གྷན་ནམ་སི་ཊིལ་གྱི་ལེའུ་མཇུག་རྫོགས།

འདས་པའི་ལོ་ལྔའི་རིང་འཛམ་གླིང་གི་གླུ་གཞས་གྲགས་ཆེན་དག་གི་ལྟ་གྲངས་འཕར་ཚད་ཁྲོད། ཨ་རིའི་གཞས་པ་ཝི་ཙི་ཁཱ་ལེ་ཧྥ་ཡི་གླུ་གཞས་ཁྱེད་དང་བསྐྱར་དུ་མཇལ་ཡོང་ཞེས་པ་དེས་ལྷོ་ཀོ་རི་ཡའི་གཞས་པ་ཕེ་སི་ཡི་གླུ་གཞས་འབྱོར་ལྡན་འགྲོ་ལུགས་གྱི་གོ་གནས་འཕྲོག་ཡོད་པ་རེད།

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༡༢ ལོའི་ཚུན་གྱི་ལོ་ངོ་ ༥ རིང་ལྷོ་ཀོ་རི་ཡའི་དེང་རབས་གླུ་གཞས་གྷན་ནམ་སི་ཊལ་ (Gangnam Style འབྱོར་ལྡན་འགྲོ་ལུགས།)ཞེས་པ་དེར་འཛམ་གླིང་གི་མི་རིགས་དང་སྐད་ཡིག་དབྱེར་མེད་ཀྱི་རྒན་དར་གཞོན་གསུམ་ཚང་མས་ཧ་ཅང་དགའ་མོས་བྱེད་ཡུལ་གྱི་གླུ་གཞས་ཤིག་ཆགས་ཏེ། བརྙན་མཛོད་ཡུ་ཊོབ་(Youtube)ནང་ལྟ་མཁན་མང་ཤོས་དེ་ཆགས་ཡོད་པ་མ་ཟད། གཞས་དེར་ལྟ་མཁན་གྱི་འཕར་ཚད་ཡུ་ཊོབ་མ་ལག་ལས་བརྒལ་ཡོད་སྟབས། ཡུ་ཊོབ་དྲ་རྒྱའི་མ་ལག་རྒྱ་སྐྱེད་གཏོང་དགོས་བྱུང་ཡོད་ཀྱང་། ཉིན་འདི་འགར་ཨ་རིའི་གཞས་པ་ཝི་ཙི་ཁཱ་ལི་ཧྥ་(Wiz Khalifa)དང་ཆཱ་ལིས་པཱོ་ཐི་(Charlie Puth)གཉིས་ཀྱིས་མཉམ་ལེན་བྱས་བའི་སི་ཡའུ་ཨཱ་གྷན་(See You Again ཁྱེད་དང་བསྐྱར་དུ་མཇལ་ཡོང་།)ཞེས་པར་ཡུ་ཊོབ་ནང་ལྟ་མཁན་གྷན་ནམ་སི་ཊལ་ལས་བརྒལ་ཡོད་འདུག

