་དཔལ་འབྱོར་ལ་ཤུགས་རྐྱེན་ག་ཚོད་ཅིག་སྤྲོད་ཐུབ་བམ། ཉེ་ཆར་ལ་རྒྱ་གར་གྱིས་རྒྱ་ནག་གི་དངོས་ཟོག་ནང་འདྲེན་བྱས་པའི་ཡོངས་འབབ་ཨ་སྒོར་ཐེར་འབུམ་ ༦༠ ཡིན་སྟབས། རྒྱ་ནག་གི་དངོས་ཟོག་བཀག་འགོག་གི་ལས་འགུལ་དེ་ནོར་འཁྲུལ་ཞིག་མིན་ནམ།”ཞེས་འཁོད་འདུག

རྒྱ་གར་གྱིས་རྒྱ་ནག་གི་དངོས་ཟོག་ཉོ་ཚོང་མཚམས་འཇོག་གི་ལས་འགུལ་འདི་ཐེངས་དང་པོ་མིན་པར། ན་ནིང་རྒྱ་གར་གྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་པ་ཀི་སི་ཐན་གྱི་(Jaish-eMohammed)ཚོགས་པའི་མགོ་ཁྲིད་མཱ་སོ་ཌི་ཨཱ་ཛཱར་(Masood Azhar)དྲག་སྤྱོད་པར་ངོས་འཛིན་བྱེད་དགོས་པའི་རེ་འདུན་བཏོན་པར། རྒྱ་ནག་གི་རྒྱལ་ཚོགས་འཐུས་མིས་ངོས་ལེན་མ་བྱས་པའི་སྐབས་དེར་ཡང་རྒྱ་གར་གྱིས་རྒྱ་ནག་གི་དངོས་ཟོག་ཉོ་ཚོང་མཚམས་འཇོག་དགོས་པའི་ལས་འགུལ་སྤེལ་ཡོད།

རྒྱ་ནག་ནི་ཕྱི་ཕྱོགས་ཀྱི་དངོས་ཟོག་ཉོ་ཚོང་བཀག་འགོག་ལས་འགུལ་སྤེལ་མཁན་གཙོ་བོ་ཞིག་ཡིན། ཕྱིའི་རྒྱལ་ཁབ་གང་རུང་ཞིག་གིས་རྒྱ་ནག་ལ་གནོད་པའི་ལས་ཀ་ཅུང་ཙམ་བྱས་མ་ཐག་རྒྱལ་ཁབ་དེའི་ཅ་དངོས་ཉོ་ཚོང་བཀག་འགོག་བྱེད་བཞིན་ཡོད། ད་ལོའི་ལོ་མགོར་ལྷོ་ཀོ་རི་ཡས་ཨ་རི་ནས་རྡུལ་ཕྲན་མཚོན་ཆ་འགོག་སྲུང་ཡོ་ཆས་ནང་འདྲེན་བྱས་སྟབས། དེ་མ་ཐག་རྒྱ་ནག་གིས་ལྷོ་ཀོ་རི་ཡའི་ཅ་དངོས་དང་ཟ་ཁང་གི་ཟ་མ་ཚུན་ཆད་ཉོ་མཚམས་བཞག་པ་མ་ཟད། ལྷོ་ཀོ་རི་ཡ་ནས་ཡོང་བའི་ཡུལ་སྐོར་སྤྲོ་འཆམ་པ་བཀག་འགོག་དང་། སློབ་གྲྭའི་སློབ་མ་ཚོར་ལྷོ་ཀོ་རིའི་སྟབས་བདེའི་ཟས་རིགས་ཉོ་མི་ཆོག་པའི་ལས་འགུལ་སྤེལ་ཡོད།

