ཧོང་ཀོང་མི་མང་ལ་རྒྱ་ནག་གི་མི་སེར་ལག་འཁྱེར་བཟོ་དགོས་ཟེར།

ཁ་སང་ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། པེ་ཅིན་མཐུན་ཕྱོགས་སྐུ་ཞབས་ཝོ་ཁུ་ཧེམ་(Kwok-Him)ལགས་ཀྱིས་ཧོང་ཀོང་སྤྱི་ཁྱབ་ལྕམ་ཀེར་ལཱམ་ལ་ལམ་སྟོན་བྱས་ཏེ། ཧོང་ཀོང་མི་མང་ལ་རྒྱ་ནག་གི་མི་སེར་ལག་འཁྱེར་བཟོ་དགོས་པའི་གྲོས་འཆར་བཏོན་ཡོད་འདུག

ཝོ་ཁུ་ཧེམ་ནི་ཧོང་ཀོང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་མི་དང་ཧོང་ཀོང་སྤྱི་ཁྱབ་ལྷན་ཚོགས་ཀྱི་ཚོགས་མི་བཅས་ཡིན་སྟབས། ཟླ་འདིའི་ཚེས་ ༡༨ ཉིན་ཧོང་ཀོང་སྤྱི་ཁྱབ་ལྕམ་ཀེར་ལཱམ་དང་ཐུག་འཕྲད་བྱས་ཏེ་འབྱུང་འགྱུར་ཕྱི་ཟླ་ ༡༠ པར་ཧོང་ཀོང་ནང་ལག་བསྟར་བྱེད་འཆར་ཡོད་པའི་ཁྲིམས་གཞི་ཁག་ཅིག་གི་ཐོག་ལམ་སྟོན་བྱས་ཡོད་པ་དང་། སྐབས་དེར་ཁོས་ “ང་ཚོ་རྒྱ་ནག་གི་མི་སེར་ཡིན་སྟབས། ཕྱིར་རང་ཡུལ་དུ་ལོག་ཆེད་རྒྱ་ནག་གི་མི་སེར་ལག་འཁྱེར་ཞུ་དགོས་པ་གལ་ཆེན་ཡིན་”ཞེས་བརྗོད་འདུག

ཝོ་ཁུ་ཧེམ་གྱིས་ “ཧོང་ཀོང་བ་ཚོས་ད་ལྟའི་ས་གནས་ཀྱི་ལག་འཁྱེར་ཙམ་བཟོས་ཏེ་སྡོད་པ་ལས་རྒྱ་ནག་གི་མི་སེར་ལག་འཁྱེར་བཟོ་རྒྱུ་གལ་ཆེན་ཡིན། རྒྱུ་མཚན་ནི་ང་ཚོ་རྒྱ་ནག་གི་མི་སེར་ཡིན། རྒྱ་ནག་མི་མང་ལ་སོ་སོའི་མི་སེར་ལག་འཁྱེར་ཡོད་ན། ཧོང་ཀོང་བ་ཚོར་ཅིའི་ཕྱིར་རང་གི་རྒྱལ་ཁབ་ཀྱི་མི་སེར་ལག་འཁྱེར་མེད་པ་རེད་” ཅེས་བརྗོད་ཡོད་འདུག

ཝོ་ཁུ་ཧེམ་གྱིས་ “རྒྱ་ནག་ནང་ཧོང་ཀོང་བ་ཚོས་འཕྲུལ་ཆས་བརྒྱུད་དེ་མེ་འཁོར་འཛིན་བྱང་ཉོ་མི་ཐུབ། དེའི་རྒྱུ་མཚན་ནི། རྒྱ་ནག་གི་འཕྲུལ་ཆས་དེ་དག་གིས་ཧོང་ཀོང་མི་སེར་ལག་འཁྱེར་ངོས་ལེན་མི་བྱེད་སྟབས། ད་ལྟ་རྒྱ་ནག་ནང་ཕྱི་སྐྱོད་ཚུད་པའི་ལས་ཀ་མང་པོ་ཞིག་ལ་རྒྱ་ནག་གི་མི་སེར་ལག་འཁྱེར་དགོས་གལ་ཆེན་པོ་ཡིན་”ཞེས་བརྗོད་ཡོད་ཀྱང་། ཁོས་ “ཧོང་ཀོང་མི་མང་གིས་རྒྱ་ནག་མི་སེར་ལག་འཁྱེར་བཟོ་འདོད་ཡོད་མེད་ལ་རང་ཉིད་ཀྱིས་འདམ་ག་བྱེད་ཆོག་པ་ལས་བཙན་བཀའ་གཏོང་གི་མེད་”ཅེས་སོགས་བརྗོད་ཡོད།

ཁོས་ད་དུང་“ཧོང་ཀོང་དང་ཧྲིན་ཀྲུག རྒྱ་ནག་གི་གྲོང་ཁྱེར་ཀྲུག་ཧཱེ་(Zhuhai)བཅས་ཀྱི་བར་ཟམ་པ་རིང་ཤོས་དེ་ལེགས་འགྲུབ་འབྱུང་ལ་ཉེ་སྟབས། ང་ཚོས་ཟམ་པ་དེ་བེད་སྤྱོད་ཡག་པོ་བཏང་སྟེ་ཀུང་ཀྲུག་དང་ཧྲིན་ཀྲུག་ནང་ཡོད་པའི་ཧོང་ཀོང་གི་མི་སེར་རྣམས་ཟམ་པ་དེ་བརྒྱུད་དེ། ཧོང་ཀོང་ལ་མགྱོགས་འགྲོའི་མེ་འཁོར་ལས་སྐྱེལ་འདྲེན་བྱེད་དགོས་པ་མ་ཟད། སྲིད་གཞུང་གིས་མི་སེར་དེ་དག་གི་ཆེད་དུ་ཧོང་ཀོང་ནང་རྒན་གསོ་ཁང་དང་གླིང་ག དེ་བཞིན། སྨན་ཁང་སོགས་གསར་རྒྱག་བྱེད་དགོས” ཞེས་བརྗོད་ཡོད།

ཝོ་ཁུ་ཧེམ་གྱིས་ཧོང་ཀོང་སྲིད་གཞུང་གིས་ན་གཞོན་ཚོར་རྒྱལ་ཞེན་སློབ་གསོ་སྤྲད་དེ། ཧོང་ཀོང་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་ལོ་ངོ་ ༢༠ འཁོར་ཟིན་ཡང་། ད་ལྟ་ད་དུང་རང་གི་རྒྱལ་ཁབ་ངོས་ཟིན་གྱི་མེད་པའི་དཀའ་ངལ་ཞིག་ཡོད་པ་དེ་སེལ་ཐབས་བྱེད་དགོས་ཅེས་བརྗོད་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༠༧/༢༡

Leave a Reply

One thought on “ཧོང་ཀོང་མི་མང་ལ་རྒྱ་ནག་གི་མི་སེར་ལག་འཁྱེར་བཟོ་དགོས་ཟེར།

  1. གཞུང་པ་ཚེ་དབང་བསོད་ནམས་

    ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲད་ནས་མི་ལོ་བཅུ་ཕྲག་གཉིས་རྫོགས་པའི་སྐབས་འདིར་ཧོང་ཀོང་མི་མང་ལ་རྒྱ་ནག་གི་མི་སེར་ལག་ཁྱེར་མེད་པ་དེ་ཆབ་སྲིད་མི་སྣའི་གཞི་རིམ་ཧོང་ཀོང་མི་མང་གི་འཚོ་བ་ལ་འགན་སྲུང་མ་ཐུབ་པ་གསལ་པོ་མ་རེད་དམ་?