གྷན་ནམ་སི་ཊིལ་ལ་ལྟ་མཁན་ཐེར་འབུམ་གསུམ་མ་ཟིན་ཙམ་སྟེ་ ༢༨༩༤༤༢༦༤༧༥ བྱུང་ཡོད་ཀྱང་། ཁྱེད་དང་བསྐྱར་དུ་མཇལ་ཡོང་ཞེས་པ་དེར་ལྟ་མཁན་ ༢༨༩༥༣༧༣༧༠༩ བྱུང་སྟེ། གྷན་ནམ་སི་ཊིལ་ལས་ལྟ་མཁན་ ༩༤༧༢༣༤ ལས་མང་བ་ཆགས་ཏེ། ད་ལྟ་ཡུ་ཊོབ་ནང་གི་ལྟ་མཁན་མང་ཤོས་ཀྱི་གོ་གནས་དེ་བཟུང་ཡོད་པ་རེད། ཁྱེད་དང་བསྐྱར་དུ་མཇལ་ཡོང་ཞེས་པ་དེར་ལྟ་ཉན་བྱས་པའི་གྲངས་ཀ་དེ་ནི། མི་གཅིག་གིས་མུ་མཐུད་དུ་ཉན་པར་རྩིས་བརྒྱབ་ན་ལོ་ངོ་ ༢༡༧༥༩ རིང་ཉན་ཡོད་པ་དང་། དེ་ནི་ཕལ་ཆེར་མི་དེས་གདོད་མའི་འཁྱག་རོམ་དུས་སྐབས་ནས་ཉན་མགོ་བཙུགས་པ་ཞིག་ཡིན་དགོས། གཞས་པ་ཆཱ་ལིས་པཱོ་ཐི་ཡིས་ “ང་རང་ ༢༠༠༧ ལོར་ཐོག་མར་ཡུ་ཊོབ་ནང་འཛུལ་སྐབས་ངས་རང་གི་གཞས་ཤིག་ལ་ལྟ་གྲངས་ ༡༠༠༠༠ བྱུང་ན་ཅི་མ་རུང་བསམ་ཡོད་ཀྱང་། ད་ལྟ་ཁྱེད་དང་བསྐྱར་དུ་མཇལ་ཡོང་ཞེས་པའི་ལྟ་གྲངས་ལ་ང་རང་ཧ་སང་སོང་” ཞེས་བརྗོད་ཡོད།

གླུ་གཞས་དེ་ཧོ་ལི་ཝོ་ཌིའི་(Hollywood)གློག་བརྙན་གྲགས་ཅན་ཧྥ་རོ་སི་(Fast & Furious7)འཁྲབ་སྟོན་པ་སྐུ་ཞབས་པོལ་ཝོལ་ཁེར་(Paul Walker)ལགས་ཀྱི་རྗེས་དྲན་ཆེད་དུ་བཏང་བ་ཞིག་ཡིན་ཞིང་། པོལ་ཝོལ་ཁེར་ཧྥ་རོ་སི་གློག་བརྙན་ཕབ་སྐྲུན་སྐབས་རླངས་འཁོར་བརྡབ་སྐྱོན་བྱུང་ཁྲོད་འདས་གྲོངས་སུ་ཕྱིན་ཡོད་པ་དང་། གཞས་དེའི་ནང་ “གྲོགས་པོ་ཁྱེད་མེད་པའི་ཉི་མ་ཧ་ཅང་རིང་སྟབས། ནམ་ཞིག་ཁྱེད་དང་བསྐྱར་དུ་མཇལ་སྐབས། ངས་ཁྱེད་ལ་དེའི་སྐོར་བཤད་ཆོག་” ཅེས་བསྟན་ཡོད་འདུག

༢༠༡༥ ལོར་གཞས་དེར་ཚོང་རྒྱུག་ཆེ་ཤོས་ཀྱི་ཨོ་སི་ཁཱ་(Grammy, Oscars)གཟེངས་རྟགས་ཐོབ་ཡོད་པ་དང་། གཞས་དེའི་ནང་གློག་བརྙན་ཧྥ་རོ་སིའི་མཇུག་གི་དུམ་ཚན་ཞིག་བཀོད་ཡོད་པའི་ནང་། གློག་བརྙན་དེའི་འཁྲབ་སྟོན་པ་གཙོ་བོ་ཌཱོ་མི་ནི་ཁེ་(དངོས་མིང་ལ་Vin Diesel)དང་བྷི་རན་ཁོ་ནཱར་(དངོས་མིང་ལ་Cody Walker ཏེ། ཁོས་རང་ཉིད་ཀྱི་ཕུ་བོ་པོལ་ཝོལ་ཁེར་གྱི་ཚབ་དུ་གློག་བརྙན་འཁྲབ་བཞིན་ཡོད།) གཉིས་ཀྱིས་ཕན་ཚུན་ལ་འཛུམ་མདངས་སྟོན་བཞིན་ལམ་ཁ་གཉིས་སུ་ཁ་གྱེས་ཏེ། ནུབ་ཁའི་མཚམས་སྤྲིན་ཕྱོགས་སུ་སྐྱོད་ཡོད་པ་དང་། སྐབས་དེར་གཞས་འདི་པོལ་ཡི་ཆེད་དུ་ཞེས་མཇུག་བསྡུས་ཡོད་འདུག

