ངོ་མཚར་ཆེ་བའི་བུད་མེད། འཛམ་གླིང་གི་ཨང་བཞི་བར་བསླེབས།

ངོ་མཚར་བའི་བུད་མེད་(Wonder Woman)ཅེས་པ་ནི་ཉེ་ལམ་གསར་དུ་འགྲེམ་སྤེལ་བྱས་པའི་ཨ་རིའི་ནང་གི་གནའ་དེང་ཟུང་འབྲེལ་གྱི་མུ་འབྲེལ་རྟོག་སྒྲུང་གི་གློག་བརྙན་ཞིག་ཡིན། གློག་བརྙན་དེའི་ནང་གི་དཔའ་མོ་དྷ་ནཱ་ཡི་ཁྱད་དུ་འཕགས་པའི་ནུས་རྩལ་ལ་བརྟེན་ཏེ་གློག་བརྙན་དེར་ “ངོ་མཚར་བའི་བུད་མེད” ཅེས་བཏགས།

གློག་བརྙན་དེ་ད་ལོའི་ཕྱི་ཟླ་ ༥ པའི་ཚེས་ ༡༥ ཉིན་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་རུ་སྒོ་འབྱེད་བྱས་ཡོད་པ་དང་། ཕྱི་ཟླ་ ༦ པའི་ཚེས་ ༢ ཉིན་ནས་ཨ་རིར་སྟོན་མགོ་ཚུགས་ཏེ་ད་ལྟ་འཛམ་གླིང་གི་གློག་བརྙན་ཁང་རྣམས་སུ་ཚ་ཚ་འུར་འུར་གྱིས་སྟོན་བཞིན་ཡོད་ལ། ངོ་མཚར་བའི་བུད་མེད་ཅེས་པའི་གློག་བརྙན་འདི་ ༢༠༡༧ ལོའི་འཛམ་གླིང་གི་གློག་བརྙན་ཕར་ཚད་མཐོ་ཤོས་ཨང་བཞི་པ་ཆགས་ཡོད།

གློག་བརྙན་དེ་ཕྱི་ལ་ཐོན་པའི་བདུན་གཅིག་གི་ནང་ཡོང་འབབ་ཨ་སྒོར་དུང་ཕྱུར་ ༣ ($300 million) ཟིན་ཏེ་བདུན་ཕྲག་གཅིག་ནང་ཡོང་འབབ་ཆེ་ཤོས་ཀྱི་ཟིན་ཐོ་བསྐྲུན་ཡོད་པ་དང་། ད་ལྟ་ཨ་རིའི་གློག་བརྙན་ཁང་དག་ཏུ་ཨ་སྒོར་ས་ཡ་ ༢༥($25 million)དང་འཛམ་གླིང་ཁྱོན་ཡོངས་སུ་ཨ་སྒོར་ས་ཡ་ ༧༤༩ ($749 million)ཟིན་དེ་ཧོ་ལེ་ཝོ་ཌི་(Hollywood)གློག་བརྙན་འཁྲབ་སྟོན་ཚོགས་པའི་ལོ་རྒྱུས་ཁྲོད། འཁྲབ་སྟོན་མི་སྣ་གཙོ་བོ་བུད་མེད་ཡིན་པའི་གློག་བརྙན་འཕར་ཚད་མཐོ་ཤོས་དེ་ཆགས་ཡོད་པ་རེད།

གློག་བརྙན་འདིའི་འཁྲབ་ཁྲིད་པ་ནི། ཨ་རིའི་ཧོ་ལེ་ཝོ་ཌི་གློག་བརྙན་འཁྲབ་སྟོན་ཚོགས་པའི་ལྕམ་པེ་ཊེ་རྗན་ཁཱན་སི་(Patty Jenkins)ལགས་ཡིན་པ་དང་། ཁོང་མོས་ཨ་རིའི་(DC )ཞེས་པའི་དཔེ་དེབ་ནང་གི་རྟོག་སྒྲུང་ཞིག་གཞི་རྩར་བཞག་སྟེ། ཐེངས་འདིའི་ངོ་མཚར་བའི་བུད་མེད་ཅེས་པའི་གློག་བརྙན་འདིར་འཁྲབ་ཁྲིད་བྱས་ཡོད་ལ། གློག་བརྙན་འདིར་ཨ་སྒོར་ས་ཡ་ ༡༤༩($149 million)ཡི་འགྲོ་གྲོན་བཏང་ཡོད་འདུག

