སློབ་ཕྲུག་བུ་མོ་ཞིག་ལ་བཙན་གཡེམ་བཏང་པའི་གནད་དོན་ཇེ་ཆེར་སོང་།

སིམ་ལ་ཉེ་འཁྲིས་ཤིག་གི་སློབ་གྲྭའི་བུ་མོ་ཞིག་ལ་མི་གཞན་གྱིས་བཙན་གཡེམ་བྱས་རྗེས་བསད་ཡོད་པའི་གནས་ཚུལ་བྱུང་སྟེ་ཧི་མཱ་ཅཱལ་མངའ་སྡེའི་ཕྱོགས་གང་ས་ནས་ས་གནས་གཞུང་ལ་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་ཡོད་འདུག

རྒྱ་གར་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཀུ་ཤུའི་ཤིང་འབྲས་སྨིན་ཏེ་ཁྲོམ་རྭར་བསླེབ་ལ་ཉེ་བའི་སྐབས་འདིར། རྒྱ་གར་ཀུ་ཤུའི་འབྱུང་ཁུངས་གཙོ་བོ་སིམ་ལ་རྫོང་གི་ཉེ་འགྲམ་དུ་ཡོད་པའི་ས་གནས་ཏཱི་སཱིལ་ཀཱོཏ་ཁཱ་ཧེ་(Tehsil Kotkhai)ཞེས་པར་སློབ་གྲྭའི་བུ་མོ་ཞིག་ལ་མི་ངན་ཞིག་གིས་བཙན་གཡེམ་བྱས་རྗེས་དམར་གསོད་བཏང་བའི་གནས་ཚུལ་བྱུང་ཡོད་པ་དང་། དེར་མི་མང་གིས་ངོ་རྒོལ་ཤུགས་ཆེན་པོ་བྱེད་བཞིན་ཡོད་པ་དེས་གནས་སྐབས་རིང་ཀུ་ཤུའི་ཚོང་ལས་ལ་འགོག་རྐྱེན་ཐེབས་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད།

ཟླ་འདིའི་ཕྱི་ཚེས་ ༤ ཉིན་འཛིན་རིམ་ ༡༠ པར་སློབ་གཉེར་བྱེད་བཞིན་པའི་བུ་མོ་ཞིག་སློབ་གྲྭ་ནས་རང་ཁྱིམ་དུ་ལོག་མེད་པ་དང་། ཕྱི་ཚེས་ ༦ ཉིན་ཤིང་ནགས་ཁྲོད་དུ་སློབ་མ་དེའི་ཕུང་པོ་དམར་ཧྲེང་དུ་གཡུག་ཡོད་པ་རྙེད་སོན་བྱུང་འདུག

ཐོག་མར་བྱ་སྤྱོད་དེ་སྤེལ་མཁན་ངོ་རྟགས་ཆོད་མེད་ཀྱང་། ཡུལ་མི་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་དོགས་པ་ཡོད་པའི་མི་ཁ་ཤས་ཀྱི་པར་བཀྲམས་རྗེས། རྒྱ་གར་གྱི་དམིགས་བསལ་ཞིབ་དཔྱོད་ལྷན་ཚོགས་ནས་གནས་ཚུལ་དེ་དང་འབྲེལ་བའི་མི་ ༦ འཛིན་བཟུང་བྱས་ཡོད་པ་དང་། དེའི་ཁོངས་ནས་མི་གཉིས་བལ་ཡུལ་ནས་ཡིན་པ་དང་། མི་གཉིས་ཨུ་ཏར་ཁཱན་མངའ་སྡེ་(Uttarkhand)དང་། གཅིག་མཱན་ཌི་(Mandi)དང་། གཅིག་སིམ་ལ་(Shimla)རང་ནས་ཡིན་འདུག

