ལིའུ་ཞོ་པོ་ཡི་སེམས་ཚོར་དྲག་པོ།

པེ་རེ་ལིང་ཁིས་(Perry Link)བརྩམས།
བློ་བཟང་ཡེ་ཤེས་ཀྱིས་བསྒྱུར།

ལིའུ་ཞོ་པོ་ཡིས་གློག་བརྙན་ནང་སྐད་ཆ་བཤད་པ་ཆེས་མཐའ་མ་དེ་ ༢༠༠༨ ལོའི་ཟླ་བ་ ༡༢ པ་རེད།

ལོ་རབས་དྲུག་ཅུའི་མཇུག་ཙམ་ལ་རྒྱ་ནག་གི་གཙོ་འཛིན་མྰའོ་ཙེ་ཏུང་གིས་བྱིས་པ་དང་ན་གཞོན་ཚོར་རང་གི་ཕ་མ་དང་དགེ་རྒན་ལ་འཐབ་འཛིང་བྱེད་པར་སྐུལ་སློང་བྱས་ཤིང་། “བ་ཡི་གདོན་འདྲེ་དང་སྦྲུལ་གྱི་རྣམ་ཤེས།” རྩ་མེད་བཟོ་དགོས་ཞེས་གསར་བརྗེའི་ཡོ་ལང་ཆེན་པོ་ཞིག་བྱས་པ་རེད། དངོས་སུ་ལག་བསྟར་སྐབས་འདིའི་དོན་ནི་རྒྱ་ནག་གི་སློབ་གྲྭ་ཁག་སྒོ་རྒྱག་རྒྱུར་གོ་བ་དང་། དུས་དེ་ནས་བཟུང་རྒྱ་ནག་གི་མི་རབས་གསར་པ་ཞིག་ལ་སློབ་སྦྱོང་གི་གོ་སྐབས་ཤོར་ཡོད།

ཕྱི་ལོ་ ༢༠༡༠ ལོར་འཛམ་གླིང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལིའུ་ཞོ་པོ་ལ་རྒྱལ་ཁབ་མགོ་རྟིང་སློག་མཁན་གྱི་ཉེས་མིང་འོག་ལོ་ངོ་བཅུ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། ཁོང་རེས་གཟའ་ཕུར་བུའི་ཉིན་མཆིན་པའི་སྐྲན་ནད་ཀྱིས་འདས་གྲོངས་སུ་ཕྱིན་པ་དེས་གནས་ཚུལ་འཕེལ་རིམ་གཞན་ཞིག་མཚོན་ཡོད། ལིའུ་ནི་ ༡༩༥༥ ལོར་སྐྱེས་པ་དང་། སློབ་གྲྭ་དག་སྒོ་རྒྱག་སྐབས་ཁོང་རང་ལོ་ ༡༡ ཙམ་ལས་སོན་མེད་ཀྱང་། རང་ངོས་ནས་ཐབས་ཤེས་ཡོད་རྒུ་བྱས་ཏེ་དཔེ་དེབ་བལྟ་ཀློག་མཚམས་འཇོག་བྱས་མྱོང་མེད། དེ་ལྟར་སྲིད་གཞུང་གི་བྲན་གཡོག་ཏུ་གྱུར་བའི་དགེ་རྒན་དག་མེད་སྐབས་ལིའུ་ཡིས་རང་མོས་ཀྱིས་དཔེ་དེབ་བཀླགས་ཤིང་། རང་གི་བསམ་བློ་རྣལ་མ་འཚོལ་མགོ་བཙུགས་པ་རེད།

མཱའོ་ཡིས་བསམ་མེད་ངང་ལུའུ་ལ་སློབ་གསོ་ཞིག་སྤྲོད་ཐུབ་ཡོད་ཀྱང་བྱིས་པ་གཞན་དག་ལྟར་དམར་ཤོག་དམག་མི་ཆུང་ཆུང་ཞིག་བཟོ་རྒྱུའི་འདོད་པ་འགྲུབ་མེད། འདི་ནས་ལིའུ་ཡི་རང་དབང་གི་རང་གཤིས་གྱོང་པོ་དེའི་ཆ་ཤས་ཙམ་ཞིག་གསལ་བཤད་བྱེད་ཐུབ། འདི་ནི་ལྷན་སྐྱེས་ཀྱི་རང་གཤིས་རྣལ་མ་ཡིན་སྲིད། ༡༩༨༠ ལོར་ལིའུ་ནི་རྒྱ་ནག་གི་རྩོམ་རིག་སྒང་སློབ་མཐར་ཕྱིན་ཙམ་ཡིན་ཡང་ཁོང་ལ་ “རྟ་ནག་པོ་” ཞེས་འབོད་སྲོལ་ཡོད་པ་དང་། རྒྱ་ནག་གི་ཉེ་དུས་རྩོམ་པ་པོ་ཕལ་ཆེ་བར་རྒོལ་གཏམ་སྤེལ་བས་ཚང་མས་དོ་སྣང་བྱ་ཡུལ་ཞིག་ཏུ་གྱུར་ཡོད།

རྩོམ་རིག་མཁན་ཝང་མྰིན་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་མེད་པ་དང་། རྩ་བ་ཕུགས་འདེད་བྱེད་མཁན་གྱི་རྩོམ་པ་པོ་ཧཱན་ཤོའུ་ཀོང་སོགས་ནི་རྒྱ་ནག་གི་སྲོལ་རྒྱུན་རིན་ཐང་ལ་དུང་བ་ཆེ་དྲགས་པ། དེ་བཞིན། མི་དམངས་ཀྱི་དཔའ་བོ་ལྟ་བུའི་ལིའུ་བྷེན་ཡཱེན་སོགས་ཀྱང་དམར་ཤོག་ཚོགས་པའི་མགོ་ཁྲིད་གུ་ཡངས་ཅན་ཧུའུ་ཡོ་པཱང་སོགས་ལ་རེ་བ་ཆེ་དྲགས་པའི་སྐྱོན་ཆ་ཡོད་པ་སོགས་གསོང་པོར་བརྗོད་ཡོད། སྐབས་དེར་ལིའུ་ཡིས་བརྗོད་དོན། “རྩོམ་པ་པོ་སུ་གང་ལ་ཡང་རང་དབང་གི་སྤོབས་པ་མི་འདུག ངས་ཡིག་ཕྲེང་གཅིག་གི་ནང་རྒྱ་ནག་གི་རྩོམ་པ་པོ་དག་གི་ནོར་འཁྲུལ་ལ་སྡོམ་རྩིས་རྒྱག་ཆོག” ཅེས་བརྗོད་ཡོད་ལ། ༡༩༨༦ ལོར་ལིའུ་ཞོ་པོ་ཡིས་ “ཁོང་ཚོས་རང་གི་རྣམ་དཔྱོད་རྩལ་དུ་བཏོན་ཏེ་འབྲི་ཤེས་ཀྱི་མི་འདུག འཇོན་ཐང་དེ་མེད་དོན་ནི་ཁོང་ཚོའི་མི་ཚེ་དེ་དང་ཐོག་ནས་རང་ཉིད་ལ་དབང་མེད་པས་རེད།” ཅེས་བྲིས་ཡོད།

ལིའུ་ཕྱི་རྒྱལ་ལ་སྐྱོད་དུས་རང་གི་ཁ་ཞེ་གཉིས་མེད་ཀྱི་རང་གཤིས་དེ་ཡོད་ཅིང་། ༡༩༨༨ ལོར་ཨོ་སི་ལོ་སློབ་ཆེན་ནང་རྒྱ་ནག་གི་གློག་བརྙན་སྐོར་བགྲོ་གླེང་བྱས་སྐབས་ཡུ་རོབ་ཀྱི་རྒྱ་ནག་རིག་པ་བ་ཚོས་རྒྱ་གཞུང་གི་དྲིལ་བསྒྲགས་རྣམས་ལ་དེ་ཙམ་ཡིད་ཆེས་བྱེད་ཀྱི་མེད་པ་དང་། ཁོང་ཚོས་རྒྱ་ཡིག་ཀློག་ཤེས་པ་ལས་རྒྱ་སྐད་བཤད་མ་ཤེས་པ་མཐོང་དུས་ཁོང་ཧ་ལས་པར་རེད། བགྲོ་གླེང་དེའི་བརྒྱ་ཆ་ ༩༨ ཙམ་ནི་བེད་མེད་དང་ཧ་ཅང་ཉོབ་པོ་ཞིག་ཏུ་མཐོང་བ་རེད། དེ་ནས་ཁོང་ནེའུ་ཡོག་ལ་ཕྱིན་ཏེ། ཁཱོ་ལིམ་པི་ཡའི་གཙུག་ལག་སློབ་གྲྭར་འབྱོར་སྐབས། མི་སེར་སྤེལ་བའི་སྐོར་གྱི་གཞུང་ལུགས་སྨྲ་བ་ཚོས་ཁོང་ལ་མི་སེར་སྤེལ་ཡུལ་དང་། གནས་བབས་དམའ་བ་དག་གི་མྱོང་ཚོར་སྐོར་འགྲེལ་བཤད་བྱས་པར་ཁོ་རང་ཞེ་སུན་ཐག་ཆོད་པ་རེད། དེ་ནི་མ་གཞི་ལིའུ་ཡིས་ཁོ་རང་ཚོར་ཕར་འགྲེལ་བཤད་རྒྱག་ཆོག་པ་ཞིག་ཡིན་པར་སྙམ་ཡོད།