(DC)ཞེས་པའི་ནང་དོན་ནི། སྔོན་ཆད་ཨ་རིའི་དཔེ་སྐྲུན་ཁང་ཞིག་གིས་(Detective Comics)ཞེས་པའི་མུ་འབྲེལ་རྟོག་སྒྲུང་རིང་པོ་ཞིག་དཔར་སྐྲུན་བྱས་ཡོད་ཅིང་། དཔེ་དེབ་དེ་སྐད་གྲགས་ཆེན་པོ་ཆགས་རྗེས་དཔེ་དེབ་དེའི་བསྡུས་མིང་དཔེ་སྐྲུན་ཁང་ལ་བཏགས་ཏེ་ཌེ་སེ་(DC)ཞེས་འབོད་བཞིན་ཡོད་འདུག དཔེ་སྐྲུན་ཁང་དེ་ད་ལྟ་ཨ་རིའི་ནང་གི་དཔེ་སྐྲུན་ཁང་དང་དཔེ་དེབ་ཚོང་ཁང་ཆེ་ཤོས་དང་རྙིང་ཤོས་དེ་ཡིན་པ་དང་། དཔེ་སྐྲུན་ཁང་དེས་དཔར་འགྲེམ་བྱས་པའི་རྟོག་སྒྲུང་གློག་བརྙན་མང་པོ་ཞིག་ཧོ་ལེ་ཝོ་ཌི་གཙོས་པའི་འཛམ་གླིང་གི་གློག་བརྙན་འཁྲབ་སྟོན་པ་གྲགས་ཚོས་འཁྲབ་ཡོད་འདུག

མུ་འབྲེལ་རྟོག་སྒྲུང་རིང་མོ་ (Detective Comics) ཞེས་པའི་རྩོམ་པ་པོ་ནི་སི་ཊིན་ལེ་(Stan Lee)ཞུ་བ་ཁོང་ཡིན་པ་དང་། ངོ་མཚར་བའི་བུད་མེད་ཀྱི་འཁྲབ་སྟོན་མི་སྣ་གཙོ་བོ་ཧོ་ལེ་ཝོ་ཌིའི་འཁྲབ་སྟོན་མ་གྲགས་ཆེན་རྗལ་གྷཱ་དྷོ་ཊི་(Gal Gadot)ལགས་ཡིན་ཞིང་། ཁོང་མོའི་མཛེས་སྡུག་ཡིད་འོང་གི་སྒེག་ཉམས་དང་། མཁྱེན་མཛངས་རྟུལ་ཕོད་ཀྱི་དཔའ་མོའི་ཉམས་འགྱུར་གྱིས་ལྟད་མོ་བ་ཡོངས་ཀྱི་ཡིད་དབང་ཅིག་ཆར་དུ་འཕྲོག་ཡོད།

སྤྱིར་ངོ་མཚར་བའི་བུད་མེད་ཅེས་པའི་རྟོག་སྒྲུང་དེའི་སྐོར་ལ་ ༡༩༧༥ ལོ་ནས་གློག་བརྙན་ཞིག་འཁྲབ་མགོ་ཚུགས་ཡོད་ཀྱང་། ཐེངས་འདིའི་ལྕམ་པེ་ཊེ་རྗན་ཁཱན་སི་(Patty Jenkins)ལགས་ནི་རྟོག་སྒྲུང་འདིར་གློག་བརྙན་འཁྲབ་བྱེད་མཁན་བུད་མེད་ཐོག་མ་དེ་ཆགས་ཡོད་པ་དང་། ཁོ་མོས་གློག་བརྙན་འདིའི་འཁྲབ་ཁྲིད་པ་བྱེད་རྒྱུར་ ༢༠༡༥ ལོ་ནས་མཚན་རྟགས་བརྒྱབ་ཡོད་ཅིང་། ༢༠༡༥ ལོའི་ཟླ་ ༡༡ པའི་ཚེས་ ༢༡ ཉིན་ནས་དངོས་སུ་འཁྲབ་མགོ་ཚུགས་ཡོད་འདུག

གློག་བརྙན་གྱི་ནང་དོན་གནད་བསྡུས།

དཔའ་མོ་དྷ་ནཱ་ཡིས་ཨ་མ་རྫོན་གླིང་ཕྲན་དུ་བདེ་སྐྱིད་ཀྱི་འཚོ་བར་ལོངས་སུ་སྤྱོད་བཞིན་པའི་སྐབས་ཤིག་ལ། ཧྥ་རན་སིའི་རྒྱལ་ས་ཕ་རི་སིའི་ཝེ་ནཱེ་(Wayne)ནས་འཛམ་གླིང་དམག་འཁྲུག་དང་པོ་ལང་གི་ཡོད་པའི་པར་རིས་ཤོག་བྱང་ཞིག་འབྱོར། ཁོང་མོས་ཡི་གེ་དེར་བལྟས་མ་ཐག་འདས་དོན་ཡོངས་རྫོགས་ཝ་ལེར་དྲན་པ་སོས།

