ཨབ་གྷན་གྱི་ཁྲིམས་མེད་ལུགས་མེད་ཀྱི་མངའ་སྡེ་གྷ་ཧོར་ནང་བུད་མེད་ལ་རིན་ཐང་མེད་ལ་དྲང་བདེན་ཡང་མེད།

ད་ལོའི་དཔྱིད་ཀར་བྱིས་པ་གསུམ་གྱི་ཨ་མ་ཊ་བྷ་རག་ (Tabaruk) ལགས་ཨབ་གྷན་གྱི་མཐའ་མཚམས་གངས་ཀྱིས་གཡོག་པའི་རི་ཀླུང་བརྒྱུད་ནས་འགྲུལ་བཞུད་བྱེད་སྐབས། ཁོ་མོ་ཇི་ལྟར་འདས་གྲོངས་ཕྱིན་པའི་ཐད་ལ་བཤད་ཚུལ་མི་འདྲ་བ་གསུམ་བྱུང་ཡོད།

ཁོ་མོ་དང་ཁོ་མོའི་ཁྱིམ་མི་ཚོ་གྷ་ཧོར་(Ghor) མངའ་སྡེའི་གྲོང་སྡེ་ཞིག་ནས་ཕྱིར་འཕུད་བཏང་འདུག རྒྱུ་མཚན། ཁོང་མོའི་བུ་མོ་ཡཱམ་སཱར་(Yamsar)གཉེན་མ་སྒྲིག་སྔོན་ལ་མངལ་ཆགས་པས་རེད།

གྷ་ཧོར་མངའ་སྡེའི་ཉེན་རྟོག་པས། ཨ་མ་ཊ་བྷ་རག་ནི་རྟ་ཐོག་ནས་ལྷུང་སྟེ་གྲོངས་པ་ཡིན་ཚུལ་བཤད་འདུག གྷ་ཧོར་མངའ་སྡེ་ལྷན་ཁང་གི་དཔོན་རིགས་ཚོ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས། ཨ་མ་ཊ་བྷ་རག་གྲོག་རོང་ལ་གཡུགས་པ་དང་། དེ་ནས་རྟ་ལ་འདྲུད་དུ་བཅུག་ནས་བསད་པ་ཡིན་ཚུལ་བཤད་ཡོད།

བཤད་ཚུལ་གསུམ་པ་ནི་གཏམ་རྒྱུད་ཐུང་ཐུང་ཞིག་རེད། དེ་ནི་ལོ་ ༨ ལ་སོན་མ་ཐག་པའི་ཕུ་བོས་རང་གི་སྲང་མོ་ཡཱམ་སཱར་ལ་བཤད་པ་ཞིག་རེད། བུ་མོ་ཡཱམ་སཱར་གྱི་ཕུ་བོས་སྐབས་དེར་ཁོ་རང་ཨ་མ་ཊ་བྷ་རག་དང་མཉམ་དུ་ཡོད་སྐོར་བརྗོད་དོན། “ཁོ་ཚོས་ངའི་ཨ་མར་མེ་མདའ་བརྒྱབ་ནས་བསད་སོང” ཞེས་ཡང་ནས་བསྐྱར་དུ་བཤད་འདུག

གལ་ཏེ་ཨབ་གྷན་ནི་བུད་མེད་ཀྱི་ཚེ་སྲོག་ལ་རྒོལ་བའི་ས་ཁུལ་སྡུག་ཤོས་གྲས་ཤིག་ཡིན་ན། གྷ་ཧོར་ནི་བུད་མེད་ཀྱི་ཐོབ་ཐང་རྡོག་རོལ་གཏོང་བའི་ལུང་པ་དེའི་རྒྱལ་ས་ལྟ་བུ་ཆགས་ཡོད། མི་མང་གིས་ས་ཁུལ་དེར་སྲིད་གཞུང་ཞིག་འཛུགས་པའི་དབང་དུ་བྱས་ཀྱང་། སྲིད་གཞུང་དེ་ནི་ཁྲིམས་མེད་ལུགས་མེད་ཀྱི་སྲིད་གཞུང་ཞིག་ཡིན་ངེས།