༡༩༨༨ ལོའི་དཔྱིད་ཀར་ལིའུ་ལ་ཉམས་མྱོང་མི་འདྲ་བ་གཉིས་བྱུང་ཡོད། དང་པོ་ནེའུ་ཡོག་དང་གཉིས་པ་པེ་ཅིན་གྱི་དོན་རྐྱེན་དེ་ཆགས་ཡོད། གནས་ཚུལ་འདི་གཉིས་ཀྱིས་ཁོང་གི་མི་ཚེ་དང་བསམ་བློ་གཏོང་ཕྱོགས་ལ་གཡོ་ཁྱོམ་ཆེན་པོ་ཐེབས་སུ་བཅུག་པ་རེད། སྐབས་དེར་ཁོང་གིས་ “རྒྱ་ནག་གི་ཆབ་སྲིད་དང་རྒྱ་ནག་གི་དེང་རབས་བསམ་བློ་བ།” ཞེས་པའི་དཔེ་དེབ་ཅིག་བྲིས་ཚར་གྲབས་ཡོད་པ་དེ་ནས་ནུབ་ཕྱོགས་ཀྱི་དཔལ་ཡོན་བེད་སྤྱད་དེ་རྒྱ་ནག་ལ་དཔྱད་བརྗོད་ཀྱི་ཐབས་ལམ་གསར་བ་ཁ་ཤས་རྙེད་ཡོད། ནུབ་ཕྱོགས་འགྲིམས་རྗེས་ཁོང་གིས་ནུབ་ཀྱི་དཔེ་མཚོན་ལེན་པ་དེ་ནི་ཁ་གསལ་དང་སྟབས་བདེ་ཞིག་ཡེ་ནས་མིན་པ་ཡ་རྟོགས་ཡོད། རང་བྱུང་ནུས་ཤུགས་ཐོན་སྐྱེད་ཀྱི་དཀའ་རྙོག་དང་ཁོར་ཡུག་སྲུང་སྐྱོབ། རྡུལ་ཕྲན་མཚོན་ཆ་དང་ཚོང་ལས་ཁེ་ཕན། དེ་མིན་བདེ་བར་ཆགས་ཞེན་ཆེན་པོ་བྱེད་པའི་སྐྱོན་ཆ་སོགས་ནི་ཤར་ཕྱོགས་དང་ནུབ་ཕྱགོས་གང་རུང་གི་དཀའ་ངལ་བྱེ་བྲག་ཅིག་མ་ཡིན་པར། འགྲོ་བ་མིའི་གཞི་རྩའི་དཀའ་རྙོག་ཅིག་ལ་ངོས་ཟིན་བྱུང་ཡོད། དེ་ཙམ་མ་ཟད། ནེའུ་ཡོག་གྲོང་ཁྱེར་གྱི་རི་མོའི་འགྲེམས་སྟོན་ཁང་ཞིག་ལ་བལྟ་སྐོར་དུ་ཕྱིན་ཏེ། ཁོང་གིས་བསམ་བློ་གསར་པ་ཞིག་རྙེད་པ་ནི། དེང་གི་བསམ་བློ་དང་འབྲེལ་བའི་དཀའ་རྙོག་སྟེ་མི་སྒེར་གྱི་ཆ་མ་ཚང་བའི་གནས་སྟངས་དེ་སེལ་ཐུབ་མཁན་ཕལ་ཆེར་མེད་པ་དེ་རེད།

རྒྱ་ནག་གི་ཉེ་རབས་རྩོམ་པ་པོ་གྲགས་ཅན་ལུའུ་ཞོན་གྱིས་ཀྱང་རང་གི་བརྩམས་སྒྲུང་ནང་མིའི་ཡ་རབས་སྤྱོད་བཟང་ཉམས་ཆག་དང་རྫུ་བག རྨོངས་དད་དང་སྡུག་རྩུབ་སོགས་ཀྱི་གནས་ལུགས་གསལ་བཏོན་བྱས་ཡོད་ཀྱང་། ལིའུ་ཡི་བསམ་པ་ལྟར་ན། ལུའུ་ཞོན་གྱིས་ཀྱང་གོམ་པ་གཉིས་པ་སྤོས་ཏེ་མུན་ནག་ལ་འཐབ་འཛིང་བྱེད་ཐུབ་མེད། ལུའུ་ཞོན་གྱིས་རང་གི་སྙན་ངག་ནང་དེ་ལྟར་མཚོན་ཐབས་བྱས་ཡོད་ཀྱང་མཐའ་མ་དེར་ཕྱིར་འཐེན་བྱས་པ་རེད། ཁོང་གིས་ཁེར་རྐྱང་གི་སྐྱི་གཡའ་བའི་དུར་ཁུང་ལ་གདོང་ལེན་བྱེད་མ་ཐུབ་པ་དང་། མདུན་སྐྱོད་བྱེད་ཐུབ་པའི་ཕུལ་བྱུང་བསམ་བློ་གསར་པ་གང་ཡང་རྙེད་མ་ཐུབ་པ་རེད།

“རྒྱ་ཡི་ཆབ་སྲིད།” ཅེས་པའི་གོང་འཁོད་དཔེ་དེབ་དེ་སྔར་ནས་དཔེ་སྐྲུན་ཁང་ལ་བསྐུར་ཟིན་ཡོད་ཀྱང་། ལིའུ་ཡིས་དེར་མཇུག་བསྡོམས་ཀྱི་རྩོམ་ཡིག་ཅིག་ཁ་སྣོན་བྱ་རྒྱུའི་ཐག་གཅོད་བྱས་པ་རེད། མཇུག་གཏམ་དེས་རང་གི་མི་གཤིས་དྲང་པོ་གཞིར་གཞག་ཐོག་དེབ་དེའི་ནང་དོན་གཙོ་བོ་སྣང་མེད་དུ་བཞག་པ་རེད། ལིའུ་ཡིས་མི་གཞི་ལྷད་མེད་པ་མཚོན་ཐབས་སུ་དཔྱད་བརྗོད་གཉིས་དུས་མཉམ་དུ་འཁྱེར་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད་ཡོད། གཅིག་ནི་ནུབ་ཕྱོགས་དང་གཤིབ་བསྡུར་བྱས་པའི་རྒྱ་ནག་སྐོར་ཡིན་པ་དང་གཞན་དེ་ནི་ནུབ་ཕྱོགས་སྐོར་ཡིན་སྟབས། ཁོང་གིས་སླར་ཡང་བསམ་གཞིག་དང་ལས་ཀ་ཐོག་མ་ནས་བྱེད་དགོས་ཐུག་པ་རེད། ཁོང་གིས་མཇུག་རྩོམ་དེ་ ༡༩༨༩ ལོའི་ཟླ་བ་ ༣ པར་མཇུག་བསྒྲིལ་བ་དང་ལྷན་དུ་འདི་ལྟར་བརྗོད་། “མཇུག་བསྡོམས་ཀྱི་རྩོམ་ཡིག་འདིས་ང་ཐང་ཆད་དུ་བཅུག་བྱུང་།” ཞེས་བརྗོད་ཡོད།