གློག་བརྙན་འདིའི་ནང་སྲས་མོ་དྷ་ནཱ་(Diana Prince)ཞེས་པའི་ནུས་རྩལ་འགྲན་ཟླ་བྲལ་བ་ཞིག་ཡོད། ཁོ་མོ་ཋེ་མཱེ་སི་ཁཱི་རཱ་(Themyscira)ཞེས་པའི་ས་ཆའི་ཨཱ་མཱ་རྫོན་(Amazon)ཞེས་པའི་ལྐོག་གྱུར་གྱི་གླིང་ཕྲན་ཞིག་ཏུ་སྐྱེས་ཤིང་། གླིང་ཕྲན་དེར་རི་བོ་ཨོ་ལིམ་པུ་སི་(Olympus)ཡི་ལྷ་རྣམས་ཀྱིས་འཛམ་གླིང་གི་འགྲོ་བ་མིའི་རིགས་སྲུང་སྐྱོབ་བྱེད་པར་བུད་མེད་དཔའ་མོ་མང་པོ་ཞིག་བསྐྲུན་ཡོད། དྷ་ནཱའམ་ངོ་མཚར་བའི་བུད་མེད་ཁོང་མོ་ནི་གླིང་ཕྲན་དེའི་སྟེང་གི་རྒྱལ་མོའི་སྲས་མོ་ཡིན།

རི་བོ་ཨོ་ལིམ་པུ་སིའི་ལྷ་ཆེན་ཨཱར་ཡཱ་(Ares)(ཨཱར་ཡཱ་ནི་དམག་འཁྲུག་གི་ལྷ་ཞེས་པའི་དོན་ཡིན་ལ། མིང་དེ་གྷི་རཱན་སིའི་གྲངས་རིག་མཁས་པ་ཞིག་གི་མིང་ཡིན་པ་དང་། མིང་ཚིག་དེ་ཐོག་མ་(DC)ཞེས་པའི་སྒྲུང་དེབ་ནང་ཐོན།)ཡིས་བུད་མེད་དེ་དག་མ་བཟོས་སྔོན་ལ། ཁོས་རང་གི་ཉེ་འཁོར་གྱི་ལྷ་རྣམས་རིམ་པ་བཞིན་བསད་དེ་རྩ་མེད་ཆགས་གྲབས་ཡོད་སྐབས། ཁོ་རང་གི་ཨ་ཕ་(Zeus)ཡིས་ལྷ་རྟུལ་ར་གྲིས་ཁོ་ལ་རྨས་སྐྱོན་བཟོས་ཏེ་ཕམ་པར་བཏང་། ཨཱར་ཡཱ་ཡི་རྨས་སྐྱོན་དྲེག་སྐྱེད་མ་བྱུང་སྔོན་ལ་ཨ་ཕས་ཨཱ་མཱ་རྫོན་གླིང་ཕྲན་བཞག་ནས་ཡུལ་གཞན་དུ་ཕྱིན།

དྷ་ནཱ་ཡི་ཨ་མ་རྒྱལ་མོ་ཧེ་པོ་ལེ་ཊཱ་(Queen Hippolyta)ཡིས་ཨཱར་ཡཱ་ལ་གཏན་དུ་ཕྱིར་ལོག་མེད་པར་འདོད་དེ་རང་གི་བུ་མོར་དཔའ་མོའི་ནུས་རྩལ་སྦྱོང་བར་བཀག་འགོག་བྱས་ཀྱང་ཁོ་མོའི་ཨ་ནེ་བུད་གླིང་ཕྲན་དེའི་སྟེང་གི་དམག་སྤྱི་ཨཱན་ཊཱོ་པོ་(Antiope)ཡིས་རྒྱལ་མོའི་ཁ་ལ་མ་ཉན་པར་གསང་བའི་ངང་ནས་བུ་མོ་དྷེ་ནཱ་ལ་ནུས་རྩལ་བསླབ་ཡོད། ༡༩༡༨ ལོར་ཨ་རིའི་གནམ་གྲུའི་ཁ་ལོ་བའི་མགོ་དཔོན་སྐུ་ཞབས་སི་ཊཱེ་ཧྥི་ཊི་རེ་ཝོར་(Steve Trevor)ལགས་ཀྱི་གནམ་གྲུར་ཆགས་སྐྱོན་ཤོར་ཏེ། ཋེ་མཱེ་སི་ཁཱི་རཱ་(Themyscira)མཚོ་འགྲམ་དུ་ལྷུང་ཡོད་པ་དྷེ་ནཱ་ཡིས་གཉེན་ཁ་ལས་བསྐྱབས་ཡོད།

