ཆིན་ཧྭ་སློབ་ཆེན་ནང་རིག་གནས་གསར་བརྗེ་ལོ་རྒྱུས་སློབ་ཚན་བཀག

རྒྱ་ནག་གི་སྐད་གྲགས་ཆེ་བའི་པེ་ཅིན་ཆིན་ཧཱ་སློབ་ཆེན་ནང་དུ་རིག་གནས་གསར་བརྗེ་ལོ་རྒྱུས་སློབ་ཚན་མེད་པ་བཟོས་ཏེ་རིག་གནས་གསར་བརྗེ་ལོ་རྒྱུས་སློབ་དཔོན་ལ་སློབ་ཚན་ཁྲིད་མི་དགོས་པ་བྱས་ཡོད་འདུག

ཁ་སང་ཧྲང་ཧེ་བ་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསར་ལྟར་ན། རྒྱ་ནག་ཆིན་ཧྭ་སློབ་གྲྭ་ཆེན་མོའི་ལྟ་གྲུབ་སྡེ་ཚན་གྱི་སློབ་དཔོན་ཆེན་མོ་ཐཱང་ཧྲོ་ཅེ་(Tang Shaojie)ཡིས་དེ་གའི་སློབ་ཆེན་དུ་སྔོན་ཆད་རིག་གནས་གསར་བརྗེ་ལོ་རྒྱུས་སློབ་ཁྲིད་བྱེད་ཀྱི་ཡོད་པ་དང་། ད་ལོའི་སློབ་སྐབས་འདིར་ཡང་ཁོང་གིས་བསྐྱར་དུ་སློབ་ཚན་དེ་འཁྲིད་རྒྱུའི་འཆར་གཞི་ཡོད་ཀྱང་། སློབ་གྲྭའི་ངོས་ནས་ད་ལོའི་དབྱར་ཀའི་སློབ་སྐབས་མགོ་འཛུགས་མ་བྱས་སྔོན་གྱི་བདུན་གཅིག་ནས་སློབ་ཚན་དེ་མེད་པ་བཟོས་ཡོད་འདུག

སློབ་དཔོན་ཐཱང་གིས་རྒྱ་ནག་གི་གོ་ལའི་དུས་བབ་ལ་ “ ང་ལ་སློབ་ཚན་དེ་མེད་པ་བཟོས་པའི་སྐོར་ཟླ་ ༧ པའི་ཚེས་ ༡ ཉིན་བཤད་སོང་ཡང་། སློབ་གྲྭས་གནས་ཚུལ་དེ་ཟླ་ ༧ པའི་ཚེས་ ༣ ཉིན་བར་ཕྱི་ལ་བསྒྲགས་མ་སོང་།” ཞེས་བརྗོད།

སློབ་ཚན་དེ་ཐོག་མར་ ༡༩༩༥ ལོར་ “རིག་གནས་གསར་བརྗེ་ལོ་རྒྱུས་” ཞེས་པའི་ཁ་བྱང་འོག་ཐོན་ཡོད་པ་དང། སློབ་དཔོན་ཐཱང་གིས་ ༢༠༠༦ ལོ་ནས་སློབ་ཚན་དུ་ཁྲིད་ཆོག་པར་བཀའ་འཁྲོལ་ཞུས་ཡོད་ཀྱང་། སློབ་གྲྭའི་ངོས་ནས་ཁོའི་སྙན་ཞུ་དེར་དུས་ཡུན་རིང་པོར་ངོས་ལེན་བྱས་མེད་ཅིང་། དེ་རྗེས་ ༡༩༦༦ དང་ ༡༩༦༧ བཅས་སུ་ཁོས་སློབ་ཚན་དེའི་མིང་བརྗེ་བོ་བརྒྱབ་སྟེ། རིག་གནས་གསར་བརྗེ་ཞེས་པ་ལས་ “གསར་བརྗེ།” ཞེས་པའི་ཚིག་དེ་བླངས་ཏེ་ “རྒྱ་ནག་གི་རིག་གནས་ལོ་རྒྱུས།” ཞེས་པར་བསྒྱུར་ཏེ་ཆིན་ཧཱ་སློབ་ཆེན་ནང་སློབ་ཁྲིད་བྱེད་ཐུབ་པ་བྱུང་ཡོད་འདུག

ད་ལྟ་སློབ་དཔོན་ཐཱང་གིས་རིག་གནས་གསར་བརྗེ་ལོ་རྒྱུས་དེ་སློབ་ཁྲིད་བྱེད་མ་བཅུག་ཚེ་ཁོང་གིས་འུར་ཟིང་དང་རྙོག་འཛིང་གི་དུས་ཚོད་ནང་གི་རྒྱ་ནག་གི་ལོ་རྒྱུས་གང་ཡང་ཁྲིད་ཐུབ་ཀྱི་མེད་ཅེས་བརྗོད་ཡོད་འདུག