ཟླ་བ་རྗེས་མ་དེར་ཁོང་གིས་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཕྲུག་ཚོས་དམངས་གཙོའི་ངོ་རྒོལ་ལས་འགུལ་སྤེལ་བཞིན་པ་ཐོས་པས། དེར་རྒྱབ་སྐྱོར་བྱ་རྒྱུ་ནི་རང་ཉིད་ཀྱི་འགན་འཁྲི་འདོར་ཐབས་མེད་པ་ཞིག་ཏུ་རློམ་ནས་ནེའུ་ཡོག་ནས་གནམ་གྲུར་བསྡད་དེ་པེ་ཅིན་དུ་ཤར་སྐྱོད་བྱས་པ་རེད། ལིའུ་ཡིས། “ངའི་རེ་བར་རང་ཉིད་ནི་དང་ཐོག་དམྱལ་བའི་སྒོ་འགྲམ་ལ་ལངས་ཏེ་དཔའ་ཉམས་ཀྱི་འགྱིང་སྟབས་རྫིག་པོ་བྱས་ཀྱང་། རིམ་པས་བློ་ཐག་མི་ཆོད་པར་སྨིན་ མ་སྡུ་མཁན་གྱི་མི་དེའི་གྲས་ཀྱི་གཅིག་མིན་པར་སྨོན།” ཞེས་བྲིས་ཡོད་འདུག

པེ་ཅིན་དུ་སློབ་ཕྲུག་ཚོའི་རྣམ་དག་གི་ཆོད་སེམས་དེས་ཁོང་ལ་སེམས་འགུལ་ཚད་མེད་ཐེབས་པ་རེད། ཁོང་གིས་སློབ་ཕྲུག་ཚོར་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འཆར་འགོད་བྱེད་ཞོར་དུ་ཁོ་རང་ཡང་དེར་མཉམ་ཞུགས་བྱས་པ་རེད། ཁོང་གི་ཐབས་ལམ་དེ་ཐད་ཀར་སྲིད་གཞུང་དང་གདོང་ཐུག་བྱེད་རྒྱུ་དེ་མ་ཡིན་པར་གྷན་དྷི་དང་འདྲ་པོ་ཡོད། ཟླ་བ་ ༦ ཚེས་ ༢ ཉིན་ཟས་བཅད་ངོ་རྒོལ་གྱི་བསྒྲགས་གཏམ་སྤེལ་བའི་ནང་། “དམངས་གཙོའི་སྤྱི་ཚོགས་ཡང་དག་པ་ཞིག་སྡང་ཟུག་དང་དགྲར་འཛིན་གྱི་འདུ་ཤེས་འོག་བསྐྲུན་ཐབས་མེད་ཅིང་། དེ་ནི་བགྲོ་གླེང་དང་འོས་བསྡུ། ཕན་ཚུན་གུས་བརྩི་དང་བཟོད་བསྲན། འདུམ་འགྲིག་སོགས་ལ་བརྟེན་དགོས།” ཞེས་བྲིས་ཡོད། ཉིན་གཉིས་ཙམ་རྗེས། ལིའུ་ལ་རང་གི་སྐད་ཆ་དེ་དག་དངོས་སུ་ལག་ལེན་བྱེད་པའི་གོ་སྐབས་བྱུང་བ་རེད། སྲིད་གཞུང་གི་དམག་མིའི་མེ་སྒྱོགས་ལྕག་འཁྲབ་འཁོར་ལོ་མང་པོ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཕྱོགས་སུ་ཡོང་སྐབས། ལམ་བར་ནས་མི་མང་དམར་གསོད་བྱས་པ་མངོན་གསལ་ཆགས་རྗེས།་ལིའུ་དང་། ཁོང་གི་གྲོགས་པོ་ཛོའུ་ཊུ་དང་ཧོའུ་དྷེ་ཇེན་གསུམ་གྱིས་མེ་སྒྱོགས་གཞུ་མཁན་གྱི་དམག་མི་དག་དང་སྐད་ཆ་བཤད་དེ། སློབ་ཕྲུག་རྣམས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནས་བདེ་འཇགས་ངང་ཕྱིར་འཐོན་རྒྱུ་བྱས་པ་ལྟར། ཁོང་ཚོས་དེ་མུར་ནང་འགྲིག་ཡོང་བར་བྱས་སྟབས་ཚེ་སྲོག་ཇི་ཙམ་བསྐྱབས་ཡོད་པ་ཚོད་དཔག་བྱེད་དཀའ་ཡང་། ཉུང་མཐར་ཚེ་སྲོག་བཅུ་ཕྲག་དང་བརྒྱ་ཕྲག་བརྒལ་བ་བསྐྱབས་ཡོད་པ་གདོན་མ་ཟ།

སྐབས་དེར་ལིའུ་ཡིས་ནོར་འཁྲུལ་ཞིག་བཟོས་པར་མི་ཚེ་གང་བོར་གནོངས་འགྱོད་བྱེད་ཀྱིན་ཡོད། དེ་ནི་ཁོང་གིས་ཕྱི་རྒྱལ་གྱི་གཞུང་འབྲེལ་མི་སྣ་ཞིག་གི་ཁྱིམ་ལ་གནས་སྐབས་རིང་ཉེན་གཡོལ་བྱས་པ་དེ་རེད། རྗེས་སུ་ཁོང་གིས་གནམ་བདེ་སྒོ་མོ་ཆེའི་དམར་གསོད་ཁྲོད་མི་སེར་དཀྱུས་མ་གཙོས་པའི་མི་མང་ཚོས་རྨས་སྐྱོན་ཐེབས་པའི་མི་མང་དང་། མེ་མདའ་འཕོག་བཞིན་པ་དག་ལ་རོགས་པ་བྱེད་པ་ལས་ལམ་ཐོག་ནས་ཉེན་གཡོལ་བྱས་མེད་པ་ཤེས་རྟོགས་བྱུང་། མི་སེར་དེ་ཚོས་རང་ཉིད་བློས་གཏོང་གིས་གཞན་ལ་རོགས་པ་གང་ཐུབ་བྱས་ཡོད་པ་དང་། སྲིད་གཞུང་གིས་ངོ་ལོག་ཟིང་འཁྲུག་ནང་མཉམ་ཞུགས་བྱེད་མཁན་དག་ལ་ཉེས་ཆད་གཅོད་སྐབས། མི་སེར་དཀྱུས་མ་ཚོར་སློབ་ཕྲུག་ལས་ཀྱང་ཉེས་ཆད་ལྕི་མོ་བཅད་ཡོད་པ་རེད། ངོ་རྒོལ་བ་མང་པོ་ཞིག་ལ་ཉུང་མཐར་ལོ་ ༡༨ ནས་ ༢༠ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཁ་ཤས་ལ་སྲོག་ཐོག་གི་ཁྲིམས་ཆད་ཀྱང་བཏང་ཡོད། ལིའུ་རང་ཉིད་ཆིན་ཀྲིན་བཙོན་ཁང་( Qincheng Prison)ནང་ཟླ་བ་ ༡༩ བཀག་ཉར་བྱས་ཡོད་ཅིང་། བཙོན་ཁང་དེ་ནི་ཆབ་སྲིད་ཀྱི་ཁ་གཏད་མགོ་ཁྲིད་དག་བཀག་ཉར་བྱེད་ས་ཡིན་སྟབས་མཐུན་རྐྱེན་ཅུང་བཟང་བ་ཡོད།