མི་རིང་བར་སི་ཊཱེ་ཧྥི་ཊི་རེ་ཝོར་ཡི་རྗེས་འདེད་གཏོང་མཁན་འཇར་མན་གྱི་དམག་གྲུ་མང་པོས་གླིང་ཕྲན་དེར་བཙན་འཛུལ་བྱས་སྐབས། ཨཱ་མཱ་རྫོན་གླིང་ཕྲན་གྱིས་གཡུལ་འཐབ་བྱས་ཏེ་འཇར་མན་གྲུ་གཟེངས་ནང་གི་མི་ཚང་མ་བསད་དེ་རྒྱལ་ཁ་བླངས་ཡོད། འཇར་མན་དམག་གིས་སི་ཊཱེ་ཧྥི་ཊི་རེ་ཝོར་ལ་རྗེས་འདེད་གཏོང་དགོས་པའི་རྒྱུ་མཚན་གང་ཡིན་དྷ་ནཱ་ཡིས་མོ་རང་གི་མཚོན་ཆ་ལཱ་སོ་ཧེ་སི་ཊཱ་(Lasso of Hestia)(འདི་ནི་དྷ་ནཱ་ཡི་མཚོན་ཆའི་མིང་ཡིན་ཞིང་། གསེར་ལས་གྲུབ་པའི་ཐག་པ་ལྟ་བུ་ཞིག་ཡིན་འདུག མཚོན་ཆ་འདིར་གསང་བའི་གནས་ཚུལ་དང་ལས་དོན་སོགས་བཤད་ན་ཐག་གཅོད་ཐུབ་པའི་ནུས་པ་ཡོད།)ལ་དྲིས་པར། སི་ཊཱེ་ཧྥི་ཊི་རེ་ཝོར་ཡིས་གླིང་ཕྲན་ཕྱི་རོལ་དུ་འཛམ་གླིང་དམག་ཆེན་དང་པོ་རྒྱག་གི་ཡོད་པའི་གནས་ཚུལ་རྣམས་བཤད་པ་དང་། ཁོ་རང་ཡང་(Allied)(འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པའི་སྐབས་ཀྱི་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་སྤྱི་མིང་།)མཐུན་ཕྱོགས་རྒྱལ་ཁབ་ཀྱི་གསང་ཉུལ་བ་ཞིག་ཡིན་པ། དེ་བཞིན། ཁོས་སི་པན་གྱི་རྫས་འགྱུར་མཁས་པ་(Isabel Maru)ཡི་རིན་ཐང་བྲལ་བའི་ཟིན་ཐོའི་ཡིག་ཆ་ཞིག་བརྐུས་ནས་འཁྱེར་ཡོད་པ་སོགས་བཤད། རྫས་འགྱུར་མཁས་པ་དེ་ཡིས་ཨོ་ཊོ་མཱན་རྒྱལ་ཕྲན་(Ottoman Empire)གྱི་མཚོན་ཆའི་དམག་སྤྱི་ཆེན་མོ་ཨེ་རེ་ཆི་ལོ་དྷིན་ཌོར་ཧྥི་(Erich Ludendorff)ཡི་བཀོད་མངགས་ལྟར་རླངས་ནུས་རྡུལ་ཕྲན་མཚོན་ཆ་(mustard gas)བཟོ་བཞིན་ཡོད། དྷ་ནཱ་ཡིས་གླིང་ཕྲན་ཕྱི་རོལ་གྱི་དམག་འཁྲུག་སྐོར་ཐོས་མ་ཐག་ཋེ་མཱེ་སི་ཁཱི་རཱ་གླིང་ཕྲན་བཞག་སྟེ། སི་ཊཱེ་ཧྥི་ཊི་རེ་ཝོར་དང་མཉམ་དུ་དམག་འཁྲུག་ཞི་འཇགས་བཟོ་བར་ཕྱིན།

