༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་གར་ལས་འབར་མར་སྐྱབས་བཅོལ་ཞུ་རྒྱུ་འདམ་ག་གནང་མྱོང་ངམ།

ལེན་ཊི་ནིར་ (BERTIL LINTNER)ཡིས་སྤེལ།
པདྨ་རྒྱལ་གྱིས་བོད་སྒྱུར་བྱས།

སྐད་ཆ་དེ་ནི་ ༡༩༨༤ ལོར། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་གར་ནང་སྐྱབས་བཅོལ་དུ་ཕེབས་ཏེ་མི་ལོ་ ༢༥ འཁོར་བའི་དུས་དྲན་མཛད་སྒོའི་སྐབས། ཨེ་ཤ་ཡ་དུས་བབ་ཀྱི་དཔྱད་བརྗོད་པ་ལེན་ཊི་ནིར་ལགས་ཀྱིས་ཁོང་ལ་བཅར་འདྲི་ཞུས་སྐབས་གསུངས་པ་ཞིག་རེད།

༡༩༥༩ ལོར་བོད་ཀྱི་ནང་པའི་སྐྱབས་མགོན་༧ཏཱ་ལའི་བླ་མ་མཆོག་རང་ཡུལ་ནས་བྲོལ་བྱོལ་གནང་སྐབས། ཁོང་རྒྱ་གར་ལས་འབར་མའི་ནང་སྐྱབས་བཅོལ་དུ་ཕེབས་འདོད་བྱུང་པ་ངོ་མ་ཡིན་ནམ།

སྐད་ཆ་དེ་ནི་ ༡༩༨༤ ལོའི་ ༣ ཚེས་ ༦ ཉིན་ང་ཚོས་ཁོང་ལ་བཞུགས་སྒར་མེག་གྷན་དུ་བཅར་འདྲི་ཞུས་སྐབས། ཁོང་གིས་ཨེ་ཤ་ཡ་དུས་བབ་ཀྱི་རྩོམ་པ་པོ་དང་ཁོའི་བཟའ་ཟླ་པར་བ་དེ་གཉིས་ལ་ག་རེ་གསུངས་ཡོད་པ་དེ་རེད། བཞུགས་སྒར་མེག་གྷན་ནི་རྒྱ་གར་ཧི་མ་ལ་ཡའི་རི་འདབས་ཀྱི་བཙན་བྱོལ་བོད་གཞུང་ཆགས་སའི་ལྟེ་གནས་རེད།

གལ་ཏེ་༧གོང་ས་ཏཱ་ལའི་བླ་མ་མཆོག་སྐབས་དེར་འབར་མའི་ནང་སྐྱབས་བཅོལ་དུ་ཕེབས་ཡོད་ཚེ། འབར་མའི་ནང་གི་ད་ལྟའི་ཆོས་ལུགས་རྩོད་རྙོག་དེ་གནས་སྟངས་གཞན་ཞིག་ཏུ་འགྱུར་ཡོད་སྲིད། འཛམ་གླིང་གི་ནང་པའི་དབུ་ཁྲིད་ཁོང་གིས་ནམ་རྒྱུན་ཁ་ཆེ་གྲངས་ཉུང་མི་རིགས་ལ་ཆོས་ལུགས་རང་དབང་དང་ཐོབ་ཐང་འདྲ་མཉམ་དགོས་པ་ཤུགས་ཆེན་པོ་གསུང་གི་ཡོད།

རྒྱ་ནག་གི་དབང་སྒྱུར་འོག་བོད་མིའི་སྒེར་ལངས་ལ་ཕམ་ཉེས་བྱུང་སྟེ་མི་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་གཙིའི་སྐབས། ང་ཚོ་ཐེངས་དང་པོར་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཇལ་བཅར་ཞུས་པ་ཡིན། བོད་ནས་ཕེབས་པའི་རྒྱ་གར་ནང་གི་བོད་མི་སྐྱབས་བཅོལ་བ་ཧ་ཅང་མང་པོ་དུས་དྲན་མཛད་སྒོ་དེའི་སྟེང་འཛོམས་འདུག

