ཕྲུ་གུ་དབང་པོ་སྐྱོན་ཅན་གྱི་འཇིཊ་སུ་རུང་བའི་ལས་དབང་།

བྱང་ཀོ་རི་ཡའི་ནང་དབང་པོ་སྐྱོན་ཅན་གྱི་ཕྲུ་གུ་སྐྱེས་མ་ཐག་ཕ་མས་གསོད་པའམ་ཡང་ན་སྲིད་གཞུང་གིས་གསང་བའི་སྨན་ཁང་ཞིག་ཏུ་འཁྱེར་ཕྱིན་ཏེ་ཚོད་ལྟ་བྱེད་སྤྱད་དུ་བེད་སྤྱོད་གཏོང་བཞིན་ཡོད་འདུག

དེ་རིང་ཏ་ཇི་ཡན་རྒྱ་ཡིག་དྲ་བའི་ཐོག་གནས་ཚུལ་ཐོན་པ་ལྟར་ན། བྱང་ཀོ་རི་ཡའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རྟོག་ཞིབ་ལྟེ་གནས་(Database Centre for North Korean Human Rights,NKDB)ཀྱིས། བྱང་ཀོ་རི་ཡ་ནས་ཕྱི་རྒྱལ་དུ་བྲོས་བྱོལ་ཕྱིན་པའི་མི་ ༡༠༠ ལ་ཆེད་དམིགས་བཅར་འདྲི་བྱས་ཏེ་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་། བྱང་ཀོ་རི་ཡའི་ནང་སྐྱེས་པའི་དབང་པོ་སྐྱོན་ཅན་གྱི་ཕྲུ་གུ་མང་ཆེ་བ་ཞིག་སྲིད་གཞུང་གིས་བཙན་འཕྲོག་བྱས་ཏེ། ༼གྱ་གསུམ་སྨན་ཁང༽ཞེས་པའི་གསང་བའི་སྨན་ཁང་ཞིག་ཏུ་འཁྱེར་ཕྱིན་ཏེ་ཚོད་ལྟའི་དངོས་པོ་ཞིག་ཏུ་བེད་སྤྱོད་གཏོང་བཞིན་ཡོད་སྐོར་བསྒྲགས་འདུག

ཆེད་དམིགས་བཅར་འདྲི་བྱེད་སའི་མི་ཞིག་གིས། ཕྱི་ལོ་ ༢༠༡༢ ལོར་བྱང་ཀོ་རི་ཡའི་སྨན་ཁང་ཞིག་གི་ལས་མིར་བུ་མཚེ་མ་ཞིག་སྐྱེས་ཡོད་པ་དང་། བུ་གཉིས་སྐྱེས་དུས་ནས་ངོ་གདོང་རྒྱུན་ལྡན་མིན་པ་དང་། ཕ་མ་གཉིས་ལ་ཕྲུ་གུ་གཉིས་གསོ་སྐྱོང་བྱེད་པའི་རེ་འདོད་ཡོད་ཀྱང་། མཐའ་མར་ཕྲུ་གུ་གཉིས་མིའི་ལུས་ཁམས་ཚོད་ལྟ་ཁང་ཞིག་ཏུ་བསྐྱལ་ཡོད་སྐོར་བརྗོད་ཡོད་པ་རེད།