གླུ་གཞས་དེར་ཟླ་བ་ ༦ གི་ནང་ལྟ་གྲངས་ཐེར་འབུམ་ ༡ བྱུང་ཡོད་པ་དང་། ན་ནིང་ཕྱི་ཟླ་ ༩ པའི་ནང་ལྟ་གྲངས་ཐེར་འབུམ་ ༢ ཟིན་ཡོད་ཀྱང་། སྐབས་དེར་པོར་ཊོ་རི་ཁའི་(Puerto Rican)གཞས་བ་ལོ་བི་སི་ཧྥོ་སི་(Luis Fonsi)ལགས་ཀྱིས་བཏང་བའི་ཌི་སི་པེད་ཁེ་ཊོ་(Despacito)ཞེས་བར་ལྟ་གྲངས་ཐེར་འབུམ་  ༢་༥ ཆགས་ཏེ། ཁྱེད་དང་བསྐྱར་དུ་མཇལ་ཡོང་ཞེས་པ་ལྟ་གྲངས་མང་ཤོས་ཆགས་ཐུབ་མེད། འདི་ལོའི་ལོ་མགོ་ནས་ཁྱེད་དང་བསྐྱར་དུ་མཇལ་ཡོང་ལ་ལྟ་གྲངས་འཕར་ཏེ་ད་ལྟ་གླུ་གཞས་དེར་ཡུ་ཊོབ་ནང་ལྟ་གྲངས་ ༢༩༡༣༡༢༦༡༧༥ ཟིན་ཡོད་པ་རེད།

ད་ལྟ་ཡུ་ཊོབ་ནང་གཞས་རྩེ་ཕུད་ ༥༠ ཡོད་པ་ལས་ ༤༧ སྐད་གྲགས་ཆེན་པོ་ཆགས་ཡོད་སྟབས། གཞས་དེ་དག་ཉི་མ་རེ་རེ་བཞིན་འགྲན་རྩོད་ཀྱི་ངོ་བོར་ལྟ་གྲངས་འཕར་བཞིན་ཡོད། དྲ་རྒྱའི་བརྒྱུད་ལམ་ཉམས་ཞིབ་བྱས་བ་ལྟར་ན། ཡུ་ཊོབ་གི་གཞས་ཤིག་ལ་ཐེངས་གཅིག་བལྟས་བ་ཡིན་ན། དེས་གཞས་དེའི་བདག་པོར་ཨ་སྒོར་ ༠་༠༠༡ ཡོང་འབབ་བསྐྲུན་གྱི་ཡོད་སྟབས། ཁྱེད་དང་བསྐྱར་དུ་མཇལ་ཡོང་ཞེས་བ་དེས་ད་བར་ཡུ་ཊོབ་ནང་ཨ་སྒོར་ས་ཡ་ ༢་༩ བསགས་ཡོད་པ་དང་། དེ་བཞིན། གཞས་དེར་ཕྱིའི་རྒྱལ་ཁབ་ཁག་ཏུ་དར་སྲོལ་ཆེ་བའི་རོལ་དབྱངས་ཉན་ས་སི་པོ་ཊའི་ཧྥི་(Spotify)ནང་ལྟ་གྲངས་ས་ཡ་ ༦༦༥ ཆགས་ཏེ་ཡོང་འབབ་གོང་གི་ཡུ་ཊོབ་དང་གཅིག་པ་ཆགས་ཡོད་འདུག