བཙན་བྱོལ་གཞུང་གིས་ངའི་བཟའ་ཟླ་པར་བ་དང་ངེད་གཉིས་༧གོང་ས་ཏཱ་ལའི་བླ་མར་མཇལ་བཅར་གོ་སྒྲིག་གནང་སོང་། ཁོང་ལ་ལས་བྲེལ་ཆེ་སྟབས་ང་ཚོར་སྐར་མ་ ༣༠ རིང་མཇལ་བཅར་ཞུ་བའི་གོ་སྐབས་སྤྲད་སོང་། བོད་མི་ཚོས་ཏཱ་ལའི་བླ་མ་མཆོག་གི་མཚན་ལ་༧གོང་ས་མཆོག་ཅེས་འབོད་ཀྱི་འདུག ༧ཏཱ་ལའི་བླ་མ་མཆོག་གིས་ངའི་བཟའ་ཟླ་འབར་མ་ནས་ཡོང་བ་མཁྱེན་སྐབས། ཁོ་ཚོས་ལམ་སང་བོད་སྐད་དང་འབར་མའི་སྐད་གཉིས་ཞིབ་བསྡུར་བྱེད་མགོ་བརྩམས་སོང་། བོད་སྐད་དང་འབར་མའི་སྐད་ (Tibeto-Burman) གཉིས་ཁྱིམ་ཚང་གཅིག་གི་བརྡ་སྐད་ལྟ་བུ་ཆགས་ཡོད།

ཁོང་གི་སྐུ་སྲུང་ཚོས་ལྟ་རྟོག་ནན་མོ་བྱེད་ཀྱིན་འདུག ཁག་ཅིག་ང་ཚོ་སྡོད་སའི་ཁང་མིག་ནང་ཡོང་གི་འདུག ང་ཚོ་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་ལ་ཏཱ་ལའི་བླ་མ་དང་མཉམ་དུ་བསྡད་པ་ཡིན། གླེང་མོལ་སྐབས་ཁོང་གིས་སྐབས་དེར་རྒྱ་གར་ལས་འབར་མའི་ནང་སྐྱབས་བཅོལ་ཞུ་འདོད་བྱུང་སྐོར་གསལ་བོར་གསུངས་བྱུང་།

ཁོང་གིས་རྒྱ་དཀར་ནག་གཉིས་བར་གྱི་འབྲེལ་ལམ་ལ་བཀའ་ཁག་བཟོ་འདོད་མེད་སྐོར་གསུངས་སོང་། ཁོང་གིས་འབར་མའི་བྱང་རྒྱུད་ཀྱི་ཀ་ཆེན་ (Kachin) མངའ་སྡེའི་པུ་ཊོ་ (Putao) གྲོང་རྡལ་དུ་བཙན་བྱོལ་བོད་མིའི་གྲོང་སྡེ་ཁག་ཅིག་གཞིས་ཆགས་འདོད་བྱུང་སྐོར་གསུངས་སོང་། ཁོང་གིས་ད་དུང་ཁོང་བོད་མིའི་ཁྲོད་ནས་སྡོད་འདོད་ཡོད་པ་དང་། ཁོང་གིས་བསམ་ན། འབར་མས་ཁོང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་བརྡ་ལན་སྤྲོད་ངེས་ཡིན་པ། འབར་ནི་ཆབ་སྲིད་སྟོབས་ཤུགས་ཀྱི་ཕྱོགས་སུ་མ་ལྷུང་བའི་ནང་པའི་ལུང་པ་ཞིག་ཡིན་སྐོར་ཡང་གསུངས་སོང་།