གནས་ཚུལ་དེའི་ནང་བརྗོད་པ་ལྟར་ན། དབང་པོ་སྐྱོན་ཅན་ཡིན་པའི་ཕྲུ་གུ་རྣམས་སྐྱེས་མ་ཐག་སྤྱི་བཏང་གི་ཚོད་ལྟ་ཁང་དང་། ཡང་ན་གྱ་གསུམ་སྨན་ཁང་ཟེར་བའི་གསང་བའི་སྨན་ཁང་དེའི་ནང་འཁྱེར་ཕྱིན་ཏེ་ཚོད་ལྟ་རུ་བེད་སྤྱོད་གཏོང་བཞིན་ཡོད་པ་དང་། གྱ་གསུམ་སྨན་ཁང་ཞེས་པ་དེ་ནི་མི་ལུས་འདྲ་མིན་ལ་ཆེད་དུ་ཚོད་ལྟ་བྱེད་ས་ཞིག་ཡིན་ཞིང་། གྱ་གསུམ་སྨན་ཁང་ཟེར་བའི་མིང་དེ་བྱང་ཀོ་རི་ཡའི་མི་མང་ཆེ་བས་གོ་ཐོས་བྱུང་ཡོད་ཀྱང་། ས་གནས་གང་ཞིག་ཏུ་ཡོད་མེད་སུ་གཅིག་གིས་ཀྱང་ཤེས་ཀྱི་མེད་པ་རེད།

ཡང་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ལྟེ་གནས་དེས། བྱང་ཀོ་རི་ཡའི་ནང་དབང་པོ་སྐྱོན་ཅན་གྱི་ཕྲུ་གུ་སྐྱེས་ན་ཕ་མས་གསོད་པ་དེའང་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཏུ་གྱུར་ཡོད་པ་དང་། ཕ་མ་ཚོས་རང་གི་བྱིས་པ་གསོད་ཀྱི་ཡོད་པའི་ཡ་ང་བའི་གནས་ཚུལ་དེའི་འབྱུང་རྩ་ནི། དྲག་པོའི་དབང་ཆ་གཅིག་སྡུད་པ་ཁེམ་ཇོང་ཨན་གཞུང་གིས་འཛམ་གླིང་མི་མང་ལ་བྱང་ཀོ་རི་ཡ་མཐོང་དུ་འཇུག་འདོད་མེད་པ་དང་། ལྷག་པར་དུ་རྒྱལ་ས་ཕིང་ཡཱང་ (Pyongyang) ཁུལ་ནས་དབང་པོ་སྐྱོན་ཅན་མཐོང་དུ་འཇུག་འདོད་མེད་པའི་རྐྱེན་གྱིས་ཡིན་སྐོར་དང་། ཁེམ་ཇོང་ཨན་གྱི་དྲག་པོའི་དབང་བསྒྱུར་འོག་དབང་པོ་སྐྱོན་ཅན་རྣམས་ལ་འཚོ་གནས་ཀྱི་གོ་སྐབས་ཧ་ལམ་ཡོད་མི་སྲིད་པ་དང་། ཁོང་ཚོ་སྐྱེས་མ་ཐག་ནས་གསོད་པའམ་ཡང་ན་གསང་བའི་སྨན་ཁང་དུ་འཁྱེར་ཕྱིན་ནས་འཇིག་རྟེན་གྱི་འཚོ་བ་དང་ཁ་བྲལ་ཤིང་། ཉིན་མོའི་འོད་སྣང་མཐོང་དུ་མེད་པར་གསོ་རིག་གི་ཚོད་ལྟའི་དངོས་པོ་ཞིག་ཏུ་འགྱུར་གྱི་ཡོད་སྐོར་བསྒྲགས་འདུག

ཕྱི་ལོ་ ༢༠༠༩ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡའི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ཞིབ་འཇུག་སྙན་ཐོ་བཏོན་པ་དང་སྦྲགས། བྱང་ཀོ་རི་ཡའི་རྩ་ཁྲིམས་དོན་ཚན་ ༡༦༧ པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལེགས་བཅོས་དགོས་པའི་རེ་འདུན་བཏོན་ཡོད་ཀྱང་། བྱང་ཀོ་རི་ཡའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ལྟེ་གནས་དེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ་དང་རེ་འདུན་གྱིས་རྒྱལ་ཁབ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ལེགས་བཅོས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་མེད་སྐོར་བརྗོད་ཡོད་པ་རེད།