དུས་དེ་ནས་བཟུང་ལིའུ་ཡི་དྲན་ངོས་སུ་གནམ་བདེ་སྒོ་མོ་ཆེའི་གཤིན་པོའི་རྣམ་ཤེས་དག་ཡང་ཡང་འཁོར་བཞིན་ཡོད། ” མཚན་མོ་དེར་སློབ་ཕྲུག་དང་ངལ་རྩོལ་བ་དག་དམར་གསོད་བྱེད་སྐབས་ཀྱི་ལོ་གྲངས་དེ་ལས་མི་ཡུལ་ལ་སྡོད་དབང་མ་བྱུང་ཞིང་། ཟུག་རྔུ་སྦྱིན་པའི་རྣམ་ཤེས་འཁྱམ་པོ་ཤ་སྟག་ལ་གྱུར་བ་རེད།” ཅེས་ཁོང་གིས་ཡང་ཡང་སེམས་སྡུག་བྱས་ཤིང་། “ཉམ་ཐག་དང་འུ་ཐུག སེམས་ལ་འཁྱག་འདར་རྒྱག་པའི་སྨྲེ་སྔགས་དག་ས་འོག་ནས་ཡར་འདོན་པ་ངས་གོ་ཡི་འདུག” ཅེས་བྲིས་ཡོད་འདུག ལོ་ལྟར་དམར་གསོད་དུས་དྲན་ཉིན་མོ་ཟིན་སྐབས་ཁོང་གིས་སྙན་ངག་རེ་བྲིས་ཏེ་འདས་པོ་ཚོའི་རྗེས་དྲན་མཚོན་ཐབས་བྱས་ཡོད། ༢༠༠༩ ལོའི་ཟླ་བ་ ༡༢ པའི་ཁྲིམས་གཏུག་གྱོད་ཞིབ་སྐབས་ཁོང་གི་མཐའ་མའི་བསྒྲགས་གཏམ་གྱི་ཐོག་མར། “༡༩༨༩ ལོའི་ཟླ་བ་ ༦ དེ་ནི་ངའི་མི་ཚེ་ནང་གི་དཀྱོག་མཚམས་གལ་ཆེན་ཞིག་ཡིན།” ཞེས་བྲིས་ཡོད། ༢༠༡༠ ལོའི་ཟླ་བ་ ༡༠ ཉིན་ཁོང་གི་བཟའ་ཟླ་ལིའུ་ཞཱ་(Liu Xia) ཡིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་པའི་གསར་འགྱུར་ཁྱེར་ནས་ཡོང་སྐབས་ཁོང་གིས། “གཟེངས་རྟགས་འདི་ནི་སྨྲེ་སྔགས་འདོན་བཞིན་པའི་གཤིན་པོའི་རྣམ་ཤེས་འཁྱམ་པོ་དག་ལ་དབང་།” ཞེས་བརྗོད་ཡོད་འདུག

༡༩༩༡ ལོར་ཆིན་ཀྲིན་བཙོན་ཁང་ནས་ཀློད་གྲོལ་བཏང་རྗེས། ལིའུ་ལ་རྒྱ་ནག་ནང་དཔེ་སྐྲུན་གྱི་རང་དབང་མེད་པར་གྱུར་བ་དང་པེ་ཅིན་དགེ་འོས་སློབ་ཆེན་(Beijing Normal University) གྱི་སློབ་མ་ཚོས་ཁོང་གི་སློབ་ཁྲིད་ལ་དགའ་མོས་བྱེད་ཀྱི་ཡོད་པ་ལ་མ་ལྟོས་པར་སློབ་ཁྲིད་ཀྱི་གོ་སྐབས་འཕྲོག་ཡོད། ཁོང་གིས་མུ་མཐུད་དེ་ཧོང་ཀོང་དང་ཐེ་ཝན། ཕྱི་རྒྱལ་གྱི་དུས་དེབ་འདྲ་མིན་ནང་རང་གི་རྩོམ་ཡིག་སྤེལ། དུས་རབས་ཉེར་གཅིག་པའི་མགོ་སྟོད་ཙམ་ནས་རྒྱ་ནག་ནང་དྲ་རྒྱ་བསླེབས་ཏེ། ཁོང་གི་རྩོམ་དག་ཕྱི་རྒྱལ་ཙམ་མ་ཟད་རྒྱལ་ནང་ལའང་ཁྱབ་སྤེལ་ཤུགས་ཆེན་བྱས་ཐུབ་པ་བྱུང་ཡོད། ལིའུ་ཡི་ ༡༩༨༩ གོང་གི་རྩོམ་ཡིག་ཕལ་ཆེ་བ་རྒྱ་ནག་གི་དེང་རབས་རྩོམ་རིག་སྐོར་ཡིན་ཡང་། དེ་རྗེས་ཀྱི་རྩོམ་ཡིག་ཁག་ལོ་རྒྱུས་དང་ཆབ་སྲིད། སྤྱི་ཚོགས་བཅས་སུ་གྱུར་ཞིང་། བརྗོད་གཞི་དེ་དག་དང་འབྲེལ་བའི་གནད་དོན་ཁག་གི་ཐོག་འཇིགས་ཞུམ་མེད་པར་གླེང་སློང་བྱེད་མགོ་བཙུགས་པ་རེད། སྐབས་དེ་ནས་ཁོང་གིས་སྙན་ངག་ཀྱང་འབྲི་མགོ་བཙུགས་ཡོད། ཁོང་གི་རྩོམ་ཡིག་དང་སྙན་ངག་དག་གི་ཁྱབ་ཚད་ཧ་ལས་དགོས་པ་ཞིག་རེད། ཀོང་ཙི་དང་ཁེན་ཊི། སྰེཌ་ཨྰ་གྷ་སི་ཊན་དང་ཇེན་སུའི་ཞིང་པ། ཨོ་རྩལ་འགྲན་ཚོགས་ཀྱི་རྩེད་འགྲན་པ་དང་། རྒྱ་ནག་དང་ཅེག་སི་ལོ་ཝ་ཀི་ཡའི་རྒོད་བྲོ། འཆལ་སྤྱོད་དང་ཆབ་སྲིད། དྲ་རྒྱའི་གསར་བརྗེ་དང་ཨོ་བྷ་མའི་འོས་བསྡུ། རྐྱེན་ལམ་དུ་བཏང་བའི་ཁྱི་ཕྲུག་ཅིག རྒྱལ་སྤྱིའི་འབྲེལ་ལམ། ཏཱ་ལའི་བླ་མ་དང་རྒྱ་ནག་གི་དཔལ་འབྱོར་གྱི་མིག་འཕྲུལ་སོགས་བརྗོད་གཞི་མང་པོ་ཞིག་གི་སྟེང་གླེང་བརྗོད་སྤེལ་ཡོད།

༡༩༨༩ རྗེས་ནས་ལིའུ་ཡིས་ “ང་ལ་དགྲ་བོ་མེད།” ཅེས་པའི་ལྟ་གྲུབ་རྒྱུན་སྐྱོང་བྱས་པ་དང་། ཁོང་གི་དེ་སྔའི་མེ་ལྟར་འབར་བའི་ང་རོ་ཡང་རིམ་གྱིས་ཞི་བར་གྱུར་མོད། ཁོང་གི་ཁ་ཞེ་གཉིས་མེད་དང་ཕྱོགས་ལྷུང་མེད་པར་བདེན་དོན་ལ་མཐའ་གཅིག་ཏུ་ཕྱོགས་པའི་རང་གཤིས་དེར་འགྱུར་ལྡོག་ཕྱིན་མེད།