ཏཱ་ལའི་བླ་མ་མཆོག་གི་གསུངས་དོན་ལྟར་ན། ཁོང་གི་བྲོས་བྱོལ་སྐབས་སུ་སྐུ་ཚབ་ཁག་ཅིག་འབར་མའི་དབུ་ཁྲིད་ཚོའི་སར་མངགས་གཏོང་བྱས་ཡོད་པ་དང་། འབར་མིའི་དབུ་ཁྲིད་ཚོས་ཁོང་འབར་མའི་ནང་ཕེབས་པར་དགའ་བསུ་ཡོད་པའི་བརྡ་ལན་སྤྲད་ཡོད་འདུག་པ་དང་། དེའི་རྒྱུ་མཚན་ནི། ཁོ་ཚོ་རྒྱ་ནག་དང་ལྷན་དུ་ཐུན་མོང་གི་ས་མཚམས་རྩོད་གླེང་ནང་ཚུད་ཡོད་པས་རེད་འདུག

དེ་ནི་ ༡༩༥༩ ལོའི་ཟླ་ ༣ ནང་རེད། འབར་མའི་སྲིད་བློན་ཨོ་ནུ་ (U Nu) ཡིས་ ༡༩༦༠ ལོའི་ ༡༠ ཚེས་ ༡ ཉིན། པེ་ཅིན་གྲོང་ཁྱེར་ནང་འབར་མ་དང་རྒྱ་ནག་གི་ས་མཚམས་རྩོད་གླེང་ཞི་འགྲིག་ཡོང་བའི་གྲོས་ཆིངས་ལ་མིང་རྟགས་བཀོད་དེ། ཕྱོགས་གཉིས་ཀྱི་ས་མཚམས་སུ་སྤྱི་ལེ་ ༢༡༨༥ རིང་ལ་ས་ཐིག་འཐེན་པ་རེད།

༡༩༨༤ ལོར་ཏཱ་ལའི་བླ་མ་མཆོག་མེག་གྷན་དུ་བཞུགས་པ་དང་། ཁོང་གི་སྐབས་དེའི་སྐྱབས་བཅོལ་གནས་ཡུལ་གྱི་འདམ་ག་ནོར་མེད་པ་ནི་ཐེ་ཚོམ་མི་དགོས་པ་ཞིག་རེད། ༡༩༦༢ ལོར་འབར་མའི་གཞུང་དྲག་པོའི་དམག་དཔུང་གིས་བཟུང་རྗེས། འབར་མའི་ནང་ཆབ་སྲིད་རང་དབང་མེད་པ་ཆགས་ཡོད། རྒྱ་གར་ནང་བོད་མི་སྐྱབས་བཅོལ་བ་ཚོས་སོ་སོའི་གཞུང་དང་སློབ་གྲྭ་འཛུགས་ཐུབ་པ་བྱུང་བ་མ་ཟད། ཆོས་ལུགས་དང་ཆབ་སྲིད་རྩོམ་རིག་མང་པོ་པར་སྐྲུན་འགྲེམ་སྤེལ་བྱེད་ཐུབ་ཀྱི་ཡོད་པ་རེད།

༡༩༥༩ ལོར་གལ་ཏེ་ཏཱ་ལའི་བླ་མ་མཆོག་ནུབ་པུ་ཊོ་རི་ཁུལ་དུ་གཞིས་ཆགས་ཡོད་ཚེ་འབར་མའི་དམག་གཞུང་གིས་པེ་ཅིན་གཞུང་གི་དོ་ཕོག་འོག དེ་སྔ་ལས་ལྷག་པའི་གཏོར་རྒོལ་བཏང་ཡོད་སྲིད་པ་ནི་བསྙོན་དུ་མེད་པ་ཞིག་རེད་ལ། རྒྱ་ནག་གཞུང་གིས་ཀྱང་ ༡༩༦༠ ནས་ ༡༩༧༠ ལོའི་བར་འབར་མའི་ངོ་རྒོལ་གྱེན་ལངས་ལ་རྒྱབ་སྐྱོར་བྱས་པའང་འདི་ལས་ལྷག་ཅིག་ཡིན་ངེས།