གྷ་ཧོར་མངའ་སྡེ་ནང་སྐྱེས་པ་འགས་བུད་མེད་ཅིག་ལ་ལོག་སྤྱོད་བྱས་ཏེ་བསད་པའི་གནས་ཚུལ་དེ་བདུན་ཕྲག་ཁ་ཤས་ཕྱིན་པའི་རྗེས་སུ་ཕྱི་ལ་ཐོན་ཡོད་ཀྱང་། ལག་དམར་སྐྱེས་པ་དེ་དག་སུ་ཡིན་མིན་བདེན་དཔང་བྱས་མ་སོང་། ལྕམ་ཁཱོ་ཧྥེ་ (Koofi) ལགས་ཀྱིས་བཤད་རྒྱུར། “འདས་པའི་ལོ་ངོ་འདི་རིང་། གྷ་ཧོར་མངའ་སྡེ་ནང་བུད་མེད་ལ་གནོད་འཚེ་ཐེབས་པའི་དོན་རྐྱེན་ ༡༡༨ ཐོ་འགོད་བྱས་ཡོད་ཀྱང་དེ་ནི་དོན་རྐྱེན་བྱུང་བ་ཕྱིར་བསྒྲགས་བྱས་པ་ཙམ་མ་གཏོགས་དོན་རྐྱེན་དེ་དག་བཟོ་མཁན་འཛིན་བཟུང་བྱས་མི་འདུག” ཅེས་ཟེར། ལྕམ་ཁཱོ་ཧྥེ་ལགས་ནི་ཨབ་གྷན་གྲོས་ཚོགས་ཀྱི་བུད་མེད་ཐོབ་ཐང་ལྟ་ཞིབ་ཚོགས་ཆུང་གི་འགན་འཛིན་ཡིན་པ་དང་། ཉེ་ཆར་ཁོ་མོ་གྷ་ཧོར་མངའ་སྡེ་ནང་ཕྱོགས་སྐྱོད་བྱས་སྐབས། གཞི་ནས་ས་ཁུལ་དེའི་ཁྲིམས་ལུགས་དྲང་བདེན་མིན་པ་ཤེས་རྟོགས་བྱུང་ཡོད། ཁོ་མོས་མུ་མཐུད་བཤད་རྒྱུར་ “ས་ཁུལ་དེར་བུད་མེད་ལ་རིན་ཐང་ཅི་ཡང་མི་འདུག” ཅེས་ཟེར།

མི་འབོར་ ༧༠༠༠༠༠ ཟིན་ཞིང་ཨབ་གྷན་གྱི་ནུབ་རྒྱུད་དུ་ཡོད་པའི་གྷ་ཧོར་མངའ་སྡེ་ནི་ཨབ་གྷན་ནང་གི་བུད་མེད་ཀྱི་ཐོབ་ཐང་བཙན་འཕྲོག་བྱེད་པའི་མངའ་སྡེ་གཙོ་བོ་དེ་ཆགས་ཡོད། ད་བར་དུ་ཨབ་གྷན་གཞུང་གིས་མངའ་སྡེ་དེར་དོ་སྣང་མ་བྱས་སྟབས། ས་ཁུལ་དེར་ཁྲིམས་ཀྱི་དབང་སྒྱུར་ནི་མིང་གི་ལྷག་མར་གྱུར་འདུག གྷ་ཧོར་མངའ་སྡེའི་མཐའ་མཚམས་ཁག་ཅིག་ཊ་ལེ་བྷན་ (Taliban) དྲག་སྤྱོད་པས་བཙན་བཟུང་བྱས་ཏེ་ཟིང་འཁྲུག་སློང་བཞིན་པའི་ས་ཁུལ་ཁག་དང་འབྲེལ་ཡོད་སྟབས། མཐའ་ཁུལ་དེར་ངོ་རྒོལ་གྱེན་ལང་གི་ཟིང་འཁྲུག་ཆེན་པོ་འབྱུང་ཉེན་འདུག

གྷ་ཧོར་མངའ་སྡེ་ནང་བྱུང་བའི་དོན་རྐྱེན་དེ་དག་གིས་ལུང་པ་དེ་ཧ་ལས་སུ་བཅུག་ཡོད་ཀྱང་། དོན་རྐྱེན་དེ་དག་རིམ་བཞིན་བུད་མེད་ཀྱི་ཐོབ་ཐང་རྡོག་རོལ་གཏོང་བའི་ཨབ་གྷན་ལོ་རྒྱུས་ཁྲོད་ནས་རྩ་ཡལ་དུ་འགྲོ་བཞིན་འདུག