ཕྱི་ལོ་ ༢༠༠༠ ཡས་མས་ཙམ་ནས་སྐུ་ཞབས་ལིའུ་ཞོ་པོ་ནི་རྒྱ་ནག་སྲིད་གཞུང་དང་འགལ་ཟླའི་བསམ་ཚུལ་གསོང་པོར་རྗོད་མཁན་གཙོ་བོ་ཞིག་ཆགས། ༢༠༠༨ ལོའི་དཔྱིད་ཀར་ལིའུ་ཡིས་རང་གི་གྲོགས་པོ་འགར་མི་མང་གི་རྩ་འཛིན་གསལ་བསྒྲགས་ཤིག་འབྲི་རྒྱུའི་བསམ་བློ་ཡོད་པ་ཤེས་རྟོགས་བྱུང་ཞིང་། དེའི་ནང་འོས་བསྡུའི་རང་དབང་དང་རྩ་ཁྲིམས་ཀྱི་དབང་བསྒྱུར་བའི་རྒྱ་ནག་སོགས་ཀྱི་སྐོར་བཀོད་ཡོད། ཁོང་ཚོས་ཝི་སི་ལབ་ཧྰ་ཝིལ་ (Václav Havel) གྱི་ཅེག་སི་ལི་ཝ་ཀི་ཡའི་ (Czechoslovakia) ” ༧༧ རྩ་འཛིན། ” ཞེས་པར་དམིགས་དཔེ་བྱས་ཏེ་རྩ་འཛིན་གྱི་ཡིག་ཆ་དེར་ཡང་ ” ༢༠༠༨ ལོའི་རྩ་འཛིན།” ཞེས་མིང་བཏགས་ཡོད། ལིའུ་ཞོ་པོ་ཡིས་དང་ཐོག་ལས་འགུལ་དེར་མཉམ་ཞུགས་བྱས་མེད་ཀྱང་། སྟོན་ཁར་རྩ་འཛིན་གྱི་ཟིན་བྲིས་ཚེགས་མེད་ཐོག་འབྲི་བཞིན་པ་དང་འགུལ་ཤུགས་ཆེ་བའི་སྐབས་དེར་ལིའུ་ཡིས་ཀྱང་མཉམ་བཞུགས་བྱས་ཏེ་རང་གི་ནུས་ཤུགས་ཡོད་རྒུ་དེའི་ཐོག་ཏུ་སྤུངས་པ་རེད། ཁོང་གིས་ཟིན་བྲིས་ལ་བསྐྱར་ཞིབ་བྱེད་སྐབས་མི་མང་གི་མཚན་རྟགས་བསྡུ་རུབ་ལ་འགོག་རྐྱེན་ཡོང་གཞིའི་དོན་མེད་ཁོང་ཁྲོ་སློང་བའི་ཚིག་དག་མེད་པར་བཏང་བ་རེད། དེ་ནས་ཁོང་གིས་ཕྱི་གསལ་ནང་གསལ་དང་གུ་ཡངས་ཀྱི་སྤྱི་ཚོགས་ཤིག་ལ་དམིགས་ཏེ་མི་མང་ཁྲོད་མོས་མཐུན་མཚན་རྟགས་བསྡུ་རུབ་ཀྱི་སྐུལ་སློང་ཤུགས་ཆེན་བྱས་ཡོད། དེ་དག་ཁྲོད་གཞུང་ལ་ངོ་རྒོལ་མཁན་གཅིག་པུ་མ་ཡིན་པར་ངལ་རྩོལ་བ་དང་ཞིང་པ། གཞུང་གི་ལས་བྱེད་དང་མི་མང་བཅས་ཚུད་ཡོད། རྩ་འཛིན་ཡིག་ཆ་དེ་ཟིན་བྲིས་སུ་འགོད་སྟངས་མཐའ་གཉིས་སུ་མ་ལྷུང་བ་ཞིག་བྱས་ཡོད། ནང་དོན་མང་པོ་ཞིག་ནི་རྒྱ་ནག་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡིག་ཚགས་དག་གི་ཁྲོད་སྔར་ནས་ཡོད་པ་ཤ་སྟག་ཡིན། འོན་ཀྱང་། ཚིག་ཕྲེང་འགའ་ཤས་ཤིག་སྟེ། དཔེར་ན། “ང་ཚོས་ཡིན་གཅིག་ཆབ་སྲིད་ཚོགས་པ་གཅིག་གིས་དབང་ཆ་སྒེར་སྤྱོད་ཀྱི་དམིགས་བསལ་ཁེ་དབང་དེ་རྩ་མེད་བཟོ་དགོས།” ཞེས་པ་དག་ནི་ད་ལྟའི་རྒྱ་ནག་དཔོན་རིགས་ཚོས་བཟོད་ཐུབ་མེད་པ་གསལ་བོ་རེད།

ལིའུ་ཡིས་ ” ༢༠༠༨ ལོའི་རྩ་འཛིན།” ཐོག་ལས་ཀ་བྱས་པར་བརྟེན་ཏེ་ལོ་གཞུག་མ་དེར་ཁོང་ལ་ལོ་ངོ་ ༡༡ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད། དུས་དེ་ནས་བརྩིས་པའི་ལོ་གཅིག་གི་རྗེས་སུ་ཁོང་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ། ༢༠༡༠ ལོའི་ཟླ་བ་ ༡༢ པའི་ནོ་བྷེལ་གསོལ་སྟོན་སྐབས་དཔྱད་འདེམས་ཚོགས་མི་ཞིག་གིས་རང་ཉིད་ལ་བརྗོད་དོན། “མོ་དང་ནོ་བྷེལ་ཞི་བདེའི་དཔྱད་འདེམས་ཚོགས་པ་དེས་ལོ་མང་རིང་རྒྱ་རིགས་ཤིག་ལ་གཟེངས་རྟགས་འདི་ཐོབ་ན་ཅི་མ་རུང་སྙམ་ཡོད།” ཅེས་དང་། “ལོ་སྔ་མའི་གནས་ཚུལ་དག་གིས་ཐེངས་འདིའི་ཐག་གཅོད་འདི་དུས་ཚོད་འགྲིག་ཡོད་པ་ཞིག་བཟོས་ཡོད།” ཅེས་བརྗོད་བྱུང་། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་དམར་ཤོག་ཚོགས་པའི་དཔོན་རིགས་ཚོས་ལིའུ་བཙོན་འཇུག་བྱས་པ་དེས་ཁོང་ལ་གཟེངས་རྟགས་འཐོབ་རྒྱུ་ཆེད་དུ་གོ་སྒྲིག་བྱས་པ་ལྟ་བུ་ཞིག་ཆགས་ཡོད་སྟབས། དེ་ནི་རྒྱ་ནག་དམར་ཤོག་ཚོགས་པར་རྒོལ་གཏམ་དྲག་པོ་ཞིག་སྤྲད་པ་དང་གཉིས་སུ་མེད།

“ང་ལ་དགྲ་བོ་མེད།” ཅེས་བསྒྲགས་གཏམ་སྤེལ་མཁན་ཞིག་དང་། དངོས་སུ་བཅའ་ཁྲིམས་ཀྱི་ཡི་གེར་བསྒྱུར་བཅོས་བཏང་སྟེ། སྲིད་གཞུང་གི་རྣ་བར་སྙན་པོ་བཟོ་གང་ཐུབ་ལྟ་མཁན་ཞིག་ཆེད་མངགས་ཟུར་འདོན་གྱིས་ཉེས་ཆད་བཅད་པ་འདི་ནི་མགོ་འཐོམ་བྱེད་ཀྱི་དོན་དག་ཅིག་ཏུ་གྱུར་བ་རེད། ལིའུ་ཡི་ལས་རོགས་ཁ་ཤས་ལ་འདྲི་རྩད་དང་བཀག་ཉར་བྱས་པ་དང་། ཁོང་ཚོའི་གློག་ཀླད་གཞུང་བཞེས་བཏང་ཡོད་ཀྱང་བཙོན་ཁང་ནང་ལིའུ་གཅིག་པུ་བཅུག་པ་རེད། “བྱ་དེ་བསད་དེ་སྤྲེའུ་ལ་འཇིགས་སྣང་སྐུལ་བའི་” ཐབས་ལམ་དེ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ཆེས་སྤྱིར་བཏང་གི་ཆབ་སྲིད་ཐབས་ཇུས་ཤིག་ཡིན་པ་བདེན་མོད། ཡང་སྙིང་ཞི་འཇགས་དང་འདུམ་འགྲིག་སྨྲ་མཁན་གྱི་བྱ་དེ་ཞིག་ཅིའི་ཕྱིར་བདམས་དགོས་པ་རེད།