༡༩༩༣ ལོའི་ཟླ་ ༢ ནང་ང་ཚོས་ཡང་བསྐྱར་ཏཱ་ལའི་བླ་མར་མཇལ་བཅར་ཞུས་པ་ཡིན། ཁོང་ཐའེ་ལན་རྒྱལ་ས་བྷན་ཁཱོག་ (Bangkok) ནང་ཕེབས་སྐབས། ང་རང་ཐའེ་ལན་ཌིའི་ (FCCT) གསར་ཁང་གི་གསར་འགོད་པ་ཡིན། སྐབས་དེར། ནོ་བྷེལ་ཞི་བདེ་གཟེངས་རྟགས་ཞལ་བཞེས་གནང་མཁན་ ༨ ཐའེ་ལན་ནང་ཕེབས་ཏེ། ཨང་སན་སུ་སྐྱིད་ཀློད་གྲོལ་ཡོང་བའི་འབོད་སྐུལ་ཞུས་པ་དང་། དེ་དུས་ཨང་སན་སུ་སྐྱིད་འབར་མའི་ཡན་གྷོན་ (Yangon) གྲོང་ཁྱེར་ནང་དམག་གཞུང་གིས་བཟང་བཙོན་དུ་བཅུག་ཡོད་པ་རེད།

སྐབས་དེར་ཨང་སན་སུ་སྐྱིད་ཀྱིས་འཚེ་མེད་ཞི་བའི་ལམ་ནས་འབར་མའི་ཆབ་སྲིད་ལ་བཅོས་བསྒྱུར་དང་དམངས་གཙོའི་ལམ་ལུགས་ལ་རྒྱབ་སྐྱོར་གནང་གི་ཡོད་པ་རེད། ༡༩༩༡ ལོར་ཁོང་མོ་བཙོན་ཁང་ནང་ཡོད་དུས་ཁོང་མོར་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཕུལ་བ་རེད། དེར་བརྟེན། འཛམ་གླིང་ཡུལ་ལུང་གང་སར་ཁོང་མོ་ཀློད་གྲོལ་ཡོང་ཐབས་སུ་ཞི་བའི་ལས་འགུལ་གྱི་འདུ་འཛོམས་བྱུང་བ་རེད།

སྐབས་དེའི་འབར་མའི་དམག་གཞུང་གིས་ལྕམ་ཨང་སན་སུ་སྐྱིད་ཀློད་གྲོལ་དགོས་པའི་རྒྱ་ཆེའི་མི་མང་གི་འབོད་སྐུལ་ལ་གནོན་ཤུགས་སྤྲོད་ཆེད་ཞི་བའི་ལས་འགུལ་དེ་དག་ལ་ཁྲལ་དགོད་བྱས་ཡོད་པ་རེད།

དམག་སྤྱི་ཆེན་མོ་ཀ་ཧེན་ནེན་ཊི་ (Khin Nyunt) ཡི་དབང་སྒྱུར་འོག་གི་འབར་མའི་གཞུང་གི་དྲིལ་བསྒྲགས་ཀྱི་ལག་ཆ་གཙོ་བོ། ཏཱ་ལའི་བླ་མ་མཆོག་ནི་ཁ་བྲལ་རིང་ལུགས་པ་ཞིག་ཏུ་དྲིལ་བསྒྲགས་བྱེད་པའི་གོ་སྐབས་ཇེ་ཆེར་བཏང་བ་དེ་རེད། རྒྱུ་མཚན་ནི། དམག་སྤྱི་ཁོ་རང་བོད་རང་བཙན་ལ་འདོད་པ་མེད་པ་དང་། ཁོ་དང་ཁོའི་འབྲེལ་ཡོད་དཔོན་རིགས་ཚང་མ་རྒྱ་ནག་གི་ཕྱོགས་སུ་ལངས་ཏེ་རྒྱལ་སྤྱིའི་ཆབ་སྲིད་ལ་ཁ་གཏད་གཅོག་གི་ཡོད་པ་རེད།