གོ་ལའི་དུས་བབ་ཀྱིས་དེ་གའི་སློབ་ཆེན་གློག་ཀླད་སྡེ་ཚན་གྱི་སློབ་མ་ནཱེ་ཞིན་ཛི་(Niu Xingzhi)ལ་སྐད་ཆ་དྲིས་པར། ཁོས་ ༢༠༡༥ ལོར་དགེ་རྒན་ཐཱང་གི་རིག་གནས་གསར་བརྗེའི་སློབ་ཚན་དུ་ཕྱིན་པའི་སྐོར་ལ་ “ ཐཱང་གིས་སློབ་ཚན་ཁྲིད་སྟངས་སྣ་འཛོམས་རང་བཞིན་ཅན་ཞིག་འཁྲིད་ཀྱིན་འདུག རིག་གནས་གསར་བརྗེ་སྐོར་གྱི་བརྙན་ཐུང་དང་གླུ་གཞས། མི་སྒེར་གྱི་ལོ་རྒྱུས་དང་སྐབས་དེའི་གློག་བརྙན། དེ་བཞིན། རྗོར་རྗི་ཨོ་རོལ་(George Orwell)གྱི་(༡༩༨༤)ཞེས་པའི་དཔེ་དེབ་ཀྱི་བརྙན་སོགས་བསྟན་ཏེ་སློབ་ཚན་དུ་འཁྲིད་ཀྱི་འདུག”ཅེས་བརྗོད་ཡོད་པ་རེད། ཁོས་ད་དུང་ “ཐཱང་གིས་ལོ་ངོ་ ༤༠ སྔོན་གྱི་རྒྱ་ནག་ནང་གི་འཚོ་བ་སྐྱེལ་སྟངས་སོགས་ཀྱི་རྣམ་པ་སྣུམ་མཚོན་རི་མོའི་ལམ་ནས་ཇི་བཞིན་བྲིས་ཡོད་སྟབས། ཁོང་ལ་སློབ་ཚན་དེ་འཁྲིད་སྤེལ་བྱེད་དུ་མི་འཇུག་པའི་རྒྱུ་མཚན་དེར་ཐུག་ཡོད་པ་རེད།” ཅེས་བརྗོད་འདུག

ལོ་སྔོན་མར། མའོ་ཙི་ཏུང་ལོ་ ༡༢༣ གྱི་སྐྱེས་སྐར་ཉིན་ཧྲན་ཏུང་(Shandong University)གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་(Deng Xiangchao)ཡིས་སྤྱི་ཚོགས་དྲ་ལམ་དུ་མའོ་ཡི་རིག་གནས་གསར་བརྗེ་ཡིས་མི་མང་ས་ཡ་མང་པོའི་ཚེ་སྲོག་འཕྲོག་ཡོད་ཅེས་མའོ་ལ་སྡུག་དམོད་བྱས་ཡོད་སྟབས། སྐད་ཆ་དུམ་བུ་དེ་ལ་བརྟེན་ནས་མའོ་རིང་ལུགས་པ་ཚོས་དེ་མ་ཐག་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་པ་མ་ཟད། གཙུག་ལག་སློབ་གཉེར་ཁང་གི་དམར་ཤོག་ཚོགས་པའི་ལྷན་ཚོགས་ཀྱིས་སྐད་ཆ་དེས་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད་སྐོར་བརྗོད་དེ་སློབ་དཔོན་ཁོང་དངོས་སུ་མེ་བསྲེགས་བཏང་ཡོད། དོན་རྐྱེན་དེ་བྱུང་ནས་བདུན་གཅིག་གི་རྗེས་སུ་ཧི་པེ་(Hebei)གྲོང་ཁྱེར་གྱི་སློབ་དཔོན་ཞིག་གིས་ཀྱང་སྤྱི་ཚོགས་དྲ་ལམ་དུ་མའོ་ལ་གདོན་འདྲེ་ཞེས་སྡུག་དམོད་བཏང་ཡོད་པ་རེད།

རྒྱ་ནག་པ་མང་པོ་ཞིག་གིས་ད་ལྟའང་མའོ་ལ་རླབས་ཆེ་བའི་གསར་བརྗེ་བ་ཞེས་བརྩི་བཀུར་བྱེད་བཞིན་ཡོད་ལ། ཁོ་རང་གི་ལས་ཀ་ཡག་པོ་རྐྱང་བསྒྲགས་པ་ལས་སྡུག་ཕྱོགས་རྣམས་གཡུག་རྐྱང་བྱེད་བཞིན་ཡོད། དམར་ཤོག་ཚོགས་པས་མའོ་ཡི་འདས་སྐར་ཞིག་དང་བསྟུན་ཏེ་མའོ་ཡི་ལས་ཀ་བྱས་པ་ལས་བརྒྱ་ཆ་ ༧༠ ཞིག་འགྲིག་པ་དང་། བརྒྱ་ཆ་ ༣༠ ནོར་འཁྲུལ་ཤོར་ཡོད་པར་བརྗོད་ཡོད་པ་རེད།