༢༠༡༥ ལོའི་ཟླ་ ༡༠ ནང་བུ་མོ་རུ་ཁ་ཤཱ་ནཱ་ (Rukhshana) ལགས་བཙན་གྱིས་གཉེན་བསྒྲིག་ཏུ་བཅུག་པ་དང་། ཕྱིས་སུ་ཁོ་མོ་དགའ་རོགས་དང་མཉམ་དུ་ཡོད་པ་འཛིན་བཟུང་བྱས་ཏེ། ཁོ་མོ་གསོན་པོར་ས་དུང་ནང་བཅུག་སྟེ་རྡོ་རུབ་བརྒྱབ་སྟེ་བསད་འདུག གཞུང་ཕྱོགས་ཀྱི་བཤད་ཚུལ་ལྟར་ན། བུ་མོ་དེ་གསོད་མཁན་ཊ་ལེ་བྷན་དྲག་སྤྱོད་ཤོག་ཁག་རེད་ཟེར། བུ་མོ་དེའི་དགའ་རོགས་ཀྱང་འཛིན་བཟུས་བྱས་ཏེ་རྟ་ལྕག་མང་པོ་གཞུས་མཐར་ཀློད་འདུག

གནས་ཚུལ་དེའི་སྐོར་བུ་མོ་དེའི་ཨ་མས་བཤད་རྒྱུར། “ཁོ་མོའི་ཕུང་བོ་ས་དུང་ལས་ཕྱིར་བཏོན་སྐབས་རྡོ་རྡུང་བྱས་ཏེ་ཁོ་མོའི་ཕུང་བོ་རྩིབ་ཧྲལ་དུ་བཏང་འདུག་པ་མ་ཟད། རྡོ་ཧྲིག་འགའ་རེ་ཁོ་མོའི་རྩིབ་རུས་གསེང་ནས་ཁོག་པོའི་ནང་ཟེགས་འདུག” ཅེས་དང་། “ལུས་ཀྱི་ཟུངས་ཁྲག་འདག་གི་མི་འདུག སྡོད་ཁང་དེ་གར་བུད་མེད་གཞན་ ༡༢ ཡོད་སྟབས། ཁོ་མོ་ཚོས་ང་ལ་རོགས་པ་བྱས་ཏེ། ང་ཚོས་ཁོ་མོའི་ཕུང་བོ་དཀྲུས་ནས་དུར་སྦས་བྱས་ཡིན” ཞེས་ཟེར།

རང་ལོ་ ༡༩ ཡིན་པའི་བུ་མོ་གྷལ་ལགས་ལ་མཚན་མོར་མེ་མདའ་བརྒྱབ་ནས་བསད་པ་དང་། བུ་མོ་དེའི་ཕ་མ་གཉིས་ཀྱིས་མ་མཐོང་སྔོན་ལ་དུར་འཇུག་བྱས་ཡོད་པ་རེད། ཉིན་རྟོག་པས་བརྗོད་པ་ལྟར་ན། ཕྱི་ཟླ་ ༦ ནང་བུ་མོ་དེའང་བཙན་གྱིས་གཉེན་སྒྲིག་ཏུ་འཇུག་འཆར་ཡོད་སྟབས། ཁོ་མོ་དགའ་རོགས་དང་མཉམ་དུ་བྲོས་བྱོལ་བྱེད་སྐབས། མི་ཁག་ཅིག་གིས་ཁོང་གཉིས་འཛིན་བཟུང་བྱས་ཏེ་ས་དེ་གར་བསད་ཡོད་འདུག

བུ་མོ་དེའི་ཕ་མ་གཉིས་ཀྱིས་བརྗོད་པ་ལྟར་ན། བུ་མོ་དེ་ཨ་ཞང་ཚང་ནས་བཙན་ཁྲིད་བྱས་ཏེ་ཁོ་མོར་བཙན་གཡེམ་བྱས་རྗེས་མེ་མདའ་བརྒྱབ་ནས་བསད་པ་དང་། གནས་ཚུལ་དེ་གྲོང་མི་གཞན་ཚོས་ཀྱང་མཐོང་ཡོད་སྐོར་བཤད་འདུག བུ་མོ་དེའི་ཨ་མ་བྷིལ་ཁེ་སི་ (Belqis) ཡིས་བཤད་རྒྱུར། “དགོང་དྲོའི་ཞལ་འདོན་སྐབས་ཁོ་ཚོས་ཁོ་མོ་བསད་ཡོད་པ་དང་། གནས་ཚུལ་དེ་ངས་ཞོགས་པའི་ཞལ་འདོན་སྐབས་སུ་ཐོས་བྱུང་། སྐབས་དེར་ཁོ་ཚོས་ཁོ་མོ་དུར་སྦས་བྱས་ཚར་འདུག” ཅེས་ཟེར།