སྐབས་དེར་ཁོ་གཉིས་ལོན་ཌོན་དུ་འབྱོར་ཏེ་དམག་འཁྲུག་གི་ཆེས་མཐོའི་ལྷན་ཚོགས་སྟེང་རྫས་འགྱུར་སྐོར་གྱི་གསང་བའི་ཡིག་ཆ་དེ་བསྟན། དྷ་ནཱ་ཡིས་སྐད་སྒྱུར་བ་བརྒྱུད་དེ་གསང་བའི་ཡིག་ཆ་དེའི་སྐོར་འགྲེལ་བཤད་བྱས། ཡིག་ཆ་དེའི་ནང་འཇར་མན་གྱིས་དམག་འཁྲུག་ཁྲོད་རླངས་ནུས་རྡུལ་ཕྲན་མཚོན་ཆ་གཡུག་འཆར་ཡོད་པ་རྟོགས་ཏེ། ཁོ་ཚོས་རྡུལ་ཕྲན་མཚོན་ཆ་སྔོན་འགོག་བྱེད་པར་སྐྱོད་དེ་སྦེལ་ཇམ་གྱི་ནུབ་ངོས་སུ་བསླེབས་སྐབས་དགྲ་བོས་འགྲོ་ལམ་བཀག ཡིན་ན་ཡང་དྷ་ནཱ་ཡིས་མི་མེད་ས་ཆ་(No man’s land)ཞེས་པ་བརྒྱུད་ནས་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་དམག་མི་བསྡུ་རུབ་བྱས་ཏེ། ཁོ་ཚོ་མཉམ་འབྲེལ་གྱིས་ཝེ་ཌཱ་( Veld)གྲོང་ལ་རང་དབང་ཐོབ་པར་བྱས། སྐབས་དེར་ཁོ་ཚོས་རྒྱལ་ཁའི་དགའ་སྟོན་ཆུང་ཆུང་ཞིག་གཏོང་བཞིན་པའི་མཚན་མོ་དེར་དྷ་ནཱ་དང་སི་ཊེ་ཧྥི་གཉིས་བློས་ཐུབ་ཀྱི་གྲོགས་པོར་གྱུར།

འཇར་མན་ཆེས་མཐོའི་དམག་ཁང་གི་ཉེ་སར་དུས་སྟོན་ཞིག་འཚོགས་བཞིན་ཡོད་པའི་གོ་སྐབས་དང་བསྟུན་ཏེ། སི་ཊེ་ཧྥི་དུས་སྟོན་དེའི་སྟེང་གསང་འཛུལ་བྱས་ཏེ་རླངས་རྡུལ་དུག་རྫས་འགྲམ་དུ་བསླེབས། དྷ་ནཱ་ཡིས་དམག་སྤྱི་ཨེ་རེ་ཆི་ལོ་དྷིན་ཌོར་ཧྥི་གསོད་ཐུབ་ཚེ་དམག་འཁྲུག་མཚམས་འཇོག་བྱེད་ཐུབ་པར་བསམ་ཏེ། འཇབ་རྒོལ་གྱིས་དམག་སྤྱི་ཡོད་སར་བསླེབས་པ་དང་ཁོ་གཉིས་གདོང་ཐུག་བརྒྱབ་ནས་འཐབ་འཛིང་བྱས། སི་ཊེ་ཧྥི་ཡིས་དྷ་ནཱར་གཉེན་ཁ་ཡོད་པར་མཐོང་སྟེ་བར་འདུམ་བྱས་ཡོད་སྟབས། དམག་སྤྱི་འགད་རྫས་ཡོད་སར་ཤོར་ནས་འགད་རྫས་ཀྱི་འཕར་ཁ་གྲོལ་ནས་ཝལ་ཌི་གྲོང་(Veld)ལ་བཏང་སྟེ་གྲོང་སྡེ་ཡུལ་མི་རྣམས་བསད། དྷ་ནཱ་ཡིས་སི་ཊེ་ཧྥི་ལ་ཁོ་གཉིས་བར་འདུམ་བྱས་པ་དེར་ལེ་བདའ་བྱས། དེ་རྗེས་དྷ་ནཱ་ཡིས་དམག་སྤྱི་གསོད་ཐུབ་ཡོད་ན་ཡང་དམག་མཚམས་འཇོག་ཐུབ་མེད།

དེ་རྗེས་(Sir Patrick)ཡིས་རང་ཉིད་ཨཱར་ཡཱ་ཡིན་པ་གསལ་སྟོན་བྱས་ཏེ་དྷ་ནཱ་ལ་རོགས་པ་བྱས་ཏེ་འཐབ་འཁྲུག་བརྒྱབ། སྐབས་དེར་ཨཱར་ཡ་ཡིས་དྷ་ནཱ་ལ་ཁོ་མོ་ཛོ་སི་(Zeus)ཡི་བུ་མོ་ཡིན་པ་དང་། ཁོ་མོར་ནུས་རྩལ་འགྲན་ཟླ་བྲལ་བ་ཡོད་པའི་སྐོར་སོགས་བཤད་དེ། ཁོ་མོས་རང་ཉིད་ལ་སུས་ཀྱང་འགྲན་མི་ནུས་པའི་ནུས་རྩལ་ཡོད་པ་གསལ་རྟོགས་བྱུང་། དེ་ནས་དམག་འཁྲུག་རྒྱག་མགོ་ཚུགས་ཡོད་པ་དང་སི་ཊེ་ཧྥི་ཡིས་མཱ་རོ་(Maru)ཡི་རྫས་འགྱུར་ཁང་གཏོར་ནས་འགད་རྫས་ཁུར་ནས་ས་མགོ་མཐོ་ས་ཞིག་ནས་གས་གཏོར་བཏང་པ་དང་དེ་དང་མཉམ་དུ་ཁོ་རང་གི་ཚེ་སྲོག་ཀྱང་བློས་གཏོང་བྱས་ཡོད།

