ཁྲུང་ཆིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེར་ཞིབ་བཤེར།

ཁྲུང་ཆིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་སིན་ཁྲིན་ཚེ་ལ་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་ཁོའི་ཚབ་ཏུ་ཀེའུ་ཀྲུའུ་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ཁྲིན་མེར་བསྐོ་བཞག་བྱས་འདུག

ཞི་ཅིན་ཕིན་གཞུང་གིས་ད་ལྟའི་བར་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ཁྱོན་དམར་ཤོག་གཞུང་གི་དཔོན་རིགས་ ༢༠༠ ལྷག་ལ་རྒོལ་རྡུང་བཏང་ཡོད་སྐོར་བསྒྲགས་ཡོད་ཀྱང་། རྒོལ་རྡུང་བཏང་བའི་དཔོན་རིགས་མང་ཆེ་བ་མགོ་འཁྲིད་གཞོན་པ་དང་ཟུར་པ་ཙམ་མ་གཏོགས། ཞི་ཅིན་ཕིན་གཞུང་གིས་བསྐོ་བཞག་བྱས་པའི་ལས་ཐོག་མཐོ་རིམ་དཔོན་རིགས་ཀྱིས་ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་བྱས་པའི་གནས་ཚུལ་གཞུང་འབྲེལ་གསར་ལམ་དུ་མཐོང་དཀོན་པོ་ཡོད་པ་རེད། ཡིན་ནའང་།  ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས། ཁྲུང་ཆིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་སིན་ཀྲིན་ཚེ་(孙政才)པེ་ཅིན་དུ་བཀར་ཉར་བྱས་ཏེ། དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་ནས་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། ཀེའུ་ཀྲུའུ་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ཁྲིན་མེར་(陈敏尔)ཁྲུང་ཆིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་དང་ཞིང་ཆེན་རྒྱུན་ལས་སུ་བསྐོ་བཞག་བྱས་པ་བསྒྲགས་ཡོད་པ་རེད།

ཕྱི་ཚེས་ ༡༤ ཉིན་སིན་ཀྲིན་ཚེ་པེ་ཅིན་དུ་ཕྱིན་རྗེས་པེ་ཅིན་གྱི་གསོལ་མགྲོན་ཁང་ཞིག་ཏུ་བཀག་ཉར་བྱས་ཏེ་ཕྱིར་བསླེབས་མེད་པ་དང་། ཉིན་དེའི་དགོང་མོར་རྒྱ་ནག་དབུས་རྒྱུན་ལས་ལྷན་ཁང་གི་མགོ་འཁྲིད་ཀྲོ་ལི་ཇི་ཟེར་བ་དེས། ཁྲུང་ཆིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་གསར་པ་ཁྲིན་མེར་འཁྲིད་ནས་ཁྲུང་ཆིན་གྲོང་ཁྱེར་དུ་འབྱོར་ཡོད་པ་དང་། ཕྱི་ཚེས་ ༡༥ ཉིན་གྱི་ཞོགས་པར་ཀྲོ་ལི་ཇི་དང་ཁྲིན་མེར། ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཀྲང་གོ་ཆིན་བཅས་ནས་གྲོང་ཁྱེར་མགོ་འཁྲིད་ཀྱི་ཚོགས་འདུ་ཞིག་བསྡུས་ཏེ། ཀྲོ་ལི་ཇི་ཡིས་དབུས་གཞུང་གི་ཐག་གཅོད་སྒྲོག་སྦྱངས་བྱེད་སྐབས། ཐེངས་འདིའི་དག་སྒྲིག་ནི་དབུས་གཞུང་ནས་གཞི་རྒྱ་ཆེན་པོའི་ཐོག་ནས་སྤེལ་བ་ཞིག་ཡིན་ལ། རྣོ་བསམ་དང་ཞིབ་འཇུག་གཏིང་ཟབ་ཕྱིན་ཏེ་ཐག་གཅོད་བྱས་པ་ཞིག་ཡིན། ཞེས་བསྒྲགས་ཡོད་འདུག

ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༥ ཉིན་ཞི་ཅིན་ཕིན་གྱིས་སྲིད་འཛིན་ལས་འཁུར་ཞུས་ནས་ཉིན་ལྔ་ཡི་རྗེས། སིན་ཀྲིན་ཚེ་ཁྲུང་ཆིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེར་བསྐོ་བཞག་བྱས་ཡོད་པ་རེད། སུན་ཀྲིན་ཚེ་ཕྱི་ལོ་ ༢༠༢༢ ལོའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ ༢༠ པའི་ཐོག་རྒྱ་ནག་གི་སྲིད་འཛིན་དང་། ཡང་ན་སྲིད་བློན་དུ་བསྐོ་བཞག་བྱེད་སྲིད་པའི་ཚོད་དཔག་ཚད་མཐོ་བོ་བྱས་ཡོད་ཀྱང་། ད་ལྟ་གློ་བུར་དུ་གནས་དབྱུང་ཞིབ་བཤེར་བྱས་པ་དེ་ཁོའི་བཟའ་ཟླ་ཧུའུ་ཡེན་ཀྭ་(胡颖挂)དང་འབྲེལ་བ་ཡོད་སྲིད་ལ།  དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་འཁྲིད་ཟུར་པ་ལིན་ཅི་ཧྭ་ཡི་བཟའ་ཟླ་ཀོའུ་ལི་ཕིན་གཉིས་འབྲེལ་བ་ཟབ་མོ་ཡོད་སྐོར་དང་། ཞི་ཅིན་ཕིན་གྱི་སྲིད་འཛིན་ལས་ཡུན་དང་པོའི་ནང་ཕམ་པར་བརྒྱབ་པའི་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་ཞི་ཚེ་ཧྲུའུ་དང་། དམར་ཤོག་དྲུང་ཆེ་པའོ་ཞི་ལེ་ཡི་གནད་དོན་གྱི་མཇུག་ད་དུང་ཆོད་མེད་སྐོར་བརྗོད།

ཁྲིན་མེར་ནི་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་བཅོ་བརྒྱད་པའི་དབུས་རྒྱུན་ཞིག་ཡིན་པ་དང་། དེ་སྔོན་ཀྲེ་ཅང་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་དང་དྲིལ་བསྒྲགས་ཁང་གི་མགོ་འཁྲིད། ཀེའུ་ཀྲུའུ་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ། སྐབས་བཅུ་བདུན་པའི་དབུས་དམར་ཤོག་ཚོགས་པའི་རྗེས་སྣོན་རྒྱུན་ལས་དང་སྐབས་བཅོ་བརྒྱད་པའི་རྒྱུན་ལས་ཤིག་ཡིན་འདུག ཆབ་སྲིད་དབྱེ་ཞིབ་པ་ཚོས་ཁྲིན་མེར་ནི་སྲིད་འཛིན་ཞི་ཅིན་ཕིན་གྱིས་བློ་འགེལ་ཡིད་ཆེས་བྱེད་ས་ཞིག་ཡིན་པ་དང་། དམར་ཤོག་ཚོགས་པའི་ནང་འཁྲུག་འཐབ་རྩོད་ཀྱིས་ཏང་གི་ཚོགས་ཆེན་ ༡༩ པའི་དཔོན་རིགས་བསྐོ་བཞག་ལ་ཤུགས་རྐྱེན་ངེས་ཅན་ཐེབས་རྒྱུ་ཡིན་སྐོར་བརྗོད་ཀྱི་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༧/༡༨

Leave a Reply