ཉེ་ཆར་བྱུང་བའི་དོན་རྐྱེན་དེ་དག་ཁྲོད། མིང་ལ་སུ་ར་ཡ་ (Suraya) ཟེར་བའི་བུད་མེད་ཅིག་བཙན་གྱིས་གཉེན་སྒྲིག་ཏུ་བཅུག་སྟེ་ལོ་ངོ་ ༤ ཕྱིན་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༣ ནང་ཁོ་མོ་དང་ཁོ་མོའི་དགའ་རོགས། ཁོ་མོའི་ཨ་ནེ་གསུམ་མཉམ་དུ་ས་གཞན་ལ་བྲོས་བྱོལ་བྱེད་སྐབས། གྲོང་གསེབ་དེའི་མི་ཚོས་ཁོ་ཚོ་གསུམ་འཛིན་བཟུང་བྱས་ཏེ་དམར་གསོད་བཏང་ཡོད་པ་མ་ཟད། གྲོང་གསེབ་དེའི་མི་མང་གིས་ཁོ་ཚོའི་ཕུང་པོ་ཁྱིམ་དུ་འཁྱེར་མི་ཆོག་པའི་འཇིགས་སྐུལ་བྱས་སྟབས། ཁོ་ཚོ་གསུམ་གྱི་ཕུང་བོ་ཉིན་ཞག་མང་པོར་ས་དེར་ལྷག་པ་རེད།

གྲོས་ཚོགས་འཐུས་མི་ལྕམ་ཁཱོ་ཧྥེ་ལགས་ཀྱིས། བུད་མེད་ལ་བཙན་གཡེམ་དང་དམར་གསོད་གཏོང་བའི་རྩ་བ་ནི། ས་གནས་དེ་གའི་ཚོ་ཁག་དང་གཉེན་ཉེ་ཕན་ཚུན་བར་གྱི་ཞེ་འཁོན་ཞིག་དང་འབྲེལ་བ་ཡོད་པ་རེད། ས་ཁུལ་དེར་བུ་མོ་ཚོ་ལོ་ན་ཆུང་དུས་ནས་བཙན་གྱིས་གཉེན་སྒྲིག་བྱེད་དུ་འཇུག་གི་ཡོད་པ་མ་ཟད། གཉེན་ཉེ་ཚང་གིས་གཉེན་བདག་ཚང་ལ་བག་མའི་རྫོངས་སྐལ་མང་པོ་སྤྲོད་དགོས་པའི་ལུགས་སྲོལ་ཤུགས་ཆེན་པོ་ཡོད་པ་དང་། ཨེ་རན་ནང་གཉེན་བདག་ཚང་གི་མག་པས་ལོ་མང་པོར་ངལ་རྩོལ་བྱས་ཏེ་དངུལ་མང་པོ་བསགས་ནས་ཨ་ཞང་ཚང་ལ་གཉེན་སློང་བའི་དུས་ལ་སླེབས་སྐབས། བུ་མོ་ན་ཆུང་རྣམས་ན་ཚོད་སྨིན་ཏེ་སྐྱེས་པ་གཞན་ལ་མཛའ་འབྲེལ་ཆགས་ཡོད་སྟབས། གཉེན་ཉེ་དང་གཉེན་བདག་ཕན་ཚུན་བར་འཁྲུག་འཛིང་ཤོར་གྱི་ཡོད་པ་དང་། གནད་དོན་དེ་ནི་ལུང་པ་དེ་དག་ནང་གཉེན་དོན་དང་འབྲེལ་བའི་ཁྲིམས་ཀྱི་དབང་སྒྱུར་མེད་པའི་རྐྱེན་གྱིས་ཡིན་སྐོར་བརྗོད་འདུག

