ནང་པའི་གྲྭ་པ་ཞིག་འཛིན་བཟུང་བྱས།

ཐའེ་ལན་ཌའི་ནང་པའི་གྲྭ་པ་ཞིག་གིས་ནར་མ་སོན་པའི་བྱིས་པར་བཙན་གཡེམ་ཆགས་སྤྱོད་སྤེལ་བ་དང་རྒྱུ་དངོས་ཕོན་ཆེན་ཧམ་ཟ་བྱས་པ་སོགས་ཀྱི་ནག་ཉེས་འོག་ཞིབ་བཤེར་བྱེད་བཞིན་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་ནང་བྲོས་བྱོལ་དུ་ཕྱིན་པའི་ཐའེ་ལན་ཌིའི་གྲྭ་པ་ཝིར་ཕོལ་སག་ཧྥོལ་(Wirapol Sukphol)ཟེར་བ་ཞིག་ཨ་རིའི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། ཟླ་འདིའི་ཚེས་ ༡༩ ཉིན་ཨ་རིའི་ཉེན་རྟོག་པ་དང་ཞིབ་བཤེར་མི་སྣས་ཁོ་ཐའེ་ཝན་ཌིའི་རྒྱལ་ས་བྷན་ཁོག་གི་རྒྱལ་སྤྱིའི་གནམ་ཐང་དུ་ཕྱིར་སློག་བཏང་ཡོད་པ་དང་། རྒྱལ་སྤྱིའི་གནམ་ཐང་དུ་བསླེབས་མ་ཐག་ཐའེ་ལན་ཌིའི་ཉེན་རྟོག་པས་ཁཽ་འཛིན་བཟུང་བྱས་ཡོད་འདུག ཝིར་ཕོལ་སག་ཧྥོལ་གྱིས་ནར་མ་སོན་པའི་བྱིས་པ་ཚོ་བཙན་འཁྲིད་ཆགས་སྤྱོད་སྤེལ་བ་དང་། དངུལ་དངོས་ཕོན་ཆེན་ཧམ་ལེན་བྱས་པ་སོགས་ཀྱི་ནག་ཉེས་རིགས་ལྔ་རྩི་ཡི་འདུག

ཝིར་ཕོལ་སག་ཧྥོལ་ནི་ཐའེ་ལན་ཌིའི་ནང་པའི་དགོན་པ་ཞིག་གི་གྲྭ་བ་ཡིན་ཞིང་། ཁོ་རང་སྔགས་ནུས་ཅན་གྱི་བླ་མ་ཞིག་གི་ཡང་སྤྲུལ་ཡིན་ལུགས་བརྗོད་དེ་མང་ཚོགས་ཀྱི་བརྩི་མཐོང་ལེགས་པོ་ཐོབ་ཀྱང་། ཕྱི་ལོ་ ༢༠༡༣ ལོར་ཁོ་རང་དང་གྲྭ་བ་གཞན་ཞིག་སྒེར་གྱི་གནམ་གྲུ་ཆུང་ཆུང་ཞིག་གི་ནང་བསྡད་དེ། ཤེལ་མིག་ནག་པོ་གྱོན་ཞིང་ལག་ཏུ་རིན་གོང་ཆེ་བའི་ཁུག་མ་(LOUIS VUITTON)བཟུང་ཡོད་པའི་བརྙན་པར་སྤྱི་ཚོགས་དྲ་ལམ་དུ་ཁྱབ་རྗེས། སྤྱི་ཚོགས་ནང་ནང་པའི་གྲྭ་བཙུན་ཚོར་ལབ་གླེང་དང་སྐྱོན་བརྗོད་ཤུགས་ཆེན་བྱུང་ཡོད་པ་མ་ཟད། ལོ་ངོ་ ༡༠ ཡར་སྔོན་དུ་་ཝིར་ཕོལ་སག་ཧྥོལ་གྱིས་རང་ལོ་ ༡༥ མ་ལོན་པའི་བུ་མོ་ཞིག་དང་ཚུལ་མིན་གྱི་འབྲེལ་བ་བཟུང་ཡོད་པ་མ་ཟད།  ནར་མ་སོན་པའི་བྱིས་པ་ཚོར་ཁོས་བསླུ་བྲིད་ཆགས་སྤྱོད་སྤེལ་གྱི་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། ཕྱིས་སུ་ཁོ་ཨ་རིའི་ནང་བྲོས་བྱོལ་དུ་ཕྱིན་ཡོད་འདུག