སིམ་ལའི་བཙན་གཡེམ་དོན་རྐྱེན་དེར། ཧི་མཱ་ཅཱལ་མངའ་སྡེའི་ས་གནས་གང་སར་འདས་པོའི་ནང་མིར་གདུང་སེམས་མཉམ་སྐྱེད་དང་། ཉེས་ཅན་ལ་གང་མགྱོགས་ཁྲིམས་ཆད་ནན་པོ་གཏོང་དགོས་པའི་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། སིམ་ལ་རྫོང་དུ་སྣུམ་འཁོར་འགྲོ་འོང་བྱེད་པའི་གཞུང་ལམ་ཁག་ཀྱང་བཀག་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ཧི་མཱ་ཅཱལ་ནང་གི་ཚོགས་པ་སྐྱིད་སྡུག་མང་པོ་མཉམ་རུབ་ཐོག ནཱ་ཧཱན་(Nahan)ས་གནས་གཞུང་དང་སྐོར་སྲུང་བས་བཙན་གཡེམ་དོན་རྐྱེན་དེར་ལག་བསྟར་ཚུལ་བཞིན་བྱེད་ཀྱི་མི་འདུག་ཅེས་ངོ་རྒོལ་བྱས་ཡོད་པ་དང་། རྒྱ་གར་རྒྱལ་ཡོངས་བུད་མེད་དམངས་གཙོ་ཚོགས་པའི་ཚོགས་གཙོ་སཱན་ཊོཥ་ཀཱ་པུར་(Santosh Kapoor)ལགས་ཀྱིས་ས་གནས་གཞུང་དང་སྐོར་སྲུང་བས་བཙན་གཡེམ་གཏོང་མཁན་མི་ངན་དེ་དག་སྲུང་སྐྱོབ་བྱེད་ཀྱི་འདུག་ཅེས་སྐྱོན་བརྗོད་ཡོད། ཕྱི་ཚེས་ ༡༩ ཉིན་བྷི་ལཱས་པུར་(Bilaspur)ས་གནས་སུ་མི་མང་གིས་སླར་ཡར་ངོ་རྒོལ་ཤུགས་ཆེན་པོ་བྱས་ཏེ། སྐོར་སྲུང་བས་གནས་ཚུལ་ངོ་མ་སྦེད་ཐབས་དང་། གནད་དོན་ལ་ཞིབ་འཇུག་བྱེད་ཁུལ་གྱིས་དཔང་རྟགས་རྣམས་མེད་པ་བཟོ་ཐབས་བྱེད་བཞིན་འདུག་ཅེས་སྐྱོན་འཛུགས་བྱས་ཡོད།

སྐོར་སྲུང་བས་ཉེས་ཅན་དེ་དག་ཏཱི་སཱིལ་ཀཱོཏ་ཁཱ་ཧེ་ས་གནས་བཙོན་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་པ་དང་། ཕྱི་ཚེས་ ༡༩ ཉིན་གྱི་དགོང་མོར་ཉེས་ཅན་གཅིག་བཙོན་ཁང་དུ་གྲོངས་ཡོད་སྟབས། གནས་ཚུལ་སྔར་ལས་རྙོག་འཛིང་དང་ཛ་དྲག་ཆེ་རུ་ཕྱིན་ཡོད་འདུག

ཉེན་རྟོག་ཕྱོགས་ནས་བརྗོད་པ་ལྟར་ན། སློབ་གྲྭའི་བུ་མོ་དེར་བཙན་གཡེམ་བྱེད་མཁན་གཏེ་བོ་ནི་རཱ་ཇིན་དྷར་སིང་ཨ་ཀཱ་རཱ་ཇུ་(Rajender Singh Aka Raju)ཟེར་བ་དེ་ཡིན་པ་དང་། ཁོས་རང་གི་བཙོན་རོགས་བལ་ཡུལ་ནས་ཡིན་པ་ཉེས་ཅན་པ་སཱུ་རཇ་(Suraj)བསད་པ་ཡིན་འདུག རཱ་ཇིན་དྷར་སིང་ཟེར་བ་དེ་ད་ལྟ་རང་ལོ་ ༣༢ ཡིན་པ་དང་། ཁོ་བོ་ནི་མཱན་ཌིའི་རྫོང་གི་ཇན་ཇི་ལཱི་ (Janjheli)གྲོང་གསེབ་ནས་ཡིན་པ་དང་། ཕྱི་ཚེས་ ༤ ཉིན་ཁོ་བོས་སློབ་མ་དེར་བཙན་གཡེམ་བཏང་རྗེས་དམར་གསོད་བཏང་སྟེ་ནགས་ནང་དུ་གཡུག་པ་ཡིན་འདུག

