རྒྱ་གར་གྱི་སྲིད་འཛིན་འོས་འདེམས་ཁྲོད་བྷེ་ཇེ་ཕེ་ཆབ་སྲིད་ཚོགས་པའི་སྐུ་ཞབས་ཀོ་ཝེན་ཌ་ལགས་སུ་རྒྱ་གར་གྱི་སྲིད་འཛིན་ ༡༤ པའི་སྲིད་འཛིན་རྒྱལ་ཁ་ཐོབ་ཡོད་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འཚམས་འདྲིའི་གསུང་འཕྲིན་བསྩལ་འདུག
སི་ཨིན་ཨིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལོའི་རྒྱ་གར་གྱི་གྲོས་ཚོགས་ནང་སྲིད་འཛིན་འོས་འདེམས་བྱས་པའི་ཁྲོད། རྒྱ་གར་གཞུང་འཛིན་བྷེ་ཇེ་ཕེ་ (BJP) ཆབ་སྲིད་ཚོགས་པའི་འོས་མི་སྐུ་ཞབས་ཀོ་ཝེན་ཌ་ (Ram Nath Kovind) ལགས་དང་། ཀོང་རེ་སི་ (Congress) ཆབ་སྲིད་ཚོགས་པའི་འོས་མི་ལྕམ་མཱེ་ར་ཁུ་མར་ (Meira Kumar)ལགས་གཉིས་འགྲན་བསྡུར་བྱས་ཏེ། ཁ་སང་ཕྱི་ཚེས་ ༢༠ ཉིན་སྐུ་ཞབས་ཀོ་ཝེན་ཌ་ལགས་ལ་འོས་གྲངས་ ༢༩༣༠ དང་ལྕམ་མཱེ་ར་ཁུ་མར་ལགས་ལ་འོས་གྲངས་ ༡༨༤༤ བཅས་ཐོབ་སྟེ། སྐུ་ཞབས་ཀོ་ཝེན་ཌ་ལགས་རྒྱ་གར་ལོ་རྒྱུས་ཐོག་གི་རིགས་རུས་དམན་པའི་སྲིད་འཛིན་ཐེངས་གཉིས་པ་དེ་ཆགས་ཡོད་འདུག
སྐུ་ཞབས་ཀོ་ཝེན་ཌ་ལགས་ད་ལྟ་རང་ལོ་ ༧༡ ཡིན་པ་དང་། ༢༠༡༥ ནས་ ༢༠༡༧ ལོའི་བར་རྒྱ་གར་ཤར་རྒྱུད་བྷེ་ཧར་ (Bihar) མངའ་སྡེའི་སྤྱི་ཁྱབ་གནང་ཡོད་པ་དང་། ཁོང་རྒྱ་གར་བྱང་རྒྱུད་ཀྱི་ཨོ་ཊར་ (Uttar) མངའ་སྡེའི་ཀན་པུར་ཌི་ཧ་ཊི་ (Kanpur Dehat) རྫོང་གི་པཱ་ར་ཨག་ཞེས་པའི་གྲོང་གསེབ་ནས་ཡིན་འདུག ཁོང་ནི་རྒྱ་གར་གྱི་ཌ་ལེ་ཊ་ (Dalit) ཞེས་པའི་རིགས་རུས་དམན་པར་རྩི་བའི་སྐྱེས་ཁོངས་སུ་གཏོགས་ཤིང་། ཐེངས་འདིའི་སྲིད་འཛིན་འོས་འདེམས་ཁྲོད་རྒྱ་གར་སྲིད་བློན་མཱོ་ཌེ་མཆོག་དང་། རྒྱ་གར་གྱི་རིགས་རུས་དམན་པའི་མི་མང་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་ཁོང་ལ་རྒྱལ་ཁ་ཐོབ་པ་ཞིག་ཡིན་འདུག
ཁོང་ནི་ ༡༩༩༧ ནས་ ༢༠༠༢ ལོའི་བར་གྱི་རྒྱ་གར་སྲིད་འཛིན་ན་ར་ཡ་ནན་ (Narayanan) རྗེས་ཀྱི་རྒྱ་གར་གྱི་རིགས་རུས་དམན་པའི་སྲིད་འཛིན་ཐེངས་གཉིས་པ་དེ་ཆགས་ཡོད་པ་དང་། རྒྱ་གར་ཀྱི་ཌ་ལེ་ཊ་མི་མང་ནི་རིགས་དམན་པར་བརྩིས་ཏེ། ཐ་ན་ཁོང་ཚོར་ལག་པའང་འཆིང་མི་རུང་བའི་སྲོལ་རྒྱུན་གྱི་ལྟ་བ་ད་དུང་རྒྱུན་འཛིན་བྱེད་བཞིན་ཡོད་འདུག
རྒྱ་གར་གྱི་ཆབ་སྲིད་དབྱེ་ཞིབ་པ་ཚོས། སྐུ་ཞབས་ཀོ་ཝེན་ཌ་ལགས་ལ་སྲིད་འཛིན་རྒྱལ་ཁ་ཐོབ་པ་དེས། ད་ལྟའི་རྒྱ་གར་གྱི་སྲིད་བློན་ལས་ཐོག་སྐུ་ཞབས་མཱོ་ཌེ་ཡི་སྲིད་དབང་ཐད་ལ་ནུས་པ་ཆེན་པོ་འཐོན་རྒྱུ་ཡིན་པར་ཚོད་དཔག་བྱེད་ཀྱིན་ཡོད་འདུག