འདིའི་ལན་འདེབས་གཙོ་བོ་ཞིག་ནི། རྩ་འཛིན་ཡིག་ཆའི་ལས་དོན་དེ་གཞུང་གི་ཆོག་མཆན་མེད་པ་ཞིག་དང་ལིའུ་ནི་ཚོགས་པ་དེའི་ཚོགས་གཙོ་ཡིན་པས་རེད་ཅེས་བརྗོད་ཆོག ཉེ་ལམ་ཞིག་གིས་རྒྱ་ནག་གི་དབང་སྒྱུར་བ་ཚོས་མི་དམངས་ཁྲོད་སྐྱོན་བརྗོད་བྱེད་མཁན་དག་མི་སྒེར་ཡིན་ན་ཅུང་བཟོད་སྲན་བྱ་རྒྱུ་ཡོད་པའི་རྣམ་འགྱུར་བསྟན་ཡོད། གཞུང་གི་ཆོག་མཆན་མེད་པའི་ཚོགས་སྡེ་ཞིག་ཡིན་ཚེ་ཕྱོགས་ལྷུང་ཡིན་མིན་གང་ལྟར་དྲག་གནོན་བྱེད་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་སྒང་རེད། ༢༠༠༥ ལོར་ཧུའུ་ཅིན་ཐོའོ་ཡིས་ “དུ་བ་མེད་པའི་དམག་འཐབ་སྟེ། རྒྱ་ནག་ནང་ཚོན་མདོག་གི་གསར་བརྗེ་མེད་པ་བྱོས།” ཞེས་པའི་སྙན་ཐོ་ཞིག་འགྲེམས་སྤེལ་བྱས་ཡོད། སྙན་ཐོ་དེས་ནེལ་སིན་མན་ཌེ་ལྰ་ (Nelson Mandela) དང་ལའེ་ཆི་ཝེ་ལི་སྰ་(Lech Walesa)། ལྕམ་ཨང་སན་སུའུ་ཀེ་(Aung San Suu Kyi)། སོགས་དང་འདྲ་བའི་མི་དག་ནི་རྒྱ་ནག་ལ་ཉེན་ཁ་ཧ་ཅང་ཆེ་བའི་མི་ཡིན་ཚུལ་བརྗོད་ཡོད། ཧུའུ་ཡིས་ “གལ་ཏེ་རྒྱ་ནག་ནང་འཛམ་གླིང་རྒྱལ་ཁབ་གཞན་པ་དང་འདྲ་བའི་ལས་འགུལ་དེའི་རིགས་བྱུང་ཚེ། ‘ཆེ་བ་དེ་དག’ བཙོན་འཇུག་བྱས་ཏེ་ ‘ཆུང་བ་དག’ གཅིག་པུ་བསྐྱུར་ཞོག” ཅེས་བརྗོད་ཡོད། ༢༠༠༨ ལོའི་ཟླ་བ་ ༡༡ པའི་ནང་རྒྱ་ནག་གི་ཉེན་རྟོག་པས་མི་མང་གིས་ ” ༢༠༠༨ ལོའི་རྩ་འཛིན།” ཞེས་པར་མཚན་རྟགས་འགོད་བཞིན་པ་ཤེས་རྗེས། དོན་རྐྱེན་དེ་གཞུང་འབྲེལ་གྱིས་ “ཚོན་མདོག་གི་གསར་བརྗེ།” མགོ་འཛུགས་ཐབས་བྱེད་བཞིན་པར་ངོས་འཛིན་བྱས་ཡོད། དེ་ལྟར་ལིའུ་ཞའོ་པོའོ་ “ཆེ་བ་དེ་དག” གི་གྲས་ལ་ཚུད་ཅིང་། སྲིད་གཞུང་ནས་ལམ་སེང་ཁོང་མི་མང་གི་ཁྲོད་ནས་རྨེག་མེད་གཏོང་ཐབས་ཡོད། ལིའུ་ཡིས་སྲིད་གཞུང་གི་བྱེད་སྟངས་དེ་ག་འདྲ་ཡོད་མེད་སྔོན་མ་ནས་ཤེས་ཡོད་པའི་རྟགས་མཚན་ནི། དང་པོ་ཁོ་རང་རྩ་འཛིན་ཡིག་ཆའི་ཟིན་བྲིས་ལས་གཞི་དེར་བཞུགས་སྐབས་རང་གི་གྲོགས་པོ་ཚོར་འདི་ལྟར་བརྗོད་ཡོད། “མཚན་རྟགས་བསྡུ་རུབ་དང་ཞུ་དག་བྱེད་རྒྱུ་ཙམ་མ་ཟད། བཅའ་ཁྲིམས་དང་འབྲེལ་བའི་དོན་དག་ག་རེ་ཡིན་ཡང་ངས་འགན་འཁུར་ཆོག” ཅེས་བཤད་པ་ལས་ཤེས་ཐུབ།

ཧུའུ་ཅིན་ཐོའོ་དང་ཁོའི་མི་དག་གིས་ལིའུ་ཞོ་པོ་ལ་ལོ་ ༡༡ གི་བཙོན་འཇུག་ཁྲིམས་ཐག་གཅོད་དོན་ཡང་སྙིང་ཅི་ཞིག་ཡིན་པ་ཐོག་མ་ནས་ད་བར་ཤེས་མཁན་མེད། ལོ་བཅུ་དང་བཅུ་གཉིས་ཀྱི་ཁྲིམས་ཐག་བཅད་ཀྱང་ཆོག་མོད། འོན་ཀྱང་ངེས་པར་དུ་ལོ་བཅུ་གཅིག་ཏག་ཏག་ཐག་གཅོད་བྱས་པ་དེར་འགྲེལ་བཤད་ཅིག་ཡོད་པ་ནི། ལོ་བཅུ་གཅིག་ནི་ཉི་མ་ ༤༠༡༨ ཀྱིས་གྲུབ་ཡོད་པ་དང་། རྩ་འཛིན་ཡིག་ཆ་དེའི་ནང་དུའང་ཁྱོན་བསྡོམས་ཡིག་འབྲུ་ ༤༠༢༤ ཡོད་པ་དེ་དང་འབྲེལ་བ་ཡོད་པར་ཚོད་དཔག་བྱེད་ཀྱིན་ཡོད། དེར་བརྟེན། “སྐུ་ཞབས་ལིའུ། ཁྱེད་ཀྱིས་ཡིག་འབྲུ་རྐང་གཅིག་བྲིས་པར་ཉིན་གཅིག་གི་བཙོན་འཇུག་དང་། མཐའ་མའི་ཡིག་འབྲུ་དྲུག་པོ་དེ་ང་ཚོས་ཁྱོད་ལ་གུ་ཡངས་གཏང་ཆོག” ཅེས་བརྗོད་ཡོད་སྲིད། (འདི་ནི་ཚོད་དཔག་ཅིག་ཡིན་ཡང་ཀུ་རེ་ཞིག་རྩ་བ་ནས་མིན། འདི་ལྟ་བུའི་ཆུང་ཙག་ལ་མགོ་འཁོར་ཞིང་མི་སྒེར་གྱི་འཁོན་སེམས་བཅང་སྲོལ་ནི་རྒྱ་ནག་གི་མཐོ་རིམ་ཆབ་སྲིད་མི་སྣའི་གཤིས་ཀར་ཡོད་པ་དངོས་ཡོད་རེད།)

” ༢༠༠༨ ལོའི་རྩ་འཛིན།” ཞེས་པའི་ཡིག་ཆ་དང་། དེའི་འཕྲོ་ན་ནོ་བྷེལ་ཞི་བདེའི་གཟེངས་རྟགས་གཉིས་ལྷན་དུ་བསྡེབས་ཏེ། དུས་ཡུན་གང་འཚམ་རིང་རྒྱ་ནག་གཞུང་ལ་གདམ་ཀ་གསར་པ་ཞིག་བསྟན་ཡོད་པ་དང་ཧ་ཅང་མཚུངས། རྒྱ་ནག་མི་མང་དུས་ཡུན་རིང་པོར་དམར་ཤོག་གི་དབང་བསྒྱུར་འོག་གུ་ཡངས་དང་མཁྲེགས་འཛིན་གྱི་སྲིད་དབང་བརྗེ་བསྒྱུར་མང་པོ་བྱས་ཏེ་གོམས་ལོབས་སུ་སོང་ཡོད་པ་དང་། ཐེངས་མང་པོར་འདམ་ག་འདི་གཉིས་ལས་གཅིག་གིས་འདོད་པ་འཚིམ་ཐབས་བྱས་མྱོང་བ་རེད་མོད། ད་ཐེངས་ ” ༢༠༠༨ ལོའི་རྩ་འཛིན།” ཀྱིས་རྒྱ་ནག་དེ་དེང་རབས་ཅན་ལ་བསྒྱུར་བའི་འདམ་ཀ་གསར་པ་ཞིག་འདུག་ཅེས་བརྗོད་པ་དང་གཉིས་སུ་མེད།