ཝིར་ཕོལ་སག་ཧྥོལ་གྱིས་ཚུལ་མིན་ཆགས་སྤྱོད་སྤེལ་ཡོད་པའི་གནས་ཚུལ་ཐོན་རྗེས། ཁོ་དགེ་འདུན་པའི་སྡེ་ནས་ཕྱིར་འཕུད་བཏང་ཡོད་པ་མ་ཟད། ཐའེ་ལན་ཌི་གཞུང་ནས་ཞིབ་བཤེར་བྱས་པ་བརྒྱུད་ཁོའི་མིང་ཐོག་ལ་དངུལ་ཁང་གི་བྱང་བུ་མི་འདྲ་བ་ ༤༡ ཡོད་པ་དང་། སྒེར་གྱི་རླངས་འཁོར་སོགས་ཁྱོན་ཨ་སྒོར་ཁྲི་ ༧༧ གྱི་དངུལ་དངོས་ཡོད་པ་རྩད་ཆོད་ཡོད་པར་བརྟེན། ཕྱི་ལོ་ ༢༠༡༦ ལོར་ཨ་རིའི་མངའ་སྡེ་ཁ་ལི་ཧྥོར་ནི་ཡ་ནས་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། ད་ལྟའི་བར་བཀག་ཉར་འོག་བཞག་སྟེ་འདྲི་རྩད་བྱས་ཡོད་ཀྱང་ཁོས་ནག་ཉེས་ངོས་ལེན་བྱས་མེད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ཨ་རིའི་ཉེན་རྟོག་པ་དང་ཞིབ་བཤེར་མི་སྣས་ལྟ་སྲུང་འོག་བྷན་ཁོག་གནམ་ཐང་དུ་འབྱོར་སྐབས། ཁོས་ད་དུང་ཐའེ་ལན་ཌིའི་ནང་པའི་ཆོས་གོས་སེར་པོ་དེ་གྱོན་ཞིང་། དགའ་སྤོབས་ཆེན་པོའི་རྣམ་འགྱུར་དང་བཅས་བསླེབས་ཡོད་པ་དང་། ཕྱིས་སུ་ཐའེ་ལན་ཌིའི་ཞིབ་བཤེར་མི་སྣས་འདྲི་རྩད་བྱེད་སྐབས་ཀྱི་འདྲ་པར་ཁག་གི་ནང་ཆོས་གོས་སེར་པོ་དེ་ཕུད་འདུག

ཁོའི་ཁྲིམས་རྩོད་པ་པཱ་ནུ་སུ་ཁན་ལི་(Phanu Sookwanli)ཡིས། ཝིར་ཕོལ་སག་ཧྥོལ་གྱི་གནད་དོན་དེ་ཐའེ་ལན་ཌིའི་ཉེས་དོན་ཁྲིམས་ཁང་གིས་རྩིས་ལེན་བྱས་ཏེ། ད་ལྟ་(Klong Prem Prison)བཙོན་ཁང་དུ་བཀག་ཉར་འོག་བཞག་ཡོད་ལུགས་དང་། མ་འོངས་པར་ཁོས་སོ་སོར་ནག་ཉེས་མེད་པ་དང་། གང་བྱས་པ་ཐམས་ཅད་དོན་དག་ཡག་པོ་དང་། མི་གཞན་དཀའ་སྡུག་ལས་གྲོལ་ཆེད་ཡིན་པ་ར་འཕྲོད་ཐུབ་པའི་ཡིད་ཆེས་ཡོད་སྐོར་བརྗོད་འདུག ཐའེ་ལན་ཌིའི་རྩ་ཁྲིམས་ལྟར་ན། རང་ལོ་ ༡༥ མ་ལོན་པའི་བྱིས་པར་བཙན་གཡེམ་ཆགས་སྤྱོད་སྤེལ་ཚེ། མང་ན་ལོ་ ༡༥ ཡི་བཙོན་འཇུག་ཁྲིམས་ཐག་གཅོད་ཀྱི་ཡོད་འདུག