ཨབ་གྷན་གྱི་བདེ་སྲུང་དཔོན་རིགས་ཚོས་གྷ་ཧོར་མངའ་སྡེ་ནང་འབྱུང་བཞིན་པའི་གནས་ཚུལ་དེའི་སྐོར་ལ། ས་ཁུལ་དེའི་བདེ་སྲུང་བཅའ་ཁྲིམས་གོ་སྒྲིག་ལེགས་པོ་བྱེད་དགོས་པ་ཆགས་ཡོད་ཀྱང་། ས་ཁུལ་དེ་ནི་ཌ་ལེ་བྷན་འཇིགས་སྐུལ་དྲག་སྤྱོད་པས་བཙན་བཟུང་བྱས་ཡོད་སྟབས། ཁོ་ཚོ་ས་ཁུལ་དེར་ཕྱིན་ཡང་ཌ་ལེ་བྷན་འཇིགས་སྐུལ་དྲག་སྤྱོད་པར་བསྟུན་ཤེས་བྱེད་དགོས་ཀྱི་འདུག་ཅེས་བརྗོད་འདུག གནས་སྟངས་དེ་དག་འོག་མངའ་སྡེ་དེའི་ནང་བུད་མེད་ལ་སྡང་ཟུག་དང་ལོག་སྤྱོད་བྱེད་བཞིན་པ་དག་ལ་བཟོད་བསྲན་མི་བྱེད་ཐབས་མེད་ཆགས་ཡོད་འདུག

ཨབ་གྷན་སྲིད་འཛིན་གྷ་ནེ་ (Ghani) ཡིས་བརྗོད་པ་ལྟར་ན། གྷ་ཧོར་མངའ་སྡེའི་མགོ་ཁྲིད་ལ་བུད་མེད་ཅིག་བསྐོ་བཞག་བྱས་ཀྱང་། ཁོ་མོར་གནོད་འཚེ་ཐེབས་རྗེས་གནད་དོན་དེར་རྒྱབ་སྐྱོར་བྱས་མེད་པ་དང་། བུད་མེད་དེའི་མིང་ལ་རྗོ་ཡིན་ཌ་ (Joyenda)ཟེར་ཞིང་། ༢༠༡༥ ལོར་ཁོ་མོ་མངའ་སྡེ་དེའི་ནང་ཡོང་ནས་ཟླ་དྲུག་གི་རྗེས་སུ་ཕྱིར་འཕུད་བཏང་ཡོད་འདུག གནད་དོན་དེ་ཡང་ས་ཁུལ་དེའི་ཁ་ཆེའི་ཆོས་ལུགས་ལ་རྨོངས་དད་མཁན་ཚོའི་ཁྲིམས་མེད་ལུགས་མེད་ཀྱི་བྱས་ཉེས་ལས་བྱུང་བ་ཞིག་ཡིན་འདུག

མི་མང་གི་དོགས་གཞི་གཞན་ཞིག་ནི། ཨབ་གྷན་གཞུང་གིས་གྷ་ཧོར་ནང་བུད་མེད་མང་པོ་དམར་གསོད་གཏོང་བཞིན་པ་དེ་མྱུར་དུ་མཚམས་འཇོག་བྱེད་དུ་འཇུག་པ་དང་། མ་མཐར་ཉེས་ཅན་ཚོར་ཉེས་ཆད་གཅོད་སྲིད་མིན་དེ་རེད།

ཉེ་ཆར་སཱ་ཌ་ཡེར་ (Saadyar) བྱ་བའི་ཉེས་ཅན་ཞིག་གྷ་ཧོར་མངའ་སྡེ་སྨན་ཁང་ (Chaghcharan)དུ་སྨན་བཅོས་བྱེད་དུ་ཡོང་སྐབས། ཨབ་གྷན་གཞུང་གིས་ཉེས་ཆེན་དེ་འཛིན་བཟུང་བྱེད་ཐུབ་མེད་པ་རེད། ཉེས་ཅན་དེའི་སྣེ་ཁྲིད་འོག ཉེ་ཆར་རུག་ཤཱ་ནཱ་ (Rukhshana)ཞུ་བའི་བུད་མེད་ཅིག་ས་འོག་ཏུ་བཅུག་ཅིང་མགོ་ས་ཁར་བཏོན་ཏེ་རྡོ་རྡུང་བྱས་ཏེ་བསད་ཡོད་པ་དང་། ཉེས་ཅན་དེ་ནི་ཉེན་རྟོག་པས་ཉེས་ཅན་མིང་ཐོའི་ནང་བཀོད་པའི་ཌ་ལེ་བྷན་དྲག་སྤྱོད་ཚོགས་པའི་གཙོ་འཛིན་གྲས་ཤིག་རེད།