གལ་སྲིད་མི་མང་གིས་རྩ་འཛིན་དེ་བཀླགས་པ་ཡིན་ན་དེར་མོས་མཐུན་མི་བྱེད་མཁན་ཧ་ལམ་མེད། དེར་བརྟེན། རྩ་འཛིན་དེར་མི་མང་ཁྲོད་ཁྱབ་བརྡལ་འགྲོ་བའི་ནུས་པ་ཆེན་པོ་ཡོད་སྟབས། རྒྱ་ནག་གི་མགོ་ཁྲིད་ཚོར་དངངས་འཚབ་སྐྱེས་གཞི་ཞིག་ཏུ་གྱུར་པ་རེད། འདི་ནི་ཁོང་ཚོས་རྩ་འཛིན་དེར་བཀག་སྡོམ་དང་ལིའུ་ཞོ་པོ་བཙོན་འཇུག་བྱེད་དོན། ད་དུང་ཁོང་གི་ནོ་བྷེལ་གཟེངས་རྟགས་ལ་དགག་པ་བྱས་དོན་གཙོ་བོ་(གཞུང་གིས་དྲིལ་བསྒྲགས་བྱས་པའི་རྒྱུ་མཚན་དེ་མིན་ཡང་། ཁོང་ཚོའི་རྒྱུ་མཚན་དངོས་དེ་ཡིན་པ་རེད།) དག་ཆགས་ཡོད། སྲིད་གཞུང་གི་ངལ་རྩོལ་ལ་གྲུབ་འབྲས་ཐོབ་ཡོད་དེ། དེང་སྐབས་རྒྱ་རིགས་གཞོན་སྐྱེས་མང་ཆེ་བས་སྐུ་ཞབས་ལིའུ་ཞོ་པོ་སུ་ཡིན་མིན་ཙམ་ཡང་ཤེས་ཀྱི་མེད་ལ། མི་རབས་རྒན་པ་གནས་ཚུལ་ལ་རྒྱུས་མངའ་ཡོད་མཁན་དག་གིས་ཁོང་གི་སྐོར་མི་མང་ཁྲོད་བཤད་ན་མཇུག་འབྲས་ཅི་ཞིག་ཡོང་རྒྱུ་ཡོད་པ་ཧ་གོ་ཡི་ཡོད་སྟབས་བཤད་ཕོད་མཁན་མེད།

འདས་པའི་ལོ་ཤས་རིང་རྒྱ་ནག་གི་སྤྱི་ཚོགས་ནང་དམ་དྲག་ཤུགས་ཆེ་རུ་ཕྱིན་ཡོད་པ་དང་། ཞི་ཅིན་ཕིན་གྱི་དབང་སྒྱུར་འོག་རྒྱ་ནག་དེ་ ” ༢༠༠༨ ལོའི་རྩ་འཛིན།” ཀྱི་ལྡོག་ཕྱོགས་སུ་སྐྱོད་ཀྱི་ཡོད། དེས་དྲི་བ་འདི་འདྲ་ཞིག་བཏོན་ཡོད་དེ། རྩ་འཛིན་ཡིག་ཆ་དང་དང་ངལ་རྩོལ་མཐའ་དག་གྲུབ་འབྲས་མེད་པར་ཞིག་རལ་དུ་གྱུར་ཡོད་དམ་ཞེས་ན། དེའི་ལན་དུ། དཀའ་ཁག་ཆེ་ཡང་འབྲས་མེད་དུ་གྱུར་མེད་ཅེས་བརྗོད་འདོད་བྱུང་། རྩ་འཛིན་ཟིན་བྲིས་ཚོགས་ཆུང་དེ་གཏོར་བཤིག་བཏང་ཟིན་ཡང་དེའི་བསམ་བློ་ད་དུང་གསོན་པོར་གནས་ཡོད། སྲིད་གཞུང་གིས་བསྟུད་མར་རྩོལ་བ་ཆེན་པོས་རྒྱལ་ཡོངས་ལ་འགྲོ་སོང་ཆེན་པོ་བཏང་སྟེ། ” ༢༠༠༨ ལོའི་རྩ་འཛིན།” དང་འབྲེལ་བ་ཡོད་པའི་ལྟ་ཚུལ་རིགས་ལ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་དེས། རྒྱ་ནག་གཞུང་གི་དཔོན་རིགས་ཚོ་ད་དུང་དེའི་ནུས་པར་ཞེད་སྣང་བྱེད་ཀྱི་ཡོད་པ་གསལ་སྟོན་བྱས་ཡོད།

སྐུ་ཞབས་ལིའུ་ཞོ་པོ་དམ་པ་དེའི་ཞལ་ནས་གནད་དོན་འདིར་ལན་འདེབས་བྱས་པའི་གོ་སྐབས་ཤིག་བྱུང་ཡོད་ན་དགེ་མཚན་ཆེན་པོ་ཡོད། འཛམ་གླིང་རྒྱལ་སྤྱིའི་ཐོག་ ༢༠༠༩ ལོའི་གྱོད་ཞིབ་ཀྱི་མཐའ་མའི་བསྒྲགས་གཏམ་དེའི་རྗེས་ལ། སྐུ་ཞབས་ལིའུ་ཞོ་པོ་ཡི་སྐད་ཆ་ཚིག་གཅིག་ཀྱང་ཕྱི་ལོགས་སུ་འཐོན་བཅུག་མེད། ལོ་འདིའི་ཟླ་བ་དྲུག་པའི་ནང་ཁོང་ལ་མཆིན་པའི་སྐྲན་ནད་རིམ་པ་མཐའ་མའི་ནད་རྟགས་ཐོན་ཏེ་ཧྲན་ཡཱང་སྨན་ཁང་ (Shenyang Hospital) གི་ལྟ་རྟོག་བཙོན་ཁང་ནང་བཞག་རྗེས། ཁོང་གིས་རང་ཉིད་དང་བཟའ་ཟླ། ཆུང་མའི་གཅེན་པོ་བཅས་བདེ་འཇགས་ངང་འཇར་མན་རྒྱལ་ཁབ་བམ་ཨ་རི་གང་རུང་ཞིག་ལ་སྨན་བཅོས་ཆེད་འགྲུལ་སྐྱོད་ཆོག་པའི་ཆོག་མཆན་ཞུས་ཡོད་ཀྱང་། རྒྱ་ནག་གཞུང་ཕྱོགས་ནས་ལིའུ་ལ་སྨན་བཅོས་ཐབས་ཤེས་ཡོད་རྒུ་བྱས་ཟིན་རབས་དང་། ད་ཆ་ཕྱིར་འགྲུལ་སྐྱོད་བྱེད་པར་གཟུགས་པོས་མི་ཐེག་ཚུལ་བཤད་དེ་ཆོག་མཆན་སྤྲད་མེད། སྐུ་ཞབས་ལིའུ་ཞོ་པོ་དམ་པ་དེ་ཉིད་ཕྱི་ཟླ་ ༧ པའི་ཚེས་ ༡༣ ཉིན་སྐུ་གཤེགས།

ཁོང་གིས། “བཙན་བྱོལ་དུ་འགྲོ་བ་ནི་ཁེར་རྐྱང་དུ་བུད་པ་དང་གཉིས་སུ་མེད།” ཅེས་ཡང་ཡང་བརྗོད་ཡོད་ཀྱང་རང་གི་ མི་ཚེའི་གཟའ་འཁོར་མཐའ་མ་དེར་རྒྱ་ནག་ནང་མུ་མཐུད་སྡོད་རྒྱུའི་འདུན་པ་དོར་ཡོད། ཁོང་གིས་དེ་ལྟར་གནང་དོན་ཡང་སྙིང་ཅི་ཞིག་ཡིན་མིན་ཁ་གསལ་པོ་ཞིག་མེད་ཀྱང་། ལིའུ་ཡིས་རང་ཉིད་ཀྱི་སེམས་ནུས་ལྷག་མ་ཅུང་ཙམ་ལུས་ཡོད་པ་དེ་བེད་སྤྱད་དེ་ཡུན་རིང་ལ་དཀའ་སྡུག་མྱངས་པའི་རང་གི་བཟའ་ཟླ་ལིའུ་ཞཱ་དང་མོའི་གཅེན་པོ་ལིའུ་ཧུའོ་གཉིས་རྒྱ་ནག་ནས་ཕྱིའི་རང་དབང་ལུང་པ་ཞིག་ལ་ཐར་ཐབས་བྱས་པ་ཡིན་སྲིད། ཡིན་ཡང་ཁོང་འཛིན་བཟུང་མཁན་གྱི་བསམ་ཚུལ་དག་མངོན་གསལ་འདོད་པོར་གྱུར་ཡོད་དེ། དེ་ལ་སྨན་བཅོས་དང་འབྲེལ་བ་གཏན་ནས་མེད་ཅིང་། ལིའུ་ཡིིས་རང་གི་སེམས་ལ་ཡུན་རིང་ཉར་ཡོད་པའི་ཆེས་མཐའ་མའི་སྐད་ཆ་དག་འགོག་ཐབས་བྱས་པ་ཞིག་རེད། ལོ་བརྒྱད་བཙོན་འོག་ཏུ་བསྐྱལ་བའི་རིང་ལིའུ་ལ་བསམ་ཚུལ་ཅི་ཞིག་ཡོད་དམ། ཁོང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཆ་སྒེར་སྤྱོད་ལམ་ལུགས་དེ་ཉིན་རེ་བཞིན་སྟོབས་ཇེ་ཆེར་འགྲོ་བཞིན་པའི་དུས་སྐབས་འདིར། མ་འོངས་པའི་འཛམ་གླིང་ལ་རེ་ལྟོས་ཅི་ཞིག་བཅངས་ཡོད་དམ།