མཐའ་མཇུག་དེར་ཨཱར་ཡཱ་ཡིས་དྷ་ནཱ་ལ་མཱ་རོ་གསོད་དགོས་པར་བཤད་ཀྱང་སི་ཊེ་ཧྥི་མཐའ་མཇུག་གི་སྐད་ཆ་ “འགྲོ་བ་མིའི་རང་གཤིས་ནི་ཡག་པོ་ཡིན་”ཞེས་པ་དེས་ཁོ་མོར་ཡིད་འགུལ་ཐེབས་ཏེ་མཱ་རོ་མ་བསད་པར་ཀློད་གྲོལ་བཏང་། མཐའ་མ་དེར་ཁོ་མོར་རྒྱལ་ཁ་ཐོབ་སྟེ་དམག་འཁྲུག་མཚམས་འཇོག་ཐུབ་པ་བྱུང་བ་དང་། ཁོ་ཚོ་ཕྱིར་ལོན་ཌོན་དུ་ལོག་སྟེ་དམག་འཁྲུག་མཚམས་འཇོག་གི་དགའ་སྟོན་བྱས། ཉིན་ཁ་ཤས་རྗེས་སུ་དྷ་ནཱ་ཡིས་(Bruce Wayne)ལ་གློག་འཕྲིན་བཏང་སྟེ་ཁོ་མོར་དམག་འཁྲུག་གི་ཤོག་བྱང་སྐུར་བར་ཐུགས་རྗེ་ཆེ་ཞུས་པ་དང་སི་ཊེ་ཧྥི་ཁོ་གཉིས་ཀྱིས་འཛམ་གླིང་སྐྱོབ་ཐུབ་པ་བྱུང་བ་དང་། ཁོ་མོའི་རང་ཉིད་ཀྱི་རྩལ་ནུས་དང་ངོ་མཚར་བའི་བུད་མེད་ཆགས་པ་སོགས་བཤད་ཡོད།

ངོ་མཚར་བའི་བུད་མེད་གློག་བརྙན་སྔོན་མའི་ནང་དུ་དྷ་ནཱ་ནི་ཨ་རིའི་དམག་གཞུང་གི་སྨན་ཞབས་མ་ཞིག་ཡིན་པ་དང་། ཁོ་མོས་ཨ་རིའི་དམག་གི་གསང་བའི་ལས་ཁུངས་སུ་ཡང་ལས་ཀ་བྱས་མྱོང་ཡོད་འདུག ཁོ་མོར་འགྲན་ཟླ་བྲལ་བའི་མཐུ་ནུས་ཞིག་ཡོད་ནའང་རྗེས་སུ་དམག་འཁྲུག་ཅིག་གི་ནང་ཁོ་མོའི་ནུས་མཐུ་ཡོངས་རྫོགས་ཉམས་པ་མ་ཟད། སྔར་གྱི་གནས་ཚུལ་ཡོངས་རྫོགས་དྲན་པ་བརྗེད་ཡོད།

གློག་བརྙན་འདིའི་འཁྲབ་སྟོན་མི་སྣ་གཙོ་བོའི་ལོ་རྒྱུས་སྙིང་བསྡུས།

ངོ་མཚར་བའི་བུད་མེད་གློག་བརྙན་འཁྲབ་སྟོན་མ་རྗལ་གྷཱ་དྷོ་ཊི་(Gal Gadot)ནི་ ༡༩༨༥།༤།༣༠ ཉིན་རྒྱལ་ཁོངས་ཨེ་སི་རལ་གྱི་རྗེའུ་(Jewish)ཁྱིམ་རྒྱུད་ཅིག་ཏུ་ནས་སྐྱེས་ཤིང་ད་ལྟ་རང་ལོ་ ༣༠ ཡིན་འདུག ཁོང་མོ་ ༢༠༠༤ ལོར་ཨེ་སི་རལ་(Israel)རྒྱལ་ཡོངས་མཛངས་མའི་རྒྱལ་ཁ་ཐོབ་ཡོད་ཅིང་། སྐབས་དེར་ཁོ་མོ་རང་ལོ་ ༡༨ ཡིན་པ་དང་ལོ་དེར་ད་དུང་ཁོ་མོ་འཇིག་རྟེན་མཛངས་མའི་འགྲན་བསྡུར་ལ་ཞུགས་ཡོད་པ་རེད། ཁོང་མོས་འབྲིང་རིམ་སློབ་གྲྭའི་སྐབས་དངོས་ཁམས་རིག་པར་ཆེད་སྦྱོང་བྱས་ཡོད་པ་དང་། སློབ་ཆེན་སྐབས་ཁྲིམས་ལུགས་རིག་པ་དང་ཆབ་སྲིད་ཚན་རིག་ཐོག་ཨེ་སི་རལ་(IDC Herzliya)སློབ་ཆེན་ཐོན་ཡོད་འདུག