ཡང་ཕྱི་ལོ་ ༢༠༠༤ ལོར་མཉམ་འབྲེལ་རྒྱལ་ནས་བྱང་ཀོ་རི་ཡའི་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་དམིགས་བསལ་རྟོག་ཞིབ་པ་ཞིག་ཆེད་གཏོང་བྱ་རྒྱུ་གཏན་འབེབས་བྱུང་ཡོད་ཀྱང་། བྱང་ཀོ་རི་ཡ་གཞུང་གིས་རྒྱལ་ནང་དུ་རྟོག་ཞིབ་མི་སྣ་འཛུལ་བར་ཆོག་མཆན་སྤྲད་མེད་པ་རེད། འདི་ལོའི་ཕྱི་ཟླ་ ༥ པའི་ནང་ཐོག་དང་པོར་ཆོག་མཆན་ཐོབ་ཏེ་ཟླ་དེའི་ཚེས་ ༣ ནས་ ༨ བར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དབང་པོ་སྐྱོན་ཅན་རྟོག་ཞིབ་ཆེད་གཏོང་མི་སྣ་ལྕམ་ཨཱ་ཆི་ནཱ་ལགས་བྱང་ཀོ་རི་ཡའི་ནང་དངོས་སུ་ཕེབས་ཏེ། ཡུལ་དེའི་དབང་པོ་སྐྱོན་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་ཞིབ་འཇུག་གནང་ཡོད་འདུག

ཕྱི་ལོ་ ༢༠༡༤ ལོར་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་གནོད་འཚེ་ཐེབས་མཁན་དང་དཔང་མི་བཅས་ཀྱི་སྐད་ཆ་གཞིར་བཞག་གིས་སྙན་ཐོ་ཞིག་བཏོན་ཏེ། བྱང་ཀོ་རི་ཡ་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་བྱུས་འོག་ཉེས་མེད་མི་མང་དམར་གསོད་དང་བྲན་གཡོག་ཏུ་བཀོལ་བ། བཀག་སྡོམ་མནར་གཅོད་གཏོང་བ། བཙན་གཡེམ་དང་བཙན་དབང་མངལ་འདེད་སོགས་ཀྱི་གནད་དོན་རིགས་ཐེར་འདོན་བྱས་ཡོད་པ་དང་བསྟུན། རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་ཁག་ནས་གྲོས་ཆོད་ཅིག་བཞག་སྟེ། བྱང་ཀོ་རི་ཡའི་མགོ་འཁྲིད་ཁེམ་ཇོང་ཨན་དང་མཐོ་རིམ་མགོ་འཁྲིད་ཚོའི་འགྲོ་བ་མིའི་རིགས་དམར་གསོད་མནར་གཅོད་ཀྱི་ནག་ཉེས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་དུ་ཞུ་གཏུག་བྱས་ཏེ་ཁྲིམས་བཤེར་བྱེད་དུ་འཇུག་དགོས་པའི་སྐུལ་མ་བྱས་ཡོད་ཀྱང་། བྱང་ཀོ་རི་ཡ་གཞུང་ནས་ཞིབ་འཇུག་གི་གྲུབ་དོན་དེར་དགག་པ་ཤུགས་ཆེན་བརྒྱབ་པ་མ་ཟད། བྱང་ཀོ་རི་ཡའི་མཐུན་གྲོགས་རྒྱལ་ཁབ་རྒྱ་ནག་དང་ཨུ་རུ་སུས་ཐོག་མཐའ་བར་གསུམ་དུ་བྱང་ཀོ་རི་ཡའི་མགོ་འཁྲིད་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་དུ་སྐྱེལ་རྒྱུར་བཀག་འགོག་བྱེད་བཞིན་ཡོད་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༧/༢༡

Leave a Reply

One thought on “ཕྲུ་གུ་དབང་པོ་སྐྱོན་ཅན་གྱི་འཇིཊ་སུ་རུང་བའི་ལས་དབང་།