དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཝ་ར་ཎ་སིའི་སློབ་ཕྲུག་ཚོར་བཀའ་སློབ་གནང་བཞིན་པའི་སྐབས་སུ་བོད་པའི་སློབ་ཕྲུག་བསྟན་འཛིན་ཆོས་དབྱངས་ཞུ་བ་ཞིག་གིས་རང་ལུས་མེར་བསྲེགས་གནང་ཡོད་འདུག
སློབ་ཕྲུག་བསྟན་འཛིན་ཆོས་དབྱངས་ཝ་ར་ཎ་སི་མཐོ་སློབ་ཀྱི་དབུ་མ་གོང་མིའི་འཛིན་རིམ་དང་པོའི་སློབ་མ་ཡིན་པ་དང་། ཁོང་གིས་དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཡས་མས་ཤིག་ལ་སློབ་གྲྭའི་བུའི་ཉལ་ཁང་རྒྱལ་སྒོའི་ཉེ་འགྲམ་དུ་རང་ལུས་མེར་བསྲེགས་གནང་ཡོད་ཅིང་། ཁོང་ད་ལྟ་རང་ལོ་ ༢༠ ཡིན་འདུག
ད་ལྟ་ཁོང་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་དང་གཟུགས་པོའི་བརྒྱ་ཆ་ ༥༠ ལྷག་མེ་སྐྱོན་བྱུང་ཡོད་འདུག་ལ། ཁོང་ནི་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་ནས་ཡིན་པ་དང་། ཁོང་གིས་ཐེངས་འདིར་རང་ལུས་མེར་བསྲེགས་གནང་དོན་བོད་པའི་རྩ་དོན་ཆེད་ཡིན་སྐོར་བརྗོད་ཡོད་འདུག
ཁ་སང་ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བྷེ་ཧྭར་མངའ་སྡེའི་ནང་ཕེབས་འབྱོར་བྱུང་སྟེ། ན་ལེཎ་ཊ་དང་བྱ་རྒོད་ཕུང་པོ་རི་གཉིས་ལ་གནས་མཇལ་གནང་ཡོད་པ་དང་། ཕྱི་དྲོར་ཝ་ར་ཎ་སའི་སློབ་གྲྭར་ཕེབས་ཏེ་ཞི་བ་འཚོའི་དཔེ་མཛོད་ཁང་དུ་གཟིགས་སྐོར་གནང་ཡོད་འདུག