རྒྱལ་ས་ལྡི་ལིར་སྡོད་པའི་རང་དབང་སྲིད་དོན་པ་སྐུ་ཞབས་མཱེ་སཱ་ར་ (Satish Misra) ཡིས། “ སྲིད་འཛིན་ལས་ཁུངས་ཀྱི་དཔོན་རིགས་གཞན་པ་ཚོས་སྲིད་བློན་མཱེ་ཌེ་ལ་སྲིད་དོན་ཐད་ནས་དོགས་འདྲི་མང་པོ་བྱེད་ཀྱི་ཡོད་སྟབས། མཱོ་ཌེ་ནི་སྲིད་འཛིན་ལས་ཁུངས་ཀྱི་དཔོན་རིགས་ཚོར་དགའ་བོ་ཡོད་པ་མ་རེད། དེར་བརྟེན། སྲོད་བློན་མཱོ་ཌེ་ཡིས་ཀོ་ཝེན་ཌ་ལགས་སྲིད་འཛིན་འོས་མིར་བདམས་པ་རེད” ཅེས་དང་། “ད་ལྟའི་བར་རིགས་དམན་པ་ཌ་ལེ་ཊ་མི་མང་གིས། གཞུང་འཛིན་བྷེ་ཇེ་ཕེ་ཆབ་སྲིད་ཚོགས་པའི་འོས་མིར་རྒྱབ་སྐྱོར་བྱས་མྱོང་མེད་པ་དང་། རྒྱ་གར་གྱི་སྲིད་འཛིན་འོས་བསྡུའི་མི་འབོར་ཁྲོད། རིགས་དམན་ཌ་ལེ་ཊ་མི་མང་བརྒྱ་ཆ་ ༢༠ ཙམ་མ་གཏོགས་ཟིན་ཡོད་པ་མ་རེད” ཅེས་ཟེར།
རྒྱ་གར་གྱི་སྲིད་འཛིན་དེ་ཨ་རི་དང་ཡུ་རོབ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་མི་འདྲ་བར། རྒྱ་གར་སྲིད་འཛིན་ལ་སྲིད་དོན་ཐག་གཅོད་ཀྱི་དབང་ཆ་མེད། ཆབ་སྲིད་གནད་དོན་དང་རྒྱལ་ཁབ་ཀྱི་ལས་དོན་གལ་ཆེན་རིགས་སྲིད་བློན་གཙོས་པའི་བློན་ཆེན་ལྷན་ཚོགས་ཀྱིས་ཐག་གཅོད་བྱེད་བཞིན་ཡོད། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་སྐུ་ཞབས་ཀོ་ཝེན་ཌ་ཡིས་སྲིད་འཛིན་དམ་འབུལ་ཞུ་རྒྱུ་ཡིན་འདུག
ཁ་སང་བོད་མིའི་སྐྱབས་མགོན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། རྒྱ་གར་བྷེ་ཧར་མངའ་སྡེའི་བློན་ཆེན་སྐུ་ཞབས་ཀོ་ཝེན་ཌ་ (Ram Nath Kovind) ལགས་ལ་སྐབས་ ༡༤ བའི་རྒྱ་གར་སྲིད་འཛིན་འོས་བསྡུའི་རྒྱལ་ཁབ་ཐོབ་པར་མར་ཡུལ་ལ་དྭགས་ནས་མཚམས་འདྲིའི་གསུང་འཕྲིན་བསྩལ་འདུག
མཚམས་འདྲིའི་གསུང་འཕྲིན་ནང་། “འདི་ལོ་ནི་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༥༨ འཁོར་བཞིན་ཡོད། རྒྱ་གར་ནང་དུ་བོད་མི་བཙན་བྱོལ་བ་ ༡༣༠༠༠༠ མུ་མཐུད་གནས་བཞིན་པ་རྣམས་ལ་རྒྱ་གར་གཞུང་མང་གཉིས་ཀྱིས་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་དང་གནང་བཞིན་པ་དེར་ང་ཚོས་དུས་རྟག་ཏུ་བཀའ་དྲིན་སྙིང་བཅང་ཞུ་རྒྱུ་ཡིན། ངོས་རང་རྒྱ་གར་གྱི་བུ་ཞིག་ཡིན། ཞེས་ཡང་ཡང་བརྗོད་བཞིན་ཡོད། གང་ཡིན་བརྗོད་ན་ལོ་རྒྱུས་སུ་གྲགས