ཁྱེད་དང་བསྐྱར་དུ་མཇལ་ཡོང་ཞེས་བའི་གཞས་དེ་ལེན་མཁན་བི་ཙི་ཁཱ་ལི་ཧྥ་(Wiz Khalifa)དང་གཞས་པ་ཆཱ་ལིས་པཱོ་ཐི་(Charlie Puth)གཉིས་ཨ་རིའི་ནང་གི་རོལ་དབྱངས་རྩོམ་པ་པོ་གཞས་མ་གཏམ་ལེན་མཁན་གཉིས་ཡིན། བི་ཙི་ཁཱ་ལི་ཧྥ་ནི་ཨ་རིའི་གྲོང་ཁྱེར་(Minot, North Dakota)ཞེས་པའི་ནང་ ༡༩༨༧ ལོར་སྐྱེས་ཤིང་། ཁོ་བོའི་ཕ་མ་ནི་ཨ་རིའི་དམག་མི་ཞིག་ཡིན་པ་དང་། ཁཱ་ལི་ཧྥ་ལོ་ན་ ༣ ཡིན་སྐབས་ཕ་མ་གཉིས་ལོགས་ཀ་ཆགས་ཏེ། ཁོ་རང་ཆུང་དུས་འཇར་མན་དང་དབྱིན་ཡུལ། ཉི་ཧོང་སོགས་སུ་འཚོ་བ་རོལ་ཡོད་འདུག ཕྱིས་སུ་ཁོ་རང་ཨ་རིའི་གྲོང་ཁྱེར་པེ་ཊིས་བྷ་གྷི་(Pittsburgh)ནང་གནས་སྤོ་བྱས་ཏེ་སློབ་མཐར་ཕྱིན་ཡོད་པ་དང་། ཁཱ་ལི་ཧྥ་ལོ་ ༡༦ ཡིན་སྐབས་ཨ་རིའི་རོལ་དབྱངས་ཚོགས་པ་(Rostrum Records)ཞེས་བའི་འགན་འཛིན་བྷེན་ཇི་གྷིར་བྷར་(Benjy Grinberg)ལགས་ཀྱིས་གསོ་སྐྱོང་འོག་གླུ་གཞས་གཏོང་ལེན་གྱི་ལམ་དུ་ཞུགས་ཡོད་པ་དང་། རིམ་བཞིན་ཁོ་རང་ཨ་རིའི་ནང་གི་གཞས་པ་གྲགས་ཅན་ཞིག་ཆགས་ཏེ་རྒྱལ་སྤྱི་རང་བཞིན་གྱི་གཟེངས་རྟགས་མང་པོ་ཐོབ་ཡོད་འདུག

ཆཱ་ལིས་པཱོ་ཐི་ནི་ཕྱི་ལོ་ ༡༩༩༡ ལོར་ཨ་རིའི་ནེའུ་ཇར་སིའི་རོམ་སོན་(Rumson)གྲོང་ཁྱེར་སྐྱེས་ཤིང་། ཁོ་བོའི་ཨ་མ་ནི་རོལ་དབྱངས་མཁས་པ་ཞིག་ཡིན་སྟབས། ཁོ་ལ་ཆུང་དུས་ནས་ཨ་མས་རོལ་དབྱངས་བསླབས་ཏེ། རོལ་དབྱངས་སྒྱུ་རྩལ་ཐོག་བྱང་གོམས་གང་འཚམ་ཡོད་ཀྱང་ ༢༠༡༥ ལོའི་སྔོན་ལ་སྐད་གྲགས་དེ་ཙམ་མེད་ཀྱང་། ༢༠༡༥ ལོར་ཁྱེད་རང་བསྐྱར་དུ་མཇལ་ཡོང་བཏང་རྗེས་སྐད་གྲགས་ཆེན་པོ་ཆགས་ཡོད།

