ལིའུ་ཞོའོ་པོ་དེང་རྒྱ་ནག་གི་མིག་དཔེར་འགྱུར་དགོས་དོན་ཅི།

ཀ་རི་ཝང་(Cary Huang)གིས་བྲིས།
སྐལ་ལྡན་གྱིས་བསྒྱུར།

ལིའུ་ཞའོ་པོ་སྐུ་གསོན་པོར་བཞུགས་སྐབས་མི་དམངས་ཀྱི་རང་དབང་དོན་དུ་སྐུ་ཉིད་ཀྱི་རང་དབང་བློས་གཏོང་གནང་ཡོད་པ་དང་། ཁོང་གཤེགས་རྗེས་རྒྱལ་ཁབ་ལ་རང་དབང་དང་། འདྲ་མཉམ། བྱམས་བརྩེ་བཅས་ཇེ་བཟང་དུ་འགྲོ་བར་མངོན་པར་ཞེན་པའི་མི་རྣམས་ཀྱི་དན་རྟགས་སུ་གྱུར་ཡོད།

ལིའུ་ཡི་སྐུ་ཚེའི་རིང་སྐུ་ཉིད་ཀྱི་རང་དབང་ལ་ཇི་མི་སྙམ་པར། འཛམ་གླིང་འདིའི་ཆེས་མི་འབོར་ཆེ་བའི་རྒྱལ་ཁབ་ཀྱི་འགྲོ་བ་མིའི་རང་དབང་དོན་དུ་བློས་གཏོང་གནང་བར་བརྟེན། ཁོང་དམར་པོའི་མགོ་ཁྲིད་རྣམས་ཀྱི་མིག་ནང་གི་ཚེར་མར་གྱུར་བ་རེད།

ཁོང་སྐུ་གཤེགས་པའི་རྗེས་སྐུ་ལུས་ལ་རང་དབང་ཐོབ་ཡོད་ཀྱང་། རྣམ་ཤེས་བདེ་མོར་བཞུགས་ཁོམ་ཞིག་ག་ལ་ཡོད། གང་ལགས་ཤེ་ན། ཁོང་རང་དབང་དང་དམངས་གཙོའི་ཆེད་འཐབ་རྩོད་བྱེད་པའི་རྒྱ་མི་རིགས་ཀྱི་དན་རྟགས་སུ་གྱུར་ཡོད་ལ། དབང་སྒྱུར་དཔོན་རིགས་ཚོའི་མགོ་བོར་ན་ཟུག་ཇེ་ཆེར་གཏོང་བའི་གཞི་རུ་གྱུར་ཡོད་པས་ཡིན།

རྒྱ་ནག་སྲིད་གཞུང་གི་ཆེས་སྙན་གྲགས་ཆེ་བའི་ཕྱོགས་འགལ་བ་དང་ཆབ་སྲིད་བཙོན་པ་ལིའུ་ཡིས། ཐུགས་འདུན་དེའི་ཆེད་སྐུ་ཉིད་ཀྱི་རོགས་ཟླ་དང་མི་རབས་གོང་མ་རྣམས་ལས་ཆེས་གཟེངས་སུ་ཐོན་པའི་འཐབ་རྩོད་གནང་ཡོད་པ་མ་ཟད། ཕྱི་ལོ་ ༡༩༡༡ ལོའི་ཟླ་ ༥ ཚེས་ ༤ ཉིན་གྱི་ལས་འགུལ་རྗེས། གཟེངས་སུ་ཐོན་པའི་ཕྱག་རྗེས་འཇོག་གནང་མཛད་མཁན་གཅིག་པོ་དེ་ཡིན་པར་བརྟེན། ཉེ་རབས་རྒྱ་ནག་གི་ལོ་རྒྱུས་ཁྲོད་ཁོང་ལ་འབུར་དུ་ཐོན་པའི་པའི་གདན་ཐོབ་ཅིག་འཐོབ་ངེས་ཡིན།

ལིའུ་ཡི་ནོར་འཁྲུལ་ནི་ཆབ་སྲིད་བཅོས་སྒྱུར་གཏོང་བའི་རྩ་འཛིན་ཡིག་ཆ་(༢༠༠༨ རྩ་འཛིན།)འགྲེམས་སྤེལ་གནང་བ་དེ་ཡིན། རྩ་འཛིན་ཡིག་ཆ་དེ་བཞིན་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་ནང་གསལ་བའི་རྩ་དོན་དེ། སྲིད་གཞུང་གིས་ལག་ལེན་དོན་འཁྱོལ་ཡོང་བའི་འབོད་སྐུལ་བྱས་པ་ཙམ་ཡིན།