སློབ་མཐར་ཕྱིན་རྗེས་ལོ་གཉིས་རིང་ཨེ་སི་རལ་བདེ་སྲུང་དྲག་ཆས་དམག་ཁོངས་སུ་ཞུགས་ཡོད་ཅིང་། ཁོང་མོ་ཆུང་དུས་ནས་ལུས་རྩལ་ཕྱོགས་ལ་ཧ་ཅང་དགའ་བ་དང་སློབ་འབྲིང་སྐབས་ཁོང་མོའི་ལེགས་འགྲུབ་ཆེ་ཤོས་ལག་རྩེད་སྤོ་ལོ་ཡིན་འདུག

ད་ལྟ་ཁོང་མོའི་ལས་ཀ་གཙོ་བོ་གློག་བརྙན་འཁྲབ་སྟོན་དང་། དེང་རབས་དཔེ་གསར་གྱོན་ཆས་འགྲེམས་སྟོན་སོགས་ཡིན་པ་དང་། ཁོ་མོས་ད་སྔ་འཁྲབ་སྟོན་བྱས་པའི་གློག་བརྙན་ཁག་ལ་སྐད་གྲགས་ཆེན་པོ་བྱུང་ཡོད་འདུག ཁོང་མོས་ཐོག་མ་ ༢༠༠༨ ལོར་ཨེ་སི་རལ་གྱི་ཟློས་ཀར་གློག་བརྙན་ཞིག་གི་འཁྲབ་སྟོན་བྱས་ཡོད་ཅིང་། དུས་དེ་ནས་བཟུང་འཛམ་གླིང་ཐོག་ཁོང་མོར་གློག་བརྙན་འཁྲབ་སྟོན་མའི་འཇོན་ནུས་ཡོངས་སུ་ཚང་ཡོད་པའི་སྙན་གྲགས་རྒྱས་ཡོད།

ཁོང་མོས་ད་བར་འཛམ་གླིང་ལ་གྲགས་ཆེ་བའི་གློག་བརྙན་(Dawn of Justice) (Date Night) ( Knight and Day) ( Fast & Furious)བཞི་པ་དང་ལྔ་པ་དྲུག་པ་བདུན་པ་སོགས་དང་།(Kicking Out Shoshana) (Triple 9) (Batman v Superman) (Criminal) (Keeping Up with the Joneses)། ད་ལྟའི་ངོ་མཚར་བའི་བུད་མེད་(Wonder Woman) (Justice League)སོགས་འཁྲབ་ཡོད་པ་རེད།

གློག་བརྙན་དེ་དག་ལས་ཁོ་མོར་འཁྲབ་སྟོན་པ་ཡག་ཤོས་དང་ན་གཞོན་འཁྲབ་སྟོན་པ་ཡག་ཤོས། རྒྱ་ནག་གི་གློག་བརྙན་ཁྲོམ་རྭའི་ནང་གི་དགའ་བསུ་ཆེ་ཤོས་ཀྱི་འཁྲབ་སྟོན་མ་བཅས་ཀྱི་གཟེངས་རྟགས་ཐོབ་ཡོད་པ་དང་། བུད་མེད་གློག་བརྙན་འཁྲབ་སྟོན་གྱི་ཡང་རྩེ་སོགས་ཀྱི་མཚན་སྙན་ཡང་ཐོབ་ཡོད་འདུག ཁོ་མོའི་ཁྱོ་ག་ནི་ཨེ་སི་རལ་གྱི་ཚོང་པ་ཞིག་ཡིན་པ་དང། ༢༠༠༨ ལོར་ཁོང་གཉིས་གཉེན་སྒྲིག་ཏེ་ད་ལྟ་ཕྲུ་གུ་བུ་མོ་གཉིས་ཡོད་འདུག ཁོ་མོར་ཆེས་ཁྱད་དུ་འཕགས་པའི་ཁྱད་ཆོས་ཤིག་ཡོད་པ་ནི། ཁོང་མོས་མི་རིགས་དང་ཆོས་ལུགས་སོགས་ཀྱི་དབྱེ་འབྱེད་རྩ་བ་ནས་མི་བྱེད་པ་དང་། རང་གཤིས་འཇམ་ཞིང་ལས་ལ་བརྩོན་པ་དེ་ཡིན་འདུག