ལྷོ་ཀོ་རི་ཡའི་གྷན་ནམ་སི་ཊིལ་ལེན་མཁན་ཕཱར་ཁི་ཇའི་སིན་(Park Jae-sang)ལགས་ནི། ཕྱི་ལོ་ ༡༩༧༧ ལོར་ལྷོ་ཀོ་རི་ཡའི་གྷ་ནམ་(Gangnam)མངའ་ཁུལ་དུ་སྐྱེས་ཤིང་། ཁོ་བོ་ནི་དབྱངས་རྩོམ་མཁན་དང་གཞས་མ་གཏམ་ལེན་མཁན་ཞིག་ཡིན་འདུག ཁོ་རང་གིས་དེ་སྔ་དགོད་བྲོ་བོ་དང་ཆགས་སྲེད་སྐོར་གྱི་གླུ་གཞས་མང་པོ་བཏང་ཡོད་སྟབས། མི་ཚང་མས་ཁོ་ལ་ཕེ་སི་(PSY)ཚོར་སྣང་ཁྱད་མཚར་ཅན་ཞེས་འབོད་ཀྱི་ཡོད་འདུག ཁོ་བོ་ཁྱིམ་ཚང་འབྱོར་ལྡན་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་སློབ་གྲྭ་རྩེ་ཕུད་མང་པོར་བཏང་ཡོད་ཀྱང་སློབ་སྤྱོང་ཡག་པོ་མི་བྱེད་པར་དུས་རྒྱུན་སློབ་གྲོགས་ཚོར་དགོད་ཁ་སློང་བ་དང་ལོ་ཚོད་ལས་བརྒལ་བའི་བྱ་སྤྱོད་སྤེལ་ཏེ་ཉི་མ་བསྐྱལ་ཡོད་འདུག རྗེས་ལ་ཕ་མ་གཉིས་ཀྱིས་ཨ་རིར་སློབ་སྤྱོང་དུ་བཏང་ཡང་ཨ་རིའི་རོལ་དབྱངས་འཁྲབ་གཞས་(Pop)ལ་སེམས་ཤོར་ཏེ། ཕ་མ་གཉིས་ཀྱི་རེ་བ་ཡལ་བར་དོར་ཏེ་ཨ་རིའི་བྷེར་ཁུ་ལུ་(Berklee)རོལ་དབྱངས་གཙུག་ལག་སློབ་གྲྭར་ཞུགས་ཏེ་རོལ་དབྱངས་སྦྱངས་ཡོད་འདུག འོན་ཀྱང་། ཁོ་རང་གིས་ཕྱོགས་གང་ཅིའི་ཐད་སློབ་སྦྱོང་གི་གྲུབ་འབྲས་ཡག་པོ་ལེན་ཐུབ་མེད་པ་མ་ཟད། ཨ་རིའི་གཙུག་ལག་སློབ་གྲྭ་གཅིག་ནས་ཀྱང་མཐར་ཕྱིན་ལག་ཁྱེར་ལེན་མ་ཐུབ་པར་ཕྱིར་ཀོ་རེ་ཡར་ལོག་དགོས་བྱུང་ཡོད་འདུག

་སི་ཡི་གླུ་གཞས་སྐད་གྲགས་ཆེ་ཤོས་གྷན་ནམ་སི་ཊིལ་གྱི་ནང་དོན་ནི། གྷན་ནམ་ཞེས་བ་ནི་ལྷོ་ཀོ་རེ་ཡའི་འབྱོར་ལྡན་པ་དག་སྡོད་སའི་མངའ་སྡེ་ཞིག་ཡིན་པ་དང་། ཉིན་དཀར་གྷན་ནམ་ནི་ཡ་རབས་བཟང་སྤྱོད་དང་གཤིས་འཇམ་བག་ཡོད་དང་ལྡན་ཞིང་། ས་རུབ་པ་དང་མཉམ་དུ་ར་བཟི་སྟེ་སྨྱོ་སྤྱོད་ཆེ་བའི་བུ་མོ་ཚོ་དང་འདྲ་བོ་ཡོད་པ་བསྟན་ཡོད་འདུག ཉིན་དཀར་གཤིས་འཇམ་དང་བག་ཡོད་ལྡན་པའི་བུ་མོ་ཚོས་ཚིགས་ཇ་(ཁའོ་ཧྥི)ཞིམ་པོ་ཕོར་བ་གང་དེ་ལྷོད་ཀྱིས་རོལ་བ་དང་། མུན་པ་རུབ་ལ་ཉེ་བ་དང་བསྟུན་ཏེ་བུ་མོ་དེ་དག་གི་སྙིང་ཆུང་ཚ་རུ་ཚ་རུ་འབར་བཞིན་ཡོད་པ། ཕེ་སི་ཁོ་རང་བུ་མོ་དེ་དག་གིས་དགའ་མོས་ཆེན་པོ་བྱེད་པའི་ཕོ་གསར་དེ་ཡིན་སྟབས། དྲོད་ལྡན་བུ་མོའི་གཅེར་གཟུགས་ལུས་པོར་སྐྲ་ལོ་རིང་པོ་ཐུར་དུ་འཕྱང་། ཤེས་འཇོན་གཉིས་ལྡན་སྐྱེས་པ་ང་ནི་བུ་མོ་ཆགས་ཉམས་ཅན་མ་ཁྱེད་ཀྱི་ཚེ་གང་འགྲོག་ཡ་ཡིན་ཞེས་བསྟན་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༠༧/༢༡