རཱ་ཇན་དྷར་སིང་གིས་བཙོན་ཁང་དུ་རང་གི་བཙོན་རོགས་གསོད་སྐབས། སྐོར་སྲུང་བས་ཤེས་རྟོགས་མ་བྱུང་སྟབས་ཉེས་ཅན་སཱུ་རཇ་གྲོངས་ཡོད་པ་དེའི་སྐོར་དོགས་གཞི་དང་གླེང་རྙོག་ཆེ་རུ་འགྲོ་བཞིན་ཡོད་པ་དང་། སིམ་ལའི་སྐོར་སྲུང་མགོ་བས་གནད་དོན་དེ་མཚན་དགུང་ཞིག་ལ་བྱུང་འདུག་པ་དང་། རྗེས་སུ་སཱུ་རཇ་སྨན་ཁང་དུ་ཁྲིད་ཀྱང་སྨན་པས་ཁོ་བོ་སྔ་ས་ནས་གྲོངས་ཚར་ཡོད་ཚུལ་བརྗོད་འདུག

ཕྱི་ཚེས་ ༢༠ ཉིན་ཧི་མཱ་ཅཱལ་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་གིས་གནད་དོན་དེར་རྟོག་ཞིབ་ཆེད་རྒྱ་གར་གསང་བའི་ལས་ཁུངས་ལ་བརྟག་ཞིབ་འགན་དབང་སྤྲད་ཡོད་ཅིང་། ཉིན་དེར་གནད་དོན་དེར་ངོ་རྒོལ་དང་མ་དགའ་བའི་རྣམ་འགྱུར་མཚོན་ཕྱིར་སིམ་ལའི་ཚོང་ཁང་དང་ཟ་ཁང་ཡོངས་རྫོགས་སྒོ་བརྒྱབས་ཡོད་འདུག

མི་མང་གིས་མུ་མཐུད་དེ་གཞུང་དང་སྐོར་སྲུང་བར་ངོ་རྒོལ་བྱེད་བཞིན་ཡོད་འདུག་ལ། ཕྱི་ཚེས་ ༢༡ ཉིན་རྒྱ་གར་གཞུང་གིས་སིམ་ལ་རྫོང་གི་སྐོར་སྲུང་བའི་འགན་འཛིན་གནས་སྤོ་བྱེད་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༧/༢༤

Leave a Reply

3 thoughts on “སློབ་ཕྲུག་བུ་མོ་ཞིག་ལ་བཙན་གཡེམ་བཏང་པའི་གནད་དོན་ཇེ་ཆེར་སོང་།

  1. གཞུང་པ་ཚེ་དབང་བསོད་ནམས་

    མི་མང་གི་ངོ་རྒོལ་དེ་ནི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་བུད་མེད་ཀྱི་ཆེ་མཐོང་སོགས་ལ་འགན་འཁུར་ནས་ལས་འགུལ་སྤེལ་བར་ངོས་འཛིན་ཞུ་གི་ཡོད་ལ་གནས་ཚུལ་འདིའི་རིགས་ལ་གཞུང་མང་ཚང་མས་དོ་སྣང་དང་འགན་འཁུར་མ་བླང་ཚེ་ནམ་ཞིག་མི་གི་སྤྱི་ཚོགས་འདི་མང་གཙོ་ནས་གྲལ་རིམ་དམངས་གཙོ་ལ་ཁ་ཕྱོགས་ནས་གདོན་མའི་སྤྱི་ཚོགས་ལ་ཁ་མི་ཕྱོགས་པའི་ངེས་པ་མེད་ན་སྤྱི་ཚོགས་ཀྱི་བདེ་འཇག་ལ་འགན་ཡོད་མཁན་དང་སྤྱི་ཚོགས་ཀྱི་སྒྲིག་འཛུགས་ནང་མཉམ་སྡོད་བྱས་ནས་མི་ཚེ་སྐྱེལ་མཁན་ཚང་མས་རང་འགན་རང་གི་བཞེས་དགོས་པ་མ་ཡིན་ནམ་???