སངས་རྒྱས་དཀོན་མཆོག་གིས་བསྡུ་སྒྲིག་བྱས།

བསྐྱར་བཅོས།: ༢༠༡༧/༠༧/༡༦

Leave a Reply

4 thoughts on “ངོ་མཚར་ཆེ་བའི་བུད་མེད། འཛམ་གླིང་གི་ཨང་བཞི་བར་བསླེབས།

  1. གློག་བརྙན་འདི་དག་གནས་སྟངས་གང་ལ་ལྟས་རུང་དེང་དུས་དང་འཚམ་པ་ཞིག་རེད། འོན་ཀྱང་གང་མང་ཞིག་དེ་ལྟར་བརྗོད་འདོད་ཡོད་ཚོད་མ་རེད། ནང་དོན་གསལ་བོ་བཀོད་ཚང་ཧ་ཀྱང་ཡག་པོ་བྱུང་ཟེར་འདོད་བྱུང་།

  2. བསྟན་འཛིན་ཕུན་ཚོགས།

    བོད་ཀྱི་དུས་བབ་ཚང་གིས་དེང་སྐབས་གློག་བརྙན་སྐོར་གྱི་གསར་འགྱུར་རིམ་པ་བཞིན་སྤེལ་བ་ནི་ཡག་ཐོག་རྒྱན་དང་ཕུན་སུམ་ཚོགས་པའི་ཡན་ལག་རེད། སྤྱི་བཏང་བོད་ཀྱི་དུས་བབ་ཚང་གི་གསར་འགྱུར་ཁག་ནི་གང་བྱུང་མང་བྱུང་མ་ཡིན་པར་ཚད་གཞི་མཐོ་བའི་ཆབ་སྲིད་གླེང་སྟེགས་ཤིག་ཆགས་ཡོད་པ་ནི་སྔགས་བརྗོད་ཞུ་འོས་པ་ཞིག་ཡིན་ཡང་། དེང་སྐབས་གློག་བརྙན་དང་རྐང་རྩེད་སྤོ་ལོ་སོགས་རྩེད་མོ་རིགས་ཀྱི་གསར་འགྱུར་དེའང་འཛམ་གླིང་གི་འཕེལ་ཕྱོགས་གསར་བ་ཞིག་ཆགས་ཡོང་གི་ཡོད་པའི་དབང་གིས་འདི་སྐོར་གྱི་གསར་འགྱུར་སྤེལ་བ་ནི་ཁ་སྐོང་ཆེན་པོ་ཞིག་དང་བོད་པའི་སྤྱི་ཚོགས་ཆུང་ཆུང་འདིའང་འཛམ་གླིང་ལ་ཁ་ཕྱོགས་པར་སྣེ་འཁྲིད་མཛད་པ་ཞིག་ཆགས་ཡོད། ང་རང་ལ་མཚོན་ན་ཆེས་དགའ་བ་ནི་ཆབ་སྲིད་གསར་འགྱུར་སྐོར་ཡིན། བོད་ཀྱི་དུས་བབ་དེ་བཙན་བྱོལ་སྤྱི་ཚོགས་ནང་གི་གསར་འགྱུར་བརྒྱུད་ལམ་གཞན་པ་དང་མ་འདྲ་བར་ཆབ་སྲིད་གཏང་ཟབ་མོའི་ཐོག་ནས་གླེང་སློང་བྱེད་སའི་སྡིངས་ཆ་ཞིག་ཆགས་ཡོད་པ་དེར་ཡིད་རང་བསྔགས་བརྗོད་ཞུ་རྒྱུ་དང་མུ་མཐུད་དུ་ཡར་རྒྱས་དང་ཚགས་ཚུད་ཀྱི་ཕྱོགས་སུ་སྐྱོད་པར་བོད་ཀྱི་དུས་བབ་ཀྱི་ལས་བྱེད་ཡོངས་ལ་རེ་འདུན་སྙིང་ནས་ཞུའོ།།།

  3. དུས་བབ་ཚང་གི་གསར་འགོད་པ་སངས་རྒྱས་དཀོན་མཆོག་ལ་ལྟད་མོ་ཞིག་འདུག དངོས་ཁ་ཚ་དགོས་གཏུག་གི་གསར་འགྱུར་རྐྱང་འབྲི་ཡི་འདུག ཁྱེད་ཀྱིས་དུས་བབ་ཚང་ལ་འོད་སྣང་ཞིག་སྒྲོན་སོང་། མུ་མཐུད་ཧུར་གྱིས་འབད་རོགས།་