ཁོང་གིས་ “ང་ལ་སྡང་སེམས་མེད་ལ་དགྲ་བོ་ཡང་མེད།” ཅེས་གསུངས་པ་བཞིན། ཁོང་གི་བྱ་སྤྱོད་ཀྱིས་དེ་སྔོན་རྒྱ་ནག་སྲིད་གཞུང་གི་སྲིད་བློན་ཟུར་པ་ཝུན་ཅཱ་པོ་ལྟ་བུ། བཅོས་སྒྱུར་གྱི་བསམ་པ་ཡོད་པའི་དམར་ཤོག་གི་དཔོན་རིགས་ཁྲོད་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་པ་འདྲ་སྟེ། ཝུན་ཅཱ་པོ་ཕྱི་ལོ་ ༢༠༡༣ ལོར་ལས་ཡུན་མ་རྫོགས་གོང་། དམངས་གཙོའི་བཅོས་སྒྱུར་དགོས་ལུགས་ཀྱི་གཏམ་བཤད་ཐེངས་དྲུག་ཙམ་བྱས་ཡོད། དེ་མཚུངས་རྒྱ་ནག་གི་དབང་འཛིན་པ་ཚོས་ལིའུ་ཉེས་ཅན་པར་བརྩི་བའི་ནོར་འཁྲུལ་གྱིས་ཁ་བསྐྱེངས་ཏེ། དོན་དངོས་ཐོག་ལིའུ་ལ་སྨན་བཅོས་ཀྱི་མཐུན་རྐྱེན་བཟང་ཤོས་དེ་སྤྲོད་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད། མཐུན་རྐྱེན་དེ་བཞིན་དཔོན་རིགས་རྒན་གྲས་ལ་མ་གཏོགས་མེད་པ་དང་། ཁོ་ཚོར་རྒྱལ་སྤྱིའི་སེམས་ཚོར་དང་བསམ་ཚུལ་ལ་དོ་ཁུར་ཆེན་པོ་ཡོད་ལུགས་ཀྱང་བཤད་ཡོད་པ་རེད།

ཤེས་ཡོན་གཞུང་ལུགས་སྨྲ་བ་ཚོས་རྒྱ་ནག་གི་དཔལ་འབྱོར་ཡག་ཐོག་ཡག་བརྩེགས་སུ་མདུན་སྐྱོད་བྱེད་དགོས་ན། དམངས་གཙོའི་བཅོས་སྒྱུར་གཏོང་རྒྱུ་གལ་ཆེ་བ་གསལ་པོར་ཤེས་ཀྱི་ཡོད། ཐེ་ཝན་གླིང་ཕྲན་བརྩིས་པའི་ད་ཡོད་འཛམ་གླིང་གི་འབྱོར་བ་ཆེ་ཤོས་ཀྱི་རྒྱལ་ཁབ་ ༣༥ སོགས། ལོ་རྒྱུས་ཀྱི་རྒྱབ་ལྗོངས་ནས་ཀྱང་དམངས་གཙོའི་ལམ་སྲོལ་ཇི་ཙམ་བཟང་བ་དེ་ཙམ་གྱིས་དཔལ་འབྱོར་ཡར་ཐོན་ཅན་དུ་གྱུར་བ་ར་སྤྲོད་བྱས་ཡོད།

ལིའུ་ཞའོ་པོ་སྐུ་གཤེགས་དུས་ཁོང་རྒྱལ་ཁབ་ཀྱི་མི་ཚང་མས་ངོས་འཛིན་ཞུ་བའི་དཔའ་རྒོད་ཅིག་མིན་ལ། མི་མང་པོས་ཁོང་གི་མཚན་ཡང་གསལ་ཁ་དོད་པ་ཞིག་གོ་ག་ལ་ཡོད། འོན་ཀྱང་འབྱུང་འགྱུར་རྒྱ་ནག་གི་མི་རབས་གསར་པར་རང་དབང་ཐོབ་པའི་དུས་དེར་ཁོང་ལ་དྲན་གསོ་ཞུ་ངེས་ཡིན།