གང་ལྟར། རྒྱ་ནག་གཞུང་ཕྱོགས་ནས་མའོ་ཡི་འབྱོར་མེད་གྲལ་རིམ་རིག་གནས་གསར་བརྗེའི་སྐོར་གང་ཡང་ཤོད་ཀྱི་མེད་ཀྱང་། ན་ནིང་རིག་གནས་གསར་བརྗེ་བྱུང་ནས་ལོ་འཁོར་ ༥༠ འཁོར་བའི་དུས་དྲན་སྐབས་རྒྱ་ནག་མི་མང་ཉིན་རེའི་གསར་ཁང་(People’s Daily)གི་རྩོམ་སྒྲིག་པས་ཁུ་སིམ་པའི་གནད་དོན་དེ་ཐག་ཆོད་པོས་ངང་ནས་དཀྲོག་ཡོད་པ་རེད།

རྩོམ་སྒྲིག་པས་ “ང་ཚོས་དེ་རིང་བསྐྱར་དུ་བཤད་རྒྱུར། རིག་གནས་གསར་བརྗེ་དེ་ད་ལྟ་རྒྱ་ནག་ནང་འབྱུང་སྲིད་པ་མ་རེད་ལ། མ་འོངས་པར་ཡང་འབྱུང་ཐུབ་ཀྱི་མ་རེད། དེ་རིང་གི་རྒྱ་ནག་ནང་དུ་རིག་གནས་གསར་བརྗེ་འབྱུང་སའི་ས་ཁོད་ཅིག་མེད།” ཅེས་སོགས་འཁོད་ཡོད་འདུག དེ་ལྟར་ན། དེ་རིང་གི་རྒྱ་ནག་ནང་དུ་རིག་གནས་གསར་བརྗེ་སྐོར་ལ་སློབ་ཁྲིད་བྱེད་སའི་ས་ཁོད་ཀྱང་མེད་པ་རེད།

རྒྱ་ནག་ནང་དུ་ད་ལྟ་ད་དུང་མའོ་ལ་ཁ་ཞེ་གཉིས་མེད་ཀྱིས་དགའ་ཞེན་བྱེད་མཁན་ཧ་ཅང་མང་ལ། མང་ཆེ་བ་ཞིག་མའོ་ཡི་རིག་གསར་མ་བྱུང་སྔོན་གྱི་གཡོག་པོ་དང་དབུལ་བོའི་རིགས་ཀྱི་ཁྱིམ་རྒྱུད་དང་བུ་རབས་ཚ་རྒྱུད་ཡིན་ལ། ན་ནིང་མའོ་ཡི་སྐྱེས་ཡུལ་ཧོ་ནན་གྲོང་ཁྱེར་དུ་གསེར་སྐུ་ལས་གྲུབ་པའི་མོའུ་ཡི་འདྲ་གཟུགས་མཐོ་ཚད་ལ་རྨིད་ ༣༦ ཡོད་པ་ཞིག་བཞེངས་བསྐྲུན་བྱས་ཡོད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༧/༡༥

Leave a Reply

3 thoughts on “ཆིན་ཧྭ་སློབ་ཆེན་ནང་རིག་གནས་གསར་བརྗེ་ལོ་རྒྱུས་སློབ་ཚན་བཀག

  1. གཞུང་པ་ཚེ་དབང་བསོད་ནམས་

    རྒྱ་ནག་གྲལ་རིམ་དམངས་གཙོ་གཅིག་བསྡུད་འོག་ཤེས་ཡོན་སྲིད་ཇུས་གཏན་འབེབས་མེད་པ་གྲལ་རིམ་གྱི་མཛུབ་མོ་གང་བསྟན་འོག་ཤེས་ཡོན་སློབ་གསོའི་ལས་ཀ་སྤེལ་དགོས་པ་དེའི་རྒྱ་མི་རིགས་ལ་བསམ་ན་དཀའ་ཚེག་ཆེ་ལ་གདོང་ལེན་དཀའ་བའི་ཤེས་ཡོན་སྲིད་ཇུས་ཞིག་མ་རེད་དམ་???

  2. རྡོ་སེངྒེ།

    རྒྱ་ནག་ནང་མ་འོངས་པར་འགྱུར་བ་ཐེབས་ངེས་རེད་མོད། འོན་ཀྱང་རྒྱ་མི་མང་ཆེ་བས་བོད་དེ་གཏོང་འདོད་ཡོད་མ་རེད།