ཐའེ་ལན་ཌིའི་ནང་ཆོས་ལུགས་འདྲ་མིན་གསུམ་ཙམ་ཡོད་པའི་ནང་ནས་ནང་ཆོས་ནི་ཁྱབ་ཆེ་ཤོས་དེ་ཡིན་ཞིང་། རྒྱལ་གཞུང་དང་ལྷག་པར་དུ་མཐའ་འཁོབ་ཁུལ་ནས་ནང་ཆོས་ལ་གུས་བརྩི་ཧ་ཅང་ཆེན་པོ་ཡོད་འདུག ཡིན་ནའང་། ཉེ་བའི་ལོ་ཤས་ནང་ཐའེ་ལན་ཌིའི་ནང་པའི་གྲྭ་བ་ཚོས་ཚུལ་མིན་གྱི་བྱ་སྤྱོད་སྤེལ་གྱི་ཡོད་པའི་བརྙན་ཐུང་དང་པར། རྒྱུ་དངོས་ཧམ་ལེན་བྱས་པའི་གནས་ཚུལ་སོགས་སྤྱི་ཚོགས་བརྒྱུད་ལམ་དུ་རིམ་པར་ཐོན་ཏེ་ལབ་གླེང་སྐྱོན་བརྗོད་རིགས་ཇེ་མང་དུ་འགྲོ་བཞིན་པ་དང་བསྟུན། ནང་པ་ཚོར་བརྩི་མཐོང་ཡང་ཇེ་ཞན་དུ་འགྲོ་བཞིན་ཡོད་ལུགས་བཤད།

བརྒྱུད་ལམ་དུ་སྤེལ་བའི་གནས་ཚུལ་ལྟར་ན། ཐའེ་ལན་ཌིའི་(WatDhammkaya)ཝཱ་ཌམ་ཁཱ་ཡཱ་ཞེས་པ་ནི་ནང་པའི་དགོན་པ་ཆེ་ཤོས་དེ་ཡིན་ཞིང་། ཉེ་བའི་ལོ་ཤས་ནང་དགོན་པ་དེའི་འབྲེལ་ཡོད་ཚོས་འབུལ་བ་སུའི་ཆེ་ན་དེ་ལ་མཉེས་པོ་བྱེད་པའི་བྱ་སྤྱོད་ཀྱིས་དད་ལྡན་མང་ཚོགས་ལ་བློ་ཕམ་བྱུང་ཡོད་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༦ ལོར་དགོན་པ་དེས་ཐའེ་ལན་ཌིའི་མཉམ་འབྲེལ་དངུལ་ཁང་གི་ལས་བྱེད་ཅིག་བརྒྱུད་དེ། གཞུང་དངུལ་ཐའེ་སྒོར་དུང་ཕྱུར་ ༡༢ ཧམ་ལེན་བྱས་ཡོད་ལུགས་ཀྱི་སྐད་ཆ་བྱུང་ཡོད་པ་དང་། དེ་མ་ཐག་སྲིད་གཞུང་གིས་བཀའ་ཁྱབ་བཏང་སྟེ་དམག་མི་ ༤༠༠༠ ལྷག་གིས་དགོན་པ་བསྐོར་ཏེ་ཞིབ་བཤེར་བྱས་ཡོད་པ་དང་། དགོན་པའི་ངོས་ནས་དངུལ་ཧམ་ལེན་བྱས་པའི་སྐད་ཆ་དེར་གཞི་རྩ་གང་ཡང་མེད་སྐོར་བརྗོད་དེ་ངོས་ལེན་བྱས་མེད་པ་རེད། དད་ལྡན་མང་ཚོགས་ཀྱི་བཀག་འགོག་འོག་ད་ལྟའི་བར་དགོན་པའི་མི་སྣ་སྲིད་གཞུང་གིས་འཛིན་བཟུང་བྱེད་ཐུབ་མེད་པ་རེད།

ཝཱ་ཌམ་ཁཱ་ཡཱ་ཞེས་པའི་ནང་པའི་དགོན་པ་དེ་ནི་རྒྱལ་ས་བྷན་ཁོག་གྲོང་ཁྱེར་གྱི་བྱང་ཕྱོགས་ནས་སྤྱི་ལེ་ ༢༠ ཙམ་གྱི་སར་ཆགས་ཡོད་པ་དང་། རྒྱལ་ཡོངས་ཀྱི་ནང་པའི་དགོན་པ་ཆེ་ཤོས་དང་ཕྱུག་ཤོས་དེ་ཡིན་ཞིང་། བླ་ཆེན་དགེ་འདུན་པ་ ༡༠༠༠ ལྷག་རྒྱུན་བཞུགས་གནང་གི་ཡོད་འདུག ཐའེ་ལན་ཌི་རྒྱལ་ཡོངས་ནང་དགོན་པ་དེའི་ཤུགས་ཆེན་པོ་ཡོད་པ་མ་ཟད། ཨ་རི་དང་ཧོང་ཀོང་། ཐའེ་ཝན་བཅས་ཀྱི་ནང་དུའང་ཡན་ལག་ལྟེ་གནས་ཁང་བཙུགས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༧/༢༤

Leave a Reply