ཁོང་ལ་དྲན་གསོ་ཞུ་དགོས་པའི་རྒྱུ་མཚན་མང་དག་ཅིག་ཡོད་དེ། རྒྱ་ནག་གི་མི་སེར་ཁྲོད་རྒྱ་ནག་རང་དུ་གནས་སྡོད་བྱེད་རིང་ནོ་བྷེལ་གཟེངས་རྟགས་གང་རུང་ཞིག་ཐོབ་པ་ཐོག་མ་དེ་ཁོང་ཡིན་ལ། རྒྱའི་མི་སེར་ཞིག་ལ་སྙན་གྲགས་ཆེ་བའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་ཐོག་མའང་ཁོང་ཡིན། ནོ་བྷེལ་གཟེངས་རྟགས་ཐོབ་ཀྱང་བཙོན་ཁང་དུ་ལུས་ཏེ་གཟེངས་རྟགས་ཀྱི་མཛད་སྒོར་བཅར་མ་ཐུབ་པའི་བཙོན་པ་གཉིས་པ་དེ་ཁོང་ཡིན་ལ། དེ་བས་ཀྱང་ནོ་བྷེལ་གཟེངས་རྟགས་བཞེས་མཁན་གཞན་དང་མི་འདྲ་བར། ཇར་མན་གྱི་ནོ་བྷེལ་གཟེངས་རྟགས་བཞེས་མཁན་ཀལ་ཝོན་(Carl von Ossietzky)གྱི་རྗེས་གཟེངས་རྟགས་བཞེས་མཁན་ཞིག་བཙོན་ཁང་དུ་འདས་གྲོངས་སུ་ཕྱིན་པ་ཐོག་མ་དེ་ཡང་ཁོང་ཡིན།

ལིའུ་ཡི་ཤུགས་རྐྱེན་དེ་རྒྱ་ནག་གི་ས་མཚམས་ལས་འགལ་ཏེ། ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་ཁྱིམ་ཚང་ཆེན་མོའི་ཆེས་ཕུལ་བྱུང་གི་མི་སྣར་འགྱུར་རྒྱུ་གདོན་མི་ཟ་བ་ཞིག་ཆགས་ཡོད།

ལིའུ་ཞོ་པོ་རྒྱ་ནག་གི་བཙོན་འོག་ནས་སྐུ་གྲོངས་བར་ཧོང་ཀོང་ནང་མྱ་ངན་གྱི་མར་མེ་ཁྲོམ་སྐོར་གནང་འདུག

གཟེངས་རྟགས་དེ་བཞིན་ཕྱི་ལོ་ ༡༩༠༡ ལོ་ནས་ ༢༠༡༦ ལོའི་བར་ཐེངས་ ༩༧ རིང་། གང་ཟག་སྒེར་༡༠༤ དང་ཚོགས་པ་དང་འབྲེལ་ཡོད་ ༢༦ ཁྱོན་མི་གྲངས་ ༡༣༠ བསྩལ་ཡོད་པ་རེད། མཱ་ཊིན་ལུ་ཐར་ཀིང་(Martin Luther King Jr)དང་། ཨ་མ་ཊེ་རེ་སཱ་(Mother Teresa)ལྕམ་ཨན་སན་སུ་ཀི་(Aung San Suu Kyi) ནེལ་སན་མན་དྷེ་ལ་(Nelson Mandela)སོགས་རླབས་ཆེན་གྱི་སྐྱེ་བུ་དེ་དག་གི་མཛད་བཟང་ཕྱོགས་བཞིར་ཁྱབ་པ་བཞིན། ལིའུ་ཡི་བློས་གཏོང་དང་ཤུགས་རྐྱེན་གྱི་གཟི་འོད་ལོ་རྒྱུས་ཀྱི་དེབ་ཐེར་ནང་ལྷམ་མེར་འཁོད་ངེས་ཡིན།

རང་རྒྱལ་ཁབ་ཏུ་རང་དབང་དང་དྲང་བདེན། བྱམས་སེམས་ཇེ་ཆེར་སྤེལ་སླད་མི་ཚེ་ཧྲིལ་པོ་བློས་གཏོང་བྱེད་པའི་དཔའ་རྒོད་ཕོ་མོའི་དན་རྟགས་སུ། ལུའུ་ཞའོ་པོ་ཡི་མཚན་སྙན་མི་རབས་ནས་མི་རབས་དྲན་གསོ་ཞུ་ངེས་ཡིན་ལ། དེ་བས་ཀྱང་གལ་ཆེ་བ་ཞིག་ནི། འཛམ་གླིང་གི་མི་འབོར་ཆེ་བའི་རྒྱལ་ཁབ་དེར་ལིའུ་ལྟ་བུའི་ཆོད་སེམས་བརྟན་པའི་རླབས་ཆེན་གྱི་མིག་དཔེ་ཞིག་དགོས་ངེས་ཡིན་ལ། མིག་དཔེ་དེར་ཁོང་དེ་བས་འོས་ཤིང་འཚམ་པ་ཞིག་ཡིན།

མ་རྩོམ་འབྲེལ་ཐག http://www.scmp.com/comment/insight-opinion/article/2103062/why-liu-xiaobo-role-model-modern-china-sorely-needs

 

བསྐྱར་བཅོས།: ༢༠༡༧/༠༧/༢༠

Leave a Reply