ད་ལྟ་ཨབ་གྷན་ནང་ཨ་མ་ཊ་བྷ་རག་(Tabaruk) གི་འདས་རྐྱེན་གླེང་མཁན་གཅིག་ཀྱང་བྱུང་མེད། ཨཱ་མ་ཊ་བྷ་རག་(ཨབ་གྷན་ནང་རུས་མིང་གཅིག་མ་གཏོགས་འདོག་སྲོལ་མེད།)མ་གྲོངས་སྔོན་གྱི་ཟླ་བ་ཁ་ཤས་ནང་། ཁོ་མོས་རང་ཉིད་ཀྱི་བུ་མོའི་བདེ་འཇགས་སྲུང་སྐྱོབ་བྱས་ཡོད། ཁོང་མོའི་བུ་མོའི་མིང་ལ་ཡཱམ་སཱར་ (Yamsar)ཟེར་བ་དང་། ཡཱམ་སེར་གྱིས་བཤད་པ་ལྟར་ན། ན་ནིང་ཁོ་མོ་ནང་དུ་ཡོད་སྐབས། ཁོང་ཚང་གི་ཁྱིམ་མཚེས་ཨཱ་ཧ་མ་ཌི་ (Ahmad) ཡིས་ཁོ་མོར་བཙན་གཡེམ་བཏང་ཡོད་འདུག འོན་ཀྱང་ཁོ་མོས་རིང་གི་གཟུགས་པོར་འགྱུར་ལྡོག་མ་བྱུང་བར་གནས་ཚུལ་དེ་གསང་བ་བྱས་ཡོད་འདུག དེའི་རྗེས་ཁོ་མོས་རང་ཉིད་ལ་མངལ་ཆགས་ཡོད་པ་ཤེས་འདུག ཁོ་མོའི་ཨ་མ་ལགས་ནི་ཁོ་མོའི་གསང་བ་ཉར་རོགས་དང་ཁོ་མོར་བདག་སྐྱོང་བྱེད་མཁན་ཡིན།

ཨབ་གྷན་གྲོང་གསེབ་ཁུལ་དུ་ལོ་ཆུང་བུ་མོ་ཚོར་བཙན་གཡེམ་བཏང་སྟེ་མངལ་ཆགས་པ་དང་། དམར་གསོད་གཏོང་བ་སོགས་ནི་ཧ་ཅང་རྒྱུན་ལྡན་ཞིག་ཡིན་འདུག

གལ་ཏེ་ཁོང་མོས་གཡེམ་ཕོག་མ་ཐག་སྦྲུམ་འགོག་སྨན་ཟོས་ཡོད་ན་འདི་ལྟ་བུའི་དཀའ་ངལ་ནང་ལྷུང་མེད་ཀྱང་། ཁོ་མོས་རང་ཉིད་ལ་མངལ་ཆགས་ཡོད་པ་ཤེས་དུས་ཕྲུ་གུ་ཆགས་ཏེ་ཟླ་བ་ ༧ ཕྱིན་ཡོད་འདུག ཕྱིས་སུ་མངལ་ཁྲག་མ་ཆོད་པར་སྨན་ཁང་ནང་མཚན་བརྒྱད་རིང་སྡོད་དགོས་བྱུང་འདུག དང་པོ་སྨན་ཁང་གིས་ཁོ་མོ་སྨན་ཁང་དུ་འདུག་མ་བཅུག་སྟབས། ཁོ་མོ་གྷ་ཧོར་མངའ་སྡེའི་ཌ་ཝ་ལ་ཊི་ཡར་རྫོང་ (Dawlat Yar) དུ་ཡོད་པའི་རང་ཁྱིམ་དུ་ཕྱིར་ལོག་དགོས་བྱུང་ཡོད་པ་དང་། སྐབས་དེར་གྲོང་ཚོ་དེའི་རྒན་རབས་པ་ཚོ་གྲོང་སྡེའི་ལྷན་ཁང་ནང་འཛོམས་ཏེ་ཁྱིམ་ཚང་དེའི་ལས་དབང་ཐག་གཅོད་བྱས་ཡོད་འདུག ཁོ་མོར་བཙན་གཡེམ་ཐེབས་པའི་སྐོར་གྱི་ཚོགས་འདུའི་སྟེང་། ཁོ་མོར་བཙན་གཡེམ་གཏོང་མཁན་ཨཱ་ཧ་མ་ཌི་དང་ཁོ་མོའི་ཕ་མ་གཉིས་བཅས་མཉམ་ཞུགས་བྱས་ཡོད་ཀྱང་མོ་རང་ཞུགས་སུ་བཅུག་མི་འདུག