མང་པོས་ལིའུ་ཞོ་པོ་ནི་ནེལ་སིན་མན་ཌེ་ལྰ་དང་ཝི་སི་ལབ་ཧྰ་ཝིལ། ལྕམ་ཨང་སན་སུའུ་ཀེ་སོགས་དང་གཤིབ་བསྡུར་བྱེད་བཞིན་ཡོད། ཁོང་ཚོ་ནི་རང་གི་ལུང་པར་འགྲོ་བ་མིའི་བརྩི་བཀུར་ཐོབ་པའི་སྲིད་གཞུང་ཞིག་ལ་རེ་ནས་རང་ཉིད་བློས་གཏོང་གིས་བཙོན་ཁང་ནང་བཞུགས་མྱོང་མཁན་ཤ་སྟག་རེད། ཡིན་ཡང་མན་ཌེ་ལྰ་དང་ཧ་ཝིལ། ལྕམ་སུའུ་ཀེ་དག་ནི་མཐའ་མར་བཙོན་གྲོལ་ཐོབ་ཡོད་ཀྱང་། ལིའུ་ཞོ་པོ་ནི་བཙོན་འོག་ཏུ་འདས་གྲོངས་སུ་ཕྱིན་པ་རེད། དེ་ལྟར་ལོ་རྒྱུས་ཁྲོད་ཁོང་གི་གོ་གནས་དེ་གཞན་པ་ཚོ་ལས་དམའ་བ་ཡོང་སྲིད་དམ། ལས་འགུལ་ཞིག་གི་རྒྱལ་ཁ་ངོས་འཛིན་བྱེད་སྟངས་དེ་ནི་ངེས་པར་དུ་ལས་འགུལ་དེའི་སྣེ་ཁྲིད་མི་སྣ་དེ་དཔའ་བོ་ཞིག་ཏུ་བརྩི་འཇོག་ཐུབ་མིན་ལ་རག་ལུས་ཡོད་དམ།

གཅིག་བྱས་ན། ལིའུ་ཞོ་པོ་དང་ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་ཞིབ་བསྡུར་བྱས་ཚེ་དགེ་མཚན་ལྡན་སྲིད་པ་ཞིག་རེད། ཁོ་གཉིས་བར་ལོ་གཉིས་མ་གཏོགས་ཁྱད་པར་མེད། མྰའོ་ཡི་རིག་གནས་གསར་རྗེའི་དུས་སུ་ཁོ་གཉིས་ཀའི་སློབ་སྦྱོང་གི་གོ་སྐབས་ཤོར་བ་དང་། ལུང་ཁུག་ཅིག་ཏུ་རྒྱང་འཕུད་དུ་བཏང་དང་གཅིག་མཚུངས་རེད། ཞི་ཅིན་ཕིན་གྱིས་དུས་ཚོད་དེ་དག་བེད་སྤྱད་དེ་རང་ཉིད་ལ་བྱས་རྗེས་ཀྱི་ཐོ་གཞུང་ཞིག་གྲ་སྒྲིག་བྱེད་གང་ཐུབ་བལྟས་ཡོད་དེ། དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་རིགས་ཀྱི་གོ་གནས་ཡོད་པའི་རང་གི་ཕ་ཡི་རོགས་སྐྱོར་འོག་ཚོགས་པའི་གོ་གནས་མཐོ་ཤོས་ལ་བསླེབ་རྒྱུའི་དམིགས་ཡུལ་བཟུང་ཡོད་པ་རེད། ལིའུ་ཡིས་དུས་ཚོད་དེ་དག་རང་གིས་འདོད་མོས་ལྟར་དཔེ་ཀློག་དང་རང་ཉིད་ཀྱི་བསམ་བློ་འཚོལ་ཞིབ་ཆེད་བཏང་ཡོད། གཅིག་གིས་སྲིད་གཞུང་གི་ཆེས་མཐོ་བའི་འཛིན་སྐྱོང་སྡེ་ཚན་ནང་འཛེག་པར་མཁོ་བའི་ངོ་བསྟོད་དང་གྱ་གྱུའི་སྤྱོད་ཚུལ་དག་ལ་འབད་འབུངས་བྱས་པ་དང་། ཅིག་ཤོས་དེས་རང་ཉིད་མི་སྒེར་གྱི་རྣམ་དཔྱོད་བེད་སྤྱད་དེ་བསམ་བློ་དང་སྲོལ་རྒྱུན་མཐའ་དག་ལ་བརྟག་དཔྱད་དཔྱིས་ཕྱིན་པ་ཞིག་བྱས་པ་དེ་རེད། ཁོ་གཉིས་ནས་གཅིག་གི་རིན་ཐང་དེ་མིའི་ཡ་རབས་སྤྱོད་བཟང་གིས་འཇལ་དགོས་ཀྱི་ཡོད་པ་དང་། གཞན་པ་དེར་དེ་ལས་ལྡོག་སྟེ་རིན་ཐང་ནི་དབང་ཆ་དང་གོ་གནས་ཀྱིས་མཚོན་པར་བྱེད་དགོས། དེ་ལྟར་ཁོ་གཉིས་ཀྱི་མཐའ་མའི་འཐབ་འཛིང་ཁྲོད་གཅིག་རྒྱལ་ཟིན་པ་དང་ཅིག་ཤོས་དེ་ཕམ་ཟིན་པ་ང་ཚོ་ཀུན་གྱིས་ཤེས་གསལ་ལྟར་རེད། ཡིན་ཡང་དེ་རིང་ནས་བརྩིས་པའི་ལོ་ངོ་ ༢༠༠ ལྷག་འདས་པའི་ཉིན་མོ་ཞིག་ལ། མན་ཌེ་ལྰ་དང་ཧྰ་ཝིལ། ལྕམ་སུའུ་ཀེ་དག་མ་ཉེས་ཁ་ཡོག་གིས་བཙོན་འཇུག་བྱེད་མཁན་གྱི་དཔོན་རིགས་དེ་ཚོའི་མིང་སྐྱེ་བོ་སུ་ཞིག་གིས་དྲན་སྲིད་དམ། ལིའུ་ཞོ་པོ་ཡི་འོད་སྟོང་འཕྲོ་བའི་རྣམ་དཔྱོད་རྣོན་པོ་དག་ལ་རྗེས་དྲན་བྱ་སྲིད་དམ། ཡང་ན་ཞི་ཅི་ཕིན་གྱི་མཉེན་ལྕུག་དཀའ་བའི་ཆེས་སྤྱིར་བཏང་གི་སྣང་བརྙན་དེ་དྲན་སྲིད་དམ།

* མཆན།

རྩོམ་པ་པོ་པེ་རེ་ལིང་ཁི་(Perry Link)ནི་ལིའུ་ཞོ་པོ་ཡི་ ” ༢༠༠༨ ལོའི་རྩ་འཛིན།” དབྱིན་ཡིག་ཐོག་བསྒྱུར་གནང་མཁན་གཙོ་བོ་དེ་ཡིན་པ་དང་། ཁོང་གིས་ཁེ་ལི་ཕོ་ནི་ཡ་གཙུག་ལག་སློབ་གྲྭའི་སློབ་དཔོན་ཆེན་མོའི་ཕྱག་ལས་གནང་གི་ཡོད། ཁོང་གི་ཆེད་ལས་སློབ་སྦྱོང་ནི་རྒྱ་ཡིག་དང་རྒྱ་ནག་གི་དེང་རབས་རྩོམ་རིག་ཡིན།

ནེའུ་ཡོག་དཔེ་དེབ་བསྐྱར་ཞིབ་ (The New York Review of Books)

བསྐྱར་བཅོས།: ༢༠༡༧/༠༧/༡༧

Leave a Reply