Leave a Reply

One thought on “གྷན་ནམ་སི་ཊིལ་གྱི་ལེའུ་མཇུག་རྫོགས།

  1. ཚེ་རིང་སྒྲོལ་དཀར།

    (གན་ནམ་སེ་ཌེལ་བོད་ཡིག་ཏུ་བསྒྱུར།)
    ཕུ་བོ་ལགས་ནི་འབྱོར་ལྡན་འགྲོ་ལུགས་རེད།
    འབྱོར་ལྡན་འགྲོ་ལུགས།
    དྲོད་ལྡན་བུ་མོ་དེ་ནི་ཉིན་མོ་མི་ཡི་རང་གཤིས་ཀྱིས།
    ཉམས་ལྡན་བུ་མོ་དེ་ཡིས་རང་དབང་ངང་ནས་ཚིགས་ཇ་ཞིམ་པོར་རོལ་ལ་མཁས།
    སྙིང་ཆུང་འཕར་བའི་བུ་མོ་དེ་ནི་མཚན་མོར་ཉེ་བཞིན་ཚ་རུ་ཚ་རུ་འབར།
    བུ་མོ་ཞིག་ལ་འཛོམས་པ་དེ་ཀ་ལེགས།
    ང་ནི་སྐྱེས་པ་ཕོ་ཞིག་ཡིན།
    བརྗིད་ལྡན་སྐྱེས་པ་ཕོ་དེ་ཉིན་མོ་ཁྱེད་བཞིན་རང་གཤིས་ཀྱིས།
    སྐྱེས་པ་ཕོ་དེ་སྔོན་ལ་ཚིགས་ཇ་ཧུབ་གང་བཏུང་ནས་ལྷོད་ལ་འབབ།
    སྐྱེས་པའི་སྙིང་རྩ་འབར་གས་འདར་བཞིན་མཚན་མོ་ཉེ་ལ་མངོན་པར་ཕྱོགས།
    སྐྱེས་པ་དེ་འདྲ་ཞིག་ལ།
    བརྩེ་འོས་སྙིང་དུ་སྡུག་པ།
    ཨེ། ཁྱེད་རང་ཡིན། ཨེ། ཁྱེད་རང་ཡིན།
    བརྩེ་འོས་སྙིང་དུ་སྡུག་པ།
    ཨེ། ཁྱེད་རང་ཡིན། ཨེ། ཁྱེད་རང་ཡིན།
    ད་ནི་མ་ཚར་བར་དུ་མཉམ་འགྲོགས་བྱེད།
    ཕུ་བོ་ལགས་ནི་འབྱོར་ལྡན་འགྲོ་ལུགས་རེད། འབྱོར་ལྡན་འགྲོ་ལུགས།
    ཕུ་བོ་ལགས་ནི་འབྱོར་ལྡན་འགྲོ་ལུགས་རེད། འབྱོར་ལྡན་འགྲོ་ལུགས།
    ཕུ་བོ་ལགས་ནི་འབྱོར་ལྡན་འགྲོ་ལུགས་རེད།
    ཨུ། ཆགས་ལྡན་སྲས་མོ། ཕུ་བོ་ལགས་ནི་འབྱོར་ལྡན་འགྲོ་ལུགས་རེད།
    ཨུ །ཆགས་ཉམས་ལྡན་མ།
    ཨོ་ཨོ་ཨོ་ཨོ དྲོད་ལྡན་བུ་མོ་དེ་ནི་བལྟས་ན་ཉམ་ཆུང་རྩེད་མོ་བརྩེ་དུས་རྩེ་ཕུད་མ།
    ཉམས་ལྡན་བུ་མོ་དེ་ཡིས་དུས་ཚོད་དམ་བཟུང་སྐྲ་ལོ་ཐུར་དུ་འཕྱང་ནས་དགོད།