་ཆེ་བའི་དཔལ་དཔལ་ནཱ་ལེན་ཊའི་གཙུག་ལག་སློབ་གཉེར་ཁང་གི་མཁས་པ་སློབ་དཔོན་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་ལྟ་བུས་མཛད་པའི་ནང་པའི་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་བྱས་པ་དེས་ངོས་ཀྱི་བསམ་བློ་གཏོང་སྟངས་ལ་ཤུགས་རྐྱེན་ཧ་ཅང་ཐེབས་ཡོད། ངོས་ཀྱི་ལུས་པོར་མཚོན་ནའང་བཙན་བྱོལ་དུ་འབྱོར་བ་ནས་བཟུང་རྒྱ་གར་གྱི་འབྲས་དང་སྲན་མ། བག་ལེབ་བཅས་ལ་བརྟེན་ནས་འཚོ་བ་ཞིག་ཡིན། དེར་བརྟེན་ཡུལ་འཁོར་ཆེན་པོ་འདི་ལ་རང་བཞིན་གྱིས་སེམས་ཐག་ཉེ་པོ་ཙམ་མ་ཟད། དུས་རྟག་ཏུ་རྒྱ་གར་གྱི་བདེ་དོན་ཐོག་སེམས་ཁུར་སྐྱེ་བཞིན་འདུག” “དེང་སྐབས་འཛམ་གླིང་ནང་ཉིན་རེ་བཞིན་ཕན་ཚུན་གཅིག་གིས་གཅིག་ལ་ཧ་ཅང་བརྟེན་ནས་འཚོ་སྡོད་བྱེད་དགོས་པའི་དུས་སྐབས་འདིར། རྒྱ་གར་གྱིས་སྲོལ་རྒྱུན་གཅེས་ནོར་དེ་དག་རྒྱུན་འཛིན་ཐུབ་པའི་ཐོག་ནས་གླིང་ཆེན་ཡོངས་ཀྱི་སྣེ་ཁྲིད་དེ་ཀུན་ལ་ཕན་པའི་རླབས་ཆེན་གྱི་བྱས་རྗེས་འཇོག་ཐུབ་པའི་རེ་བ་ཞུ་བཞིན་ཡོད།” ཅེས་འཁོད་འདུག
གསུང་འཕྲིན་གྱི་མཇུག་ཏུ། “སྐུ་ཉིད་མཆོག་གིས་ད་བར་སྲི་ཞུའི་ལས་ཡུན་རིང་མི་མང་གི་བདེ་སྡུག་སྤྱི་དང་ལྷག་པར་མགོན་མེད་ཉམ་ཐག་རྣམས་ཀྱི་སླད་ཞབས་འདེགས་རྒྱ་ཆེ་བསྒྲུབས་ཡོད། སྤྱིར་རྒྱ་གར་ནང་ཡར་རྒྱས་ཧ་ཅང་ཕྱིན་ཡོད། ད་དུང་ཟས་བཅུད་དང་ཤེས་ཡོན། བྱིས་པ་སྲུང་སྐྱོབ། དེ་བཞིན་དབུལ་ཕྱུག་བར་ཁྱད་ཉུང་དུ་གཏོང་རྒྱུ། ལྐོག་ཟ་རུལ་སུངས་བཅས་ལ་གདོང་ལེན་གནང་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། གནད་དོན་དེ་དག་ཐོག་ངོས་ཀྱི་དེ་སྔ་ཡང་རྒྱ་གར་དབུ་ཁྲིད་ཚོ་དང་ལྷན་གླེང་སློང་བྱས་མྱོང་ཡོད། གང་ཡིན་བརྗོད་ན་སྤྱི་པའི་བདེ་སྡུག་ལ་བསམ་བློ་བཏང་ནས་གནད་དོན་དེ་དག་འཛེམ་ཟོན་མེད་པར་ཐད་ཀར་གདོང་དང་གདོང་གཏུག་ནས་གདོང་ལེན་བྱ་དགོས་པ་ཞིག་ཆགས་ཡོད་པ་མ་ཟད། རྒྱ་གར་ཡར་རྒྱས་འགྲོ་ཐུབ་རྒྱུར་ཡང་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད། རྒྱ་གར་ལ་འཛམ་གླིང་སྣེ་ཁྲིད་ཐུབ་པའི་ནུས་པ་ཡོད་ལ་འོས་ཤིང་འཚམས་པ་ཞིག་ཀྱང་ཡིན། དེར་བརྟེན་སྐུ་ཉིད་མཆོག་གིས་ནུས་པ་དེ་དག་གཅིག་ཏུ་སྒྲིལ་ཐབས་ཆེད་འབད་བརྩོན་གང་ཡོང་གནང་རྒྱུ་ཡིན་པ་གདོན་མི་ཟ” ཞེས་གསུངས་ཡོད་འདུག
གསར་འགོད་པ། པདྨ་རྒྱལ་བསྡུ་སྒྱུར་བྱས།