དེ་བཞིན། ༢༠༡༠ ལོར་ནོར་ཝེ་རྒྱལ་ཁབ་ཀྱི་ནོ་བྷེལ་གཟེངས་རྟགས་མཐུན་ཚོགས་ཀྱིས་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ལུའུ་ཞོ་པོ་ལ་ཞི་བདེ་གཟེངས་རྟགས་སྤྲད་སྐབས། རྒྱ་ནག་གིས་ནོར་ཝེ་ཡི་ཉ་ཤའི་རིགས་ནང་འདྲེན་བྱེད་རྒྱུ་མཚམས་བཞག་ཡོད་ལ། ལོ་སྔོན་མར་༧གོང་ས་ཏཱ་ལའི་བླ་མ་སོག་ཡུལ་དུ་ལྟ་སྐོར་ལ་ཕེབས་རྗེས་རྒྱ་ནག་གིས་སོག་པོའི་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་གཅིག་ཀྱང་རྒྱ་ནག་ཏུ་ཡོང་མི་ཆོག་པ་བྱས་ཡོད།

རྒྱ་གར་གྱི་ས་ཁམས་དམག་ཇུས་པ་(Brahma Challaney)ཡིས་དེ་རིང་གི་ཚོང་ལས་ཞེས་པའི་གསར་ཁང་ལ་རྒྱ་གར་གྱིས་རྒྱ་ནག་ལ་ཁ་གཏད་གཅོག་བྱེད་ཀྱི་མཚོན་ཆ་གཙོ་བོ་དེ་དམག་གི་སྟོབས་ཤུགས་མིན་པར་ཚོང་ལས་ཆགས་ཡོད། རྒྱ་ནག་གི་དངོས་ཟོག་ཉོ་ཚོང་བཀག་འགོག་གི་ཐབས་བྱུས་འདི་བརྒྱུད་དེ་རྒྱལ་ཡོངས་མི་མང་ལ་རང་གིས་བཟོས་པའི་སྨན་གྱི་བྲོ་བ་མྱོང་བཅུག་དགོས་ཞེས་སོགས་བརྗོད་ཡོད་པ་རེད།

ད་ལྟ་རྒྱ་དཀར་ནག་བར་ས་མཚམས་རྩོད་རྙོག་གི་གནས་སྟངས་ཛ་དྲག་ཆགས་ཡོད་ལ། འབྲས་ལྗོངས་ས་མཚམས་སུ་ཕྱོགས་གཉིས་ཀྱི་དམག་མིས་དུས་ངེས་མེད་དུ་སྲུང་སྐྱོབ་བྱས་ཏེ་ཟླ་བ་བཞི་ལྷག་སོང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༧/༡༥

Leave a Reply

One thought on “རྒྱ་གར་སློབ་གྲྭ་ཁག་ནང་རྒྱ་ནག་གི་དངོས་ཟོག་ཉོ་མཚམས་འཇོག་པ།

  1. གཞུང་པ་ཚེ་དབང་བསོད་ནམས་

    རྒྱ་དཀར་ནག་བར་ཚོང་ལས་ཅ་དངོས་ཉོ་ཚོང་བཀག་ནས་རྒྱ་དཀར་ནག་བར་ཞི་བདེ་ལྷིངས་འཇགས་ཡོང་གི་ཡོད་ན་ཐབས་ལམ་དེ་འགྲིག་པ་དང་དེ་མིན་རྒྱལ་ཁབ་གཉིས་ཀར་དཔལ་འབྱོར་གྱོང་གུན་ཙམ་ལ་སོང་གལ་ཆེ་ཤོས་དེ་མི་དང་མི་ཐུག་ནས་ཕར་བཤད་ཚུར་ཉན་དངཚུར་བཤད་ཕར་ཉན་རྒྱུད་ནས་ཆབ་སྲིད་ཀྱི་ཐབས་ལམ་ཚོལ་རྒྱུ་དེ་གལ་ཆེན་དོན་ཆེན་ཡིན་པའི་ངོས་འཛིན་ཞུ་གི་ཡོད་།