ཚོགས་འདུའི་ཐོག་བཙན་གཡེམ་གཏོང་མཁན་ཨཱ་ཧ་མ་ཌི་ཡིས། “ངས་ཁུ་རན་(Quran)(ཁ་ཆེའི་ཆོས་ལུགས་ཀྱི་གསུང་རབ)དཔང་དུ་བཞག་ནས་མནའ་སྐྱེལ་དོན་མེད་མོད། འོན་ཀྱང་། ངས་ཁོ་མོར་བཙན་གཡེམ་བྱས་མེད།” ཅེས་བཤད་ཡོད་སྐོར་ཁོ་མོའི་ཨ་མས་ཁོ་མོར་བཤད་འདུག

གྲོང་སྡེ་ལྷན་ཁང་གི་དབང་འཛིན་པ་གཙོ་གྲས་ཚང་མ་ཁོ་མོར་བཙན་གཡེམ་གཏོང་མཁན་ཨཱ་ཧ་མ་ཌི་ཡི་གཉེན་ཉེ་ཡིན་སྟབས། བཙན་གཡེམ་གཏོང་མཁན་ཨཱ་ཧ་མ་ཌི་ཚང་གིས། “བུ་མོ་ཡཱམ་སཱར་ཚང་གིས་གྲོང་སྡེར་གུས་བརྩི་མ་བྱས་སྟབས་ཁྱིམ་ཚང་སྤོ་ནས་ས་གཞན་ལ་འགྲོ་དགོས་” ཞེས་བཤད་ཡོད་འདུག བུ་མོ་ཡཱམ་སཱར་གྱི་མངལ་ཁྲག་གཅོད་ཐབས་སུ་ཁོ་མོ་འཕྲུལ་རྟའི་གོང་ནས་སྨན་ཁང་དུ་ཁྱེར་ཡོད་པ་དང་། སྐབས་དེར་ཁོ་མོའི་ཕ་མ་གཉིས་དང་ཕུ་བོ། གྲོང་སྡེ་དེའི་རྒན་རབས་པ་གཉིས་བཅས་ཀྱིས་ཁོ་མོའི་རྗེས་དེད་ནས་ཕྱིན་ཡོད་འདུག

ཕྱིས་སུ་བུ་མོ་ཡཱམ་སཱར་གྷ་ཧོར་མངའ་སྡེ་ཀར་སང་ཞེས་པའི་ནང་གནས་སྤོ་བྱས་ཏེ་སྡོད་རྒྱུ་བྱས་པར་ཁོ་མོའི་ཨ་མས་མོས་མཐུན་བྱས་མི་འདུག ཐོག་མར་བུ་མོ་ཡཱམ་སཱར་གྱི་ཨ་ཕས་ཨ་མ་ཊ་བྷ་རག་ཁོ་ཚོ་དང་མཉམ་དུ་ཡོང་ཚུལ་བཤད་ཀྱང་། རྗེས་སུ་ཁོས་ཁོ་མོ་ལམ་བར་དུ་རྟ་ཐོག་ནས་ལྷུང་སྟེ་འདས་གྲོངས་ཕྱིན་ཡོད་ཚུལ་བཤད་འདུག འོན་ཀྱང་བུ་མོ་ཡཱམ་སཱར་གྱི་ཕུ་བོས། “ཨ་ཕས་རྫུན་བཤད་པ་རེད། ལམ་བར་ནས་ཨ་ཕ་དང་གྲོང་མི་དེ་ཚོས་ཁོ་རང་རྗེས་སུ་འདུག་ཏུ་བཅུག་སྟེ། ཨ་མ་ཊ་བྷ་རག་ཐག་རིང་ལ་ཁྲིད་སོང་ནས་རྟ་ཐོག་ནས་གཡུགས་པ་དང་། ཁོ་ཚོ་ཕྱིར་ཡོང་ནས་ཨ་ཕས་ཨ་མ་ཊ་བྷ་རག་རྟ་ཐོག་ནས་ལྷུང་ནས་འདས་གྲོངས་པ་ཡིན་ཚུལ་བཤད་སོང་” ཞེས་དང་། བུ་མོ་ཡཱམ་སཱར་གྱི་ཕུ་བོ་བྱིས་པ་དེས་ད་དུང་། “ཁོ་རང་གིས་མེ་མདའི་སྐད་དངོས་སུ་གོ་སོང” ཞེས་བུ་མོ་ཡཱམ་སཱར་ལ་བཤད་འདུག