སྐབས་དེར་ཐའེ་ལན་ཌིའི་ནང་། ནོ་བྷེལ་ཞི་བདེ་གཟེངས་རྟགས་ཞལ་བཞེས་གནང་མཁན་བརྒྱད་ཀྱི་གྲས་ནས་ཏཱ་ལའི་བླ་མ་མཆོག་ཀྱང་ཕྱི་འབྲེལ་དཀའ་རྙོག་ནང་ཚུད་པ་རེད། ཏཱ་ལའི་བླ་མ་མཆོག་ཐའེ་ལན་ཌིའི་ནང་ཕེབས་པར་བརྟེན་ཏེ། རྒྱ་ནག་གིས་ཐའེ་ལན་གཞུང་ལ་ཐེངས་གཉིས་ལ་ངོ་རྒོལ་བྱས་པ་དང་། སྐབས་དེར་ཐའེ་ལན་ཌིའི་ (FCCT) གསར་ཁང་ཡང་དཀའ་ཁག་ལ་ཐུག་པ་དང་། རྒྱ་ནག་གཞུང་ཚབ་ཁང་གིས་ང་ཚོའི་གསར་ཁང་ནང་ཡོད་པའི་ཏཱ་ལའི་བླ་མའི་སྐུ་པར་རྙིང་པ་དེ་མར་ལེན་དགོས་ལུགས་བཤད་ཅིང་། ཁོང་གི་སྐུ་པར་དེ་རྩིག་ངོས་ཀྱི་མཆོད་སྟེགས་དེའི་ཐོག་བཤམས་ནས་ལོ་གཅིག་ལྷག་ཕྱིན་ཡོད་པ་རེད།

ང་ཚོས་རྒྱ་ནག་གི་སྐུ་ཚབ་ཚོར། སྐུ་པར་དེ་ནི་ཐའེ་ལན་ཌིའི་ (FCCT) གསར་ཁང་གིས་བླངས་པ་དང་། ང་ཚོས་སྐུ་པར་དེ་རྩིག་ངོས་རྒྱན་བྱེད་དུ་བཤམས་པ་དང་། སྐུ་པར་དེ་བཤམ་དོན་ནི་གསར་ཁང་གི་མོས་འདུན་ལྟར་བཤམས་པ་མ་གཏོགས། བོད་དོན་ལ་རྒྱབ་སྐྱོར་མཚོན་བྱེད་དུ་བཤམས་པ་མིན་ཞེས་འགྲེལ་བཤད་བྱས་པ་ཡིན།

སྐབས་དེར་ངས། གལ་ཏེ་རྒྱ་ནག་གི་དབུ་ཁྲིད་ཏིན་ཞོ་ཕིན་ང་ཚོའི་ (FCCT) གསར་ཁང་དུ་ཕེབས་ཚེ། ང་ཚོས་ཁོང་དང་མཉམ་དུ་པར་བསྒྲོན་ཏེ་རྩིག་ངོས་སུ་བཤམ་ངེས་ཡིན་ཞེས་བཤད་པ་ཡིན། རྒྱ་ནག་གཞུང་ཚབ་ཁང་གི་དཔོན་རིགས་ཚོས་ངའི་འགྲེལ་བཤད་དེར་དགའ་བོ་བྱུང་མ་སོང་མོད། གང་ལྟར་ངོ་རྒོལ་བྱེད་པ་མཚམས་བཞག་སོང་།