    ཆགས་ལྡན་བུ་མོ་དེ་ཡིས་རང་ལུས་བཏུམ་ཡང་གཅེར་གཟུགས་ལས་ཀྱང་ཆགས་ཉམས་དོད་པས་ཐམས་ཅད་བཟི།
    རེག་བྱའི་ཚོར་སྣང་ཟབ་པའི་བུ་མོ་དེ།
    ང་ནི་སྐྱེས་པ་ཕོ་ཞིག་ཡིན།
    སྐྱེས་པ་ཕོ་ནི་ལྷོད་ལྷོད་འདྲ་ཡང་རྩེད་མོ་བརྩེ་དུས་རྩེད་རྒོད་ཡིན།
    སྐྱེས་པ་ཕོ་ནི་དུས་དང་ཁེལ་ན་སྨྱོ་འབོག་ཡ་མེད་ཁེར་རྒྱུག་ཡིན། སྐྱེས་པ་ཕོ་ལ་འབུར་ཐོན་བློ་རིགས་ཤ་རྒོད་འབུར་འབུར་ལས་ཀྱང་ལྷག
    དེ་འདྲའི་སྐྱེས་པ་ཕོ་དེ།
    བརྩེ་འོས་སྙིང་དུ་སྡུག་པ།
    ཨེ། ཁྱེད་རང་ཡིན། ཨེ། ཁྱེད་རང་ཡིན།
    བརྩེ་འོས་སྙིང་དུ་སྡུག་པ།
    ཨེ། ཁྱེད་རང་ཡིན། ཨེ། ཁྱེད་རང་ཡིན།
    ད་ནི་མ་ཚར་བར་དུ་མཉམ་འགྲོགས་བྱེད།
    ཕུ་བོ་ལགས་ནི་འབྱོར་ལྡན་འགྲོ་ལུགས་རེད། འབྱོར་ལྡན་འགྲོ་ལུགས།
    ཕུ་བོ་ལགས་ནི་འབྱོར་ལྡན་འགྲོ་ལུགས་རེད། འབྱོར་ལྡན་འགྲོ་ལུགས།
    ཕུ་བོ་ལགས་ནི་འབྱོར་ལྡན་འགྲོ་ལུགས་རེད།
    ཨུ །ཆགས་ལྡན་སྲས་མོ། ཕུ་བོ་ལགས་ནི་འབྱོར་ལྡན་འགྲོ་ལུགས་རེད།
    ཨུ །ཆགས་ལྡན་སྲས་མོ། ཨོ་ཨོ་ཨོ་ཨོ
    མུ་སྦྲེལ་ཕུལ་བྱུང་སྐྱེས་པ་ཕོ་ནི་འཕུར་ཤེས་ཕོ་ཡི་ཁྱད་ཆོས་ཡིན། སྙིང་སྡུག །སྙིང་སྡུག
    ང་ནི་སྐྱེས་པ་ཕོ་ལ་ཤེས་འཇོན་གཉིས་ཀ་ཚང་བ་ཡིན།
    མུ་སྦྲེལ་ཕུལ་བྱུང་སྐྱེས་པ་ཕོ་ནི་འཕུར་ཤེས་ཕོ་ཡི་ཁྱད་ཆོས་ཡིན། སྙིང་སྡུག །སྙིང་སྡུག
    ང་ནི་སྐྱེས་པ་ཕོ་ལ་ཤེས་འཇོན་གཉིས་ཀ་ཚང་བ་ཡིན།
    ང་ཡིས་གང་བཤད་ཁྱེད་ཀྱིས་ཤེས་སམ་ལགས།
    ཕུ་བོ་ལགས་ནི་འབྱོར་ལྡན་འགྲོ་ལུགས་རེད།
    ཨུ །ཆགས་ལྡན་སྲས་མོ། ཕུ་བོ་ལགས་ནི་འབྱོར་ལྡན་འགྲོ་ལུགས་རེད།
    ཨུ །ཆགས་ལྡན་སྲས་མོ། ཨོ་ཨོ་ཨོ་ཨོ།