ནེའུ་ཡོག་དུས་བབ་ཀྱི་ཆེད་སྒྲིག མཱ་ཤཱལ་དང་ནཱ་ཌར་རྗུ་ལེ་ (Mashal & Naderjuly) གཉིས་ཀྱིས་སྤེལ།

པདྨ་རྒྱལ་གྱིས་བོད་སྒྱུར་བྱས།

བསྐྱར་བཅོས།: ༢༠༡༧/༠༧/༡༨

Leave a Reply

4 thoughts on “ཨབ་གྷན་གྱི་ཁྲིམས་མེད་ལུགས་མེད་ཀྱི་མངའ་སྡེ་གྷ་ཧོར་ནང་བུད་མེད་ལ་རིན་ཐང་མེད་ལ་དྲང་བདེན་ཡང་མེད།

  1. མཉམ་འབྲེལ་རྒྱལ་ཚོགས་ཟེར་བ་དྲང་བདེན་གྱི་རྩ་ཁྲིམས་ལྡན་པའི་ཚོགས་པ་གཅིག་ཅང་ཡོད་མ་རེད།
    དེ་ནི་ཨ་རི་རྒྱ་ནག་ཨུ་རུ་སུ་གསུམ་གྱི་གཙོས་བའི་ཡར་ཐོན་རྒྱལ་ཁབ་རྣམས་ཀྱི་དབང་ཤུགས་རྩོད་སའི་བརྩེ་ཐང་ཆེན་པོ་གཅིག་རེད།

    དེ་ལྟར་མ་ཡིན་ན་འཛམ་གླིང་འདིར་དཀའ་རྙོག་ཆེ་གྲས་ཀྱི་ཐག་ཆོད་ལ་གོང་གྱི་རྒྱལ་ཁབ་དེ་ཚོར་ལངས་ཕྱོགས་ཁག་ཁག་བྱུང་དོན་མེད།

  2. གསར་འགྱུར་འདི་ཀློག་རྗེས་ངའི་སེམས་ནང་སྐྱོ་སྣང་ཞིག་དང་མཉམ་དུ་མི་ཟེར་བ་འདི་ཅི་འདྲའི་སྡུགས་རྩུབ་ཅན་ཞིག་རེད་ཨང་། འཛམ་གླིང་འདི་འདྲ་མཉམ་མ་རེད་བསམ་པ་ཞིག་འཁོར་སོང་།

  3. གཞུང་པ་ཚེ་དབང་བསོད་ནམས་

    བྱ་སྤྱོད་དེ་ནི་ཆེས་མུན་ནག་དང་ཀླ་ཀློའི་བྱ་སྤྱོད་ཞིག་ཡིན་པ་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབས་གནང་དགོས་པ་ནི་མཉམ་འབྲེལ་རྒྱལ་ཚོགས་བཙུགས་པའི་དམིགས་ཡུལ་དང་ལས་འགན་ལ་འགན་འཁུར་ནས་འཛམ་གླིང་གི་ལུང་པ་གང་སར་འགྲོ་བ་མིའི་ཐོབ་ཐང་ལ་རྩི་མེད་རྡོག་རོལ་དང་བུད་མེད་དང་ཕྲུ་གུའི་ཐོབ་ཐང་སོགས་ལ་རྩི་མེད་ཁྲིམས་འགལ་བྱེད་མཁན་གྱི་རྒྱལ་ཁབ་དང་སྲིད་གཞུང་མི་སྒེར་སོགས་གང་ན་སུ་ཡོད་དེ་ཚོར་དུས་ཐོག་ཉེས་ཆད་འགེལ་དགོས་པ་ལས་མ་མཐོང་བ་དང་མ་གོ་བའི་ཚུལ་དུ་ཞུགས་ཚེ་ནམ་ཞིག་མི་གི་སྤྱི་ཚོགས་འདི་གདོན་མའི་སྤྱི་ཚོགས་སླར་གསོ་བྱ་རྒྱུ་ཡིན་པ་ཐག་བཅད་ཐུབ་པ་མ་རེད་དམ་???

  4. ཇག་པར་བལྟས་ན་རྐུན་མ་སྐྱབས་བསི་མཆི་ཟེར་བ་ལྟར། བོད་པའི་བུད་མེད་ཚོས་བུད་མེད་ཀྱི་ཐོབ་ཐང་དང་ཕོ་མོ་འདྲ་མཉམ་གླེང་དགོས་པ་མི་འདུག ཁ་ཆེ་བར་བལྟས་ན་བོད་པ་ཚོ་སྐྱབས་བསུ་མཆི་རེད།