སྐབས་དེའི་བྱེད་སྒོའི་ཐོག་ཚོགས་ཁང་ནང་མི་མང་གིས་ཁེངས་ཡོད་སར། ངས་ཏཱ་ལའི་བླ་མ་མཆོག་ལ་ལྕམ་ཨང་སན་སུ་སྐྱིད་ཀྱི་པར་སྒྲོམ་ཞིག་ཕུལ་བ་ཡིན་མོད། འོན་ཀྱང་། ངས་ཁོང་ལ་པར་སྒྲོམ་དེ་འབུལ་དོན་ནི། ཁོང་གོས་ ༡༩༨༤ ལོར་ཁོང་འབར་མའི་ནང་སྐྱབས་བཅོལ་ཞུ་འདོད་བྱུང་སྐོར་གསུངས་པ་དེ་དྲན་གསོའི་ཆེད་མིན།

ཐའེ་ལན་ཌིའི་ (FCCT) གསར་ཁང་ནང་ཕེབས་པའི་བྱེད་སྒོ་དང་། ༡༩༥༩ ལོའི་རྗེས་ཀྱི་འབར་མིའི་ཆབ་སྲིད་འགྱུར་ལྡོག་ལ་བལྟས་ཚེ། ངས་ནི། ཏཱ་ལའི་བླ་མཆོག་གིས་འབར་མའི་གྲོང་རྡལ་པུ་ཊོ་ལས་རྒྱ་གར་གྱི་གྲོང་རྡལ་མེག་གྷན་སྐྱབས་གནས་སུ་འདམ་ག་གནང་བ་དེ་ལ་ཧ་ཅང་ཐུགས་འགྲིག་ཡོད་པ་ཞིག་ཏུ་མཐོང་གི་འདུག

ཡིན་ནའང་གལ་ཏེ་ཁོང་དེ་རིང་འབར་མའི་ནང་བཞུགས་པའི་དབང་དུ་བཏང་ན། ཁོང་གི་སྤྱི་ཚོགས་འཆམ་མཐུན་སྐོར་གྱི་གསུང་འཕྲིན་ལ་བརྟེན་ཏེ། ད་ལྟ་འབར་མའི་ནང་པའི་ཚོགས་སྡེ་ཁག་གིས་ཁ་ཆེ་གྲངས་ཉུང་མི་རིགས་ལ་འཇིགས་སྐུལ་གཏོང་བཞིན་པའི་གནས་སྟངས་དེ་གང་འདྲ་ཞིག་ཆགས་ཡོད་མེད་སུས་ཀྱང་རྟོགས་ཐབས་མེད་པ་ཞིག་རེད་སྙམ།

མ་རྩོམ་འབྲེལ་ཐག http://www.atimes.com/article/dalai-lama-prefer-exile-myanmar-india/

བསྐྱར་བཅོས།: ༢༠༡༧/༠༧/༡༨

Leave a Reply

3 thoughts on “༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་གར་ལས་འབར་མར་སྐྱབས་བཅོལ་ཞུ་རྒྱུ་འདམ་ག་གནང་མྱོང་ངམ།

  1. གཞུང་པ་ཚེ་དབང་བསོད་ནམས་

    བོད་ཀྱི་ལས་དབང་དུ་བསྐོས་པའི་ཆབ་སྲིད་དང་འབྲེལ་བའི་གལ་ཆེའི་གནད་དོན་ཡོངས་རྫོགས་སྤྱི་ཚོགས་གསར་ཤོག་སྟེང་འགོད་རྒྱུ་དེ་དག་
    མ་འོང་ཁ་ཕྱོགས་གང་དུ་འགྲོ་ཚོད་དཔའ་དཀའ་བའི་གནད་དོན་ཞིག་མ་རེད་དམ་?

  2. བོད་ཀྱི་དུས་བབ་ཚང་གིས་རྩོམ་ཡིག་གལ་ཆེན་འདི་དག་བོད་ཡིག་ཏུ་བསྒྱུར་བར་བསྔགས